༄༅།། ཁ་སང་ཕྱི་ཚེས་༡༤་ནས་ཨ་མི་རི་ཀ་རྒྱལ་ཡོངས་ཀྱི་སྨན་ཁང་ཁག་ཏུ་ཏོག་དབྱིབས་ནད་དུག་འགོག་བཅོས་ཀྱི་མདུན་སར་ཐོན་ཡོད་པའི་སྨན་པ་དང་སྨན་ཞབས་པ་སོགས་ལ་འགོག་ཁབ་རྒྱག་རྒྱུ་འགོ་ཚུགས། ཨ་མི་རི་ཀའི་ཧྥེ་ཛར་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་ཏོག་དབྱིབས་ནད་དུག་གི་འགོག་ཁབ་སྐྱེལ་འདྲེན་དང་བགོ་འགྲེམ་བྱུང་ཞིང་། ཕྱི་ཚེས་༡༧་ཉིན་ཨ་རིའི་ཟས་རིགས་དང་སྨན་རིགས་སྟངས་འཛིན་ལས་ཁུངས་ཀྱིས་མོར་ཌེ་ན་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་ཏོག་དབྱིབས་ནད་དུག་གི་འགོག་ཁབ་ལ་མཐའ་མའི་ཞིབ་འཇུག་བྱས་ནས་རྒྱལ་ཡོངས་ཀྱི་སྨན་ཁང་ཁག་ཏུ་འགྲེམ་སྤེལ་བྱས་ནས་སྨན་པ་དང་སྨན་ཞབས་པ། ཛ་དྲག་གི་ནད་པ་དང་རྒན་རྒན། རྒན་གསོ་ཁང་གི་ལས་བྱེད་པ་བཅས་ལ་སྔོན་དུ་འགོག་ཁབ་རྒྱག་རྒྱུ། གཟའ་འཁོར་འདི་ནས་ཨ་མི་རི་ཀ་ཏོག་དབྱིབས་ནད་དུག་གི་དཀའ་ངལ་ལས་ཐར་རྒྱུ་མགོ་བརྩམས། ཡིན་ནའང་འདས་པའི་ལོ་གཅིག་ཡས་མས་ཤིག་གི་རིང་དེར་ཨ་རིའི་རྒྱལ་ཡོངས་སུ་མི་༣༠༠༠༠༠་ལྷག་ལ་ཏོག་དབྱིབས་ནད་དུག་གིས་འཆི་སྐྱོན་ཕོག ཨ་མི་རི་ཀའི་མི་༡༦༠༠༠༠༠༠་ལྷག་ལ་ཏོག་དབྱིབས་ནད་དུག་འགོས། འཛམ་གླིང་རྒྱལ་ཁབ་ཁག་གི་གྲས་སུ་ནད་པ་ཆེས་མང་ཤོས་དང་མི་ལ་འཆི་སྐྱོན་གྱི་གྲངས་འབོར་ཆེས་མང་ཤོས་དེ་ཨ་མི་རི་ཀ་གྱུར། ད་ལྟ་འགོག་ཁབ་རྒྱག་རྒྱུ་འགོ་ཚུགས་ཡོད་ཀྱང་ཟླ་ཤས་རིང་ཨ་མི་རི་ཀའི་སྤྱི་ཚོགས་སུ་ནད་པ་ཇེ་ཉུང་དུ་འགྲོ་རྒྱུ་དང་མི་ལ་འཆི་སྐྱོན་འབྱུང་རྒྱུ་མཚམས་ཆད་སྲིད་པའི་རྟགས་མཚན་དང་རེ་བ་ཆེན་པོ་ཞིག་མེད་པའི་གནས་ཚུལ་ཐོན་འདུག
ཨ་མི་རི་ཀའི་གཞུང་གིས་ཧྥེ་ཛར་སྨན་སྦྱོར་བཟོ་ཚོང་ཁང་ནས་མངགས་ཉོ་བྱེད་ཡོད་པའི་འགོག་ཁབ་ཀྱིས་ཨ་རིའི་མི་འབོར་ཡོངས་རྫོགས་ལ་འདང་དཀའ། བདུན་ཕྲག་རྗེས་མར་ཨ་རིའི་གཞུང་གིས་མོར་ཌེ་ན་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་འགོག་ཁབ་དེར་ཆོག་མཆན་བཀོད་ནས་སྨན་ཁང་ཁག་ཏུ་འགྲེམ་སྤེལ་བྱ་འཆར་ཡོད་མོད། འོན་ཀྱང་ཨ་མི་རི་ཀར་ཉིན་ལྟར་མི་༢༤༠༠་ཡས་མས་རེ་ལ་འཆི་སྐྱོན་འབྱུང་གི་ཡོད་པ་དང་མི་༢༡༠༠༠༠་ཡས་མས་རེ་ལ་ནད་དུག་འགོ་བཞིན་ཡོད་པས་ནད་པའི་གྲངས་འབོར་དང་མི་ལ་འཆི་སྐྱོན་བྱུང་བའི་གྲངས་འབོར། ཨ་མི་རི་ཀའི་སྨན་ཁང་ཁག་ཏུ་འགོག་ཁབ་འབྱོར་གྱི་ཡོད་པ་གཉིས་ཁ་མི་མཚུངས་པའི་དཀའ་ངལ་ཡོད་པ་སེལ་ཐུབ་རྒྱུ་མིན་པར་མ་ཟད། ཟླ་མཇུག་འདིར་སྟོན་པ་ཡེ་ཤུའི་འཁྲུངས་སྐར་དུས་ཆེན་དང་སྤྱི་ལོ་གསར་པའི་གུང་སེང་དུས་ཆེན་གཉིས་སླེབས་ཀྱི་ཡོད་པས་ཨ་མི་རི་ཀ་བ་རྣམས་སླར་ཡང་འགྲིམ་འགྲུལ་དང་འདུ་འཛོམས་བྱས་ནས་མི་གྲངས་ས་ཡ་མང་པོར་ནད་དུག་བགོ་རྒྱུའི་ཉེན་ཁ་ཆེ། ཟླ་བ་སྔོན་མར་ཨ་མི་རི་ཀའི་དྲིན་གཟོའི་དུས་ཆེན་སྐབས་སུ་མི་གྲངས་ས་ཡ་མང་པོ་འགྲིམ་འགྲུལ་བྱས་ནས་ཕ་མ་སྤུན་མཆེད་སོགས་ལ་ཐུག་འཕྲད་དུ་བསྐྱོད་པས་ཨ་རིའི་རྒྱལ་ཡོངས་སུ་སླར་ཡང་ནད་དུག་ཁྱབ་གདལ་གྱི་ཉེན་ཚབས་ཆེ་རུ་ཕྱིན་ཡོད་པ་རེད།།
ཨ་མི་རི་ཀའི་སྨན་ཁང་ཁག་ཏུ་འགོག་ཁབ་སླེབས་པའི་རྗེས་སུ་སྨན་པ་དང་སྨན་ཞབས་པ། སྨན་ཁང་གི་ལས་བྱེད་པ་ཚོར་དགའ་ཚོར་ཆེན་པོ་ཐོབ། ཨ་རིའི་མཱི་ཆི་གྷན་མངའ་སྡེའི་སློབ་གྲྭ་ཆེན་མོའི་སྨན་ཁང་གི་སྨན་ཞབས་པ་ལོ་ན་༤༣་ལ་སོན་པའི་ཇཱོན་ཎི་ཞེས་པ་ཞིག་གིས་ང་ལ་འགོག་ཁབ་བརྒྱབ་པ་ཙམ་གྱིས་བློ་བདེ་བོ་ཞིག་བྱུང་སོང་ཞེས་བཤད། ༢༠༢༠་ལོའི་ཕྱི་ཟླ་༣་ནས་སྨན་ཞབས་པ་ཇཱོན་ཎིས་ཐད་འཕུར་གནམ་གྲུའི་ནང་དུ་ཉིན་ལྟར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་རྣམས་ས་གནས་ཁག་གི་སྨན་ཁང་ཁག་ལ་སྐྱེལ་འདྲེན་དང་དབུགས་གཏོང་འཕྲུལ་ཆས་ཀྱིས་ནད་པ་ཚོར་དབུགས་གཏོང་རྒྱུ། ནད་པ་ཚོར་ཁབ་རྒྱག་རྒྱུ་དང་ཁྲག་ཤེད་བརྟག་དཔྱད་བྱ་དགོས་པས་ཇཱོན་ཎི་ལྟ་བུའི་སྨན་པ་དང་སྨན་ཞབས་པ་ས་ཡ་མང་པོས་རང་སྲོག་འབེན་ལ་བཙུགས་ནས་ཏོག་དབྱིབས་ནད་དུག་འགོག་བཅོས་ཀྱི་འཐབ་རྒོལ་བྱེད་ཀྱི་ཡོད་ཅིང་། ཨ་མི་རི་ཀའི་ཧྥུ་ལོ་ཌི་མངའ་སྡེ་ཧྲིལ་པོའི་སྨན་ཁང་༥་ལ་འགོག་ཁབ་༡༠༠༠༠༠་ལས་ཐེམ་མེད། ཊམ་པ་སྤྱི་དམངས་སྨན་ཁང་གི་གཙོ་འཛིན་ཇཱོན་ཀོ་རི་སི་ཡིས་ང་ཚོའི་སྨན་ཁང་འདིར་འགོག་ཁབ་༢༠༠༠༠་ཐེམ་པ་ནི་རེ་བ་དང་སྙིང་སྟོབས་ཀྱི་སྨན་ཁབ་ཅིག་ཡིན་ཞེས་བཤད། དེ་རིང་གཟའ་མིག་དམར་ཉིན་ཨ་མི་རི་ཀའི་ནེའུ་ཇར་སི་མངའ་སྡེར་འགོག་ཁབ་༧༦༠༠༠་ཐེམ་ཡོད་པ་རྣམས་མངའ་སྡེ་དེའི་སྨན་ཁང་ཁག་གི་སྨན་པ་དང་སྨན་ཞབས་པ་ཚོར་རྒྱག་རྒྱུ་ཡིན་འདུག ཨ་མི་རི་ཀའི་གཞུང་གིས་སྤྱི་སྒེར་གཉིས་ཀར་ཨ་རིའི་རྒྱལ་ཡོངས་སུ་སྨན་ཁབ་སྐྱེལ་འདྲེན་གྱི་གྲ་སྒྲིག་རྒྱ་ཆེན་པོ་ཞིག་བྱས་འདུག
ཧྥེ་ཛར་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་འགོག་ཁབ་དེ་མི་རེར་ཐེངས་གཉིས་རེ་རྒྱག་དགོས། འགོག་ཁབ་དང་པོ་བརྒྱབ་པའི་རྗེས་སུ་ཉི་མ་༡༤་ཡི་གཞུག་དེར་སླར་ཡང་འགོག་ཁབ་ཅིག་རྒྱག་དགོས་ཤིང་། དེ་བཞིན་མོར་ཌེ་ན་སྨན་སྦྱོར་བཟོ་ཚོང་ཁང་གི་འགོག་ཁབ་ཀྱང་ཐེངས་གཉིས་རྒྱག་དགོས། ཨ་མི་རི་ཀའི་གཞུང་གིས་ཕྱི་ཟླ་༡༢་པ་འདིར་མི་གྲངས་༢༠༠༠༠༠༠༠་ལ་འགོག་ཁབ་རྒྱག་ཐུབ་རྒྱུ། ༢༠༢༡་ལོའི་ཕྱི་ཟླ་དང་པོར་མི་གྲངས་༣༠༠༠༠༠༠་ལྷག་ལ་འགོག་ཁབ་རྒྱག་ཐུབ་རྒྱུའི་རྩིས་རྒྱག་གི་འདུག ཟླ་བ་སྔོན་མར་མོར་ཌེ་ན་སྨན་སྦྱོར་བཟོ་ཚོང་ཁང་གིས་མི་༣༠༠༠༠་ལྷག་ལ་འགོག་ཁབ་བརྒྱབ་ནས་བརྟག་དཔྱད་བྱས་པའི་གྲུབ་འབྲས་ཕྱིར་བསྒྲགས་བྱས་ཡོད་པར་གཞིགས་ཚེ། སྨན་སྦྱོར་བཟོ་ཚོང་ཁང་དེའི་འགོག་ཁབ་ལ་ཞོར་གནོད་ཆེན་པོ་མེད་པར་ཏོག་དབྱིབས་ནད་དུག་འགོག་པའི་ཕན་ནུས་བརྒྱ་ཆ་༩༥་ལྷག་ཡོད་འདུག ལོ་རྗེས་མའི་ཕྱི་ཟླ་༢་དང་༣་ཡས་མས་སུ་དབྱིན་ཇིའི་ཨོཀ་སི་ཧྥོར་ཌི་སློབ་གྲྭ་ཆེན་མོའི་སྨན་ཁང་གིས་བཟོས་པའི་འགོག་ཁབ་དང་ཨ་རིའི་ཇཱོན་སན་དང་ཇཱོན་སན་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་འགོག་ཁབ་གཉིས་ཀྱང་རིམ་བཞིན་འཐོན་རྒྱུ། ཨ་རིའི་ཇཱོན་སན་དང་ཇཱོན་སན་སྨན་སྦྱོར་བཟོ་ཚོང་ཁང་གི་འགོག་ཁབ་དེ་ཐེངས་གཅིག་ལས་རྒྱག་མི་དགོས་པའི་དགེ་མཚན་ཡོད་ཀྱང་རེ་ཞིག་འགོག་ཁབ་དེ་འཐོན་ཐུབ་ཀྱི་མེད་པ་དང་། ད་ལྟ་ཚད་ལྡན་གྱི་འགོག་ཁབ་ཅིག་ཐོན་ཟིན་པ་ནི་ཧྥེ་ཛར་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་འགོག་ཁབ་དང་གཟའ་འཁོར་རྗེས་མར་འཐོན་གྱི་ཡོད་པའི་མོར་ཌེ་ན་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་འགོག་ཁབ་གཉིས་ཡིན། ཧྥེ་ཛར་དང་མོར་ཌེ་ན་སྨན་སྦྱོར་བཟོ་ཚོང་ཁང་གཉིས་ཀྱིས་བཟོས་པའི་འགོག་ཁབ་རྣམས་འཁྱག་སྒམ་ནང་དུ་བཞག་སྟེ་ཧ་ཅང་གི་གྲང་མོ་བྱས་ནས་འཇོག་དགོས་པས་སྐྱེལ་འདྲེན་དང་འགོག་ཁབ་ཉར་འཇོག་བཅས་པ་སྟབས་བདེ་བོ་ཞིག་མེད་པ་རེད།།
དེང་སྐབས་ཨ་མི་རི་ཀར་ཉིན་རེ་བཞིན་དུ་ནད་པ་འབུམ་ཕྲག་རེ་ཟུང་ཇེ་མང་དང་མི་སྟོང་ཕྲག་རེ་ཟུང་ལ་འཆི་སྐྱོན་འབྱུང་གི་ཡོད་ཀྱང་ཕྱི་ཟླ་༡༢་པའི་ཚེས་༡༤་ཉིན་ཨ་མི་རི་ཀའི་མངའ་སྡེ་༥༠་ཐམ་པ་ཡོངས་རྫོགས་ལ་འགོག་ཁབ་རིམ་པ་དང་པོ་བགོ་འགྲེམ་དང་སྐྱེལ་འདྲེན། དེ་ནས་སྨན་པ་དང་སྨན་ཞབས་པ་ཚོར་འགོག་ཁབ་རྒྱག་ཐུབ་པ་ནི་རླབས་ཆེན་དང་གཟི་བརྗིད་ལྡན་པ། ཨ་མི་རི་ཀའི་སྨན་པའི་སྤྱི་ཁྱབ་ཨེ་ཌམ་གྱིས་འགོག་ཁབ་བགོ་འགྲེམ་དང་སྐྱེལ་འདྲེན་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཞིག་ཐོན་སོང་། ང་ལ་དུས་ཡུན་རིང་པོ་ཞིག་གི་ནང་དུ་བྱུང་མྱོང་མེད་པའི་དགའ་ཚོར་གྱི་འཛུམ་མདངས་ཤིག་རྒྱས་བྱུང་། ༢༠༢༠་ལོ་འདི་ཨ་མི་རི་ཀ་བ་ཚོར་ཧ་ཅང་གི་དཀའ་ངལ་ཆེ་བའི་ལོ་ཞིག་ཏུ་གྱུར་སོང་། དེ་རིང་ང་ཚོས་ཨ་མི་རི་ཀའི་མི་དམངས་ལ་རེ་བའི་ཁབ་ཅིག་རྒྱག་འགོ་ཚུགས་པ་རེད་ཅེས་བཤད། ཨ་མི་རི་ཀའི་ནད་རིགས་བརྟག་དཔྱད་ཁང་གི་སྤྱི་ཁྱབ་འགན་འཛིན་སྨན་པ་མཁས་པ་ཨན་ཐོ་ཎི་ཧྥོ་ཆིས་ཀྱང་འགོག་ཁབ་རིམ་པ་དང་པོ་རྒྱག་འགོ་ཚུགས་པ་ནི་དགའ་དགོས་པ་དང་རེ་ལྟོས་ཅན་ཞིག་རེད། ད་དུང་ཟླ་ཤས་རིང་དུ་ཨ་མི་རི་ཀ་བ་ཚོས་སྔར་བཞིན་ནད་ཡམས་ལ་འཛེམ་ཟོན་བྱ་དགོས། མི་མང་གིས་ཁ་རས་གྱོན་ཏེ་ལག་པ་བཀྲུ་དགོས། མི་ཚོགས་འདུ་འཛོམས་ལ་གཡོལ་ཐབས་བྱ་རྒྱུ་གནད་འགག་ཆེ། ལོ་རྗེས་མའི་སྟོན་གཞུག་བར་དུ་ང་ཚོས་འཛེམ་ཟོན་གང་ཐུབ་བྱ་དགོས། ང་ཚོ་ཏོག་དབྱིབས་ནད་དུག་གི་དཀའ་ངལ་འོག་ནས་ཐར་རྒྱུ་འགོ་ཚུགས་ཟིན་པ་རེད་ཅེས་བཤད། གལ་སྲིད་འགོག་ཁབ་ཀྱིས་ཏོག་དབྱིབས་ནད་དུག་བཀག་སྟེ་ཨ་མི་རི་ཀའི་ཚོང་ལས་དང་སློབ་གྲྭ་ཁག་བསྐྱར་དུ་སྒོ་འབྱེད་མ་ཐུབ་ཚེ། ཨ་མི་རི་ཀའི་ཟ་ཁང་དང་ཇ་ཁང་ཆང་ཁང་སོགས་ཚོང་ལས་ཆུང་ཁག་རྣམས་མ་རྩ་བརྡིབས་ནས་སླར་ཡང་ཚོང་ལས་སྒོ་འབྱེད་མི་ཐུབ་པའི་གནས་སུ་ལྷུང་རྒྱུ། ཨ་མི་རི་ཀའི་ཕྲུ་གུ་ས་ཡ་མང་པོའི་ཤེས་ཡོན་སློབ་སྦྱོང་ལ་འཐུས་ཤོར་སོང་སྟེ་མི་རབས་གཅིག་གི་ཤེས་ཡོན་སློབ་སྦྱོང་ལ་གྱོང་གུད་འཕོག་གི་ཡོད་པ་རེད།།