ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

བྱེས་ཀྱི་གདན་ས་སེ་རའི་གྲྭ་པ་ཞིག་ལ་ཏོག་དབྱིབས་ནད་དུག་འགོས་འདུག


༄༅།། རྒྱ་གར་ལྷོ་ཕྱོགས་སུ་ཕྱག་བཏབ་པའི་བྱེས་ཀྱི་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་གི་གྲྭ་པ་ཞིག་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་ཅིང་། གསར་འགོད་པས་སེར་བྱེས་གྲྭ་ཚང་གི་ཕྱག་མཛོད་བགྲེས་པ་དགེ་བཤེས་ངག་དབང་བཟང་པོ་ལགས་སུ་བཅར་དྲི་ཞུས། ཁོང་གིས་བྱེས་ཀྱི་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་གི་ཡ་གྱལ། སེར་བྱེས་མཁན་སྙན་གྲྭ་ཚང་གི་གྲྭ་པ་ཞིག་ལོ་གཅིག་གི་རིང་དུ་ལ་དྭགས་སུ་ཡོད་པའི་སེར་བྱེས་གྲྭ་ཚང་གི་དགོན་ལག་རུ་ཐོག་དགོན་པར་ཞབས་བརྟན་ཆེད་དུ་བཏང་བ་རེད། ཁོང་དུས་ཚོད་ཚང་ནས་བདུན་ཕྲག་གཉིས་སྔོན་དེར་ལ་དྭགས་ནས་ལྡི་ལི་བརྒྱུད་དེ་གྲྭ་ཚང་ལ་ཕྱིར་ལོག་གནང་བ་རེད། གྲྭ་པ་དེ་ཕལ་ཆེར་དགུང་ལོ་༥༠་བརྒལ་བ་ཞིག་རེད། ལྡི་ལི་ནས་འབྱོར་ཏེ་བདུན་ཕྲག་གཉིས་ཀྱི་རིང་ལ་སེར་བྱེས་གྲྭ་ཚང་གི་བཀྲ་ཤིས་ཆོས་གླིང་དུ་ཟུར་འགོག་བྱས་ནས་བཞག་པ་ཡིན། ཕྱི་ཚེས་༢༦་ཉིན་གྲྭ་པ་དེ་ཚུད་པའི་ཟུར་འགོག་ཁང་དུ་ཡོད་པའི་རོང་པ་དགུ་དང་དགེ་འདུན་པ་དགུ་ལ་ས་གནས་པིར་ཡ་པ་ནའི་རྒྱ་གར་གཞུང་གི་སྨན་ཁང་དུ་བརྟག་དཔྱད་བྱས་ཤིང་། ཉིན་དེའི་བརྟག་དཔྱད་ཀྱི་གྲུབ་འབྲས་དེར་དགེ་འདུན་པ་དགུའི་ནང་གི་གྲྭ་པ་གཅིག་པུ་དེར་ནད་དུག་འགོས་ཡོད་པའི་ནད་རྟགས་ཐོན། ད་ལྟ་ཁོང་ལ་མེ་སོར་རྫོང་དུ་རྒྱ་གར་གཞུང་གི་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་མོད། འོན་ཀྱང་གྲྭ་པ་དེར་གློ་རྒྱག་པ་དང་ཚ་བ་རྒྱས་པ་སོགས་ཀྱི་ནད་རྟགས་གང་ཡང་མི་འདུག ཁོང་གི་སྐུ་གཟུགས་ལའང་མ་བདེ་བའི་སྐུ་ངལ་གང་ཡང་མི་འདུག་ཅེས་ངོ་སྤྲོད་གནང་བྱུང་།

སེ་ར་ཐེག་ཆེན་གླིང་གིས་ནད་དུག་སྔོན་འགོག་གི་ལས་དོན་སྒྲུབ་ཕྱོགས་ལ་བཀའ་དྲིས་ཞུས་པར་ལན་འདེབས་གནང་བ་ལྟར་ན། དེང་སྐབས་སེར་ར་བྱེས་སྨད་གྲྭ་གཉིས་ཀྱི་དགེ་བསྐོས་རྣམ་པ་གཉིས་ཀྱི་དབུ་ཁྲིད་འོག དགོན་པའི་ཏོག་དབྱིབས་ནད་དུག་ཛ་དྲག་ཚོགས་ཆུང་བཙུགས་ནས་རྒྱ་གར་རྒྱལ་ཡོངས་ཀྱི་འགྲོ་འོང་བཀག་སྡོམ་ལྟར་ཆུ་ཚོད་༢༤་རིང་ལ་དགོན་པའི་གླིང་གི་ཕྱི་སྒོའི་བཀག་སྡོམ་ས་ཚིགས་བརྒལ་ནས་འགྲོ་འོང་བྱེད་མི་ཆོག་པའི་བཀག་སྡོམ་བྱེད་བཞིན་ཡོད། དུས་རྒྱུན་གྱི་ཚོགས་ཆོས་ར་དང་དཔེ་ཁྲིད་སོགས་འདུ་འཛོམས་ཡོངས་སུ་རྫོགས་པ་མཚམས་འཇོག་བྱས་པ་ཡིན། དེའི་རྗེས་སུ་རྒྱ་གར་གཞུང་གིས་བཀག་སྡོམ་ལྷོད་ཡངས་སུ་བཏང་པའི་གཞུག་ཏུའང་དགོན་པའི་ངོས་ནས་རང་དོན་རང་གཅེས་ཀྱིས་ད་དུང་མུ་མཐུད་དུ་བཀག་རྒྱ་དམ་པོ་བྱེད་བཞིན་ཡོད། སེ་ར་དགོན་པའི་ཁྱབ་ཁོངས་དགེ་འདུན་པ་སུ་འདྲ་ཞིག་ལས་དོན་ལ་བསྐྱོད་དེ་ཕྱི་ནས་ལོག་ཕེབས་ན་མ་ཕེབས་སྔོན་དུ་ཁ་པར་བཏང་སྟེ་སྔོན་བརྡ་གཏང་དགོས་ཀྱི་ཡོད་པ་རེད། ས་གནས་ལ་འབྱོར་རྗེས་གྲྭ་ཚང་སོ་སོའི་ཟུར་འགོག་ཁང་དུ་བདུན་ཕྲག་བཞི་ཙམ་ལ་ངེས་པར་དུ་བཞུགས་དགོས་པ་སོགས་སྒྲིག་ཁྲིམས་དམ་པོ་བཟོས་ཡོད། ཁྲིམས་དེ་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་བཞིན་ཡོད། ད་ལྟ་སེར་བྱེས་གྲྭ་ཚང་གི་ཁྱབ་ཁོངས་ཀྱི་ཟུར་འགོག་ཁང་དུ་མི་༣༨་ཡོད། མི་གཉིས་མཉམ་དུ་འབྱོར་ན་མི་གཉིས་པོ་དེ་མཉམ་དུ་འཇོག་པ་དང་མི་གཅིག་འབྱོར་ན་མི་གཅིག་པུ་དེ་ཁེར་རྐྱང་ལ་འཇོག་གི་ཡོད། ཟུར་འགོག་བྱེད་པའི་རིང་ལ་ཞལ་ལག་སོགས་མཐུན་རྐྱེན་ཡོངས་རྫོགས་གྲྭ་ཚང་སོ་སོས་རིན་མེད་ནར་གཏོང་གནང་གི་ཡོད་ཅེས་འགྲེལ་བརྗོད་གནང་ཡོད་པའི་སྐོར། འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་རྒྱ་གར་ལྷོ་ཕྱོགས་ནས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།


XS
SM
MD
LG