ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

ཏོག་དབྱིབས་ནད་དུག་གིས་མི་༥༠༠༠༠༠་ལྷག་ལ་འཆི་སྐྱོན་ཕོག 


༄༅།། ན་ནིང་ལོ་མཇུག་ཏུ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་དུག་ཁྱབ་ནས་བཟུང་། འདས་པའི་ལོ་ཕྱེད་ཀའི་རིང་དུ་འཛམ་གླིང་ཡོངས་སུ་མི་༥༠༥༠༠༠་ལྷག་ལ་འཆི་སྐྱོན་དང་མི་༡༠༠༠༠༠༠༠་ལྷག་ལ་ནད་མནར་བྱུང་། ཕྱི་ཟླ་༦་པའི་ཚེས་༢༩་ཉིན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཁྱབ་བསྒྲགས་བྱས་པ་ལྟར་ན། ད་ལྟ་འཛམ་གླིང་ཡུལ་གྲུ་ཀུན་ཏུ་ཚབས་ཆེའི་འགོས་ནད་འདི་རྩ་འཇོམས་འགྲོ་རྒྱུའི་ཚབ་ཏུ་ནད་ཡམས་ཁྱབ་གདལ་འགྲོ་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་འདུག ད་དུང་ཏོག་དབྱིབས་ནད་དུག་གི་གནོད་འཚེ་ཤུགས་ཆེ་ཤོས་ནི་གཞུག་ཏུ་འབྱུང་རྒྱུའི་ཉེན་ཀ་ཆེ། ཟླ་བ་དྲུག་གི་སྔོན་དེར་ང་ཚོ་སུ་གཅིག་གིས་ཀྱང་ཏོག་དབྱིབས་ནད་དུག་འདིས་འཛམ་གླིང་ཧྲིལ་པོ་དང་འགྲོ་བ་མིའི་འཚོ་བར་གནོད་འཚེ་འདི་འདྲ་ཞིག་འཕོག་རྒྱུ་ཡིན་པ་བློ་ཡུལ་དུ་ཤར་མྱོང་མེད། ང་ཚོ་ཚང་མས་ནད་ཡམས་འདི་སྔ་ཙམ་རྩ་འཇོམས་སོང་སྟེ་རང་གི་རྒྱུན་ལྡན་གྱི་འཚོ་བ་སྔ་སོར་ཆུད་ན་བསམས་ཡོད། ཡིན་ནའང་དངོས་ཡོད་གནས་སྟངས་ཐོག་ཏུ་ནད་ཡམས་འདི་རྩ་འཇོམས་འགྲོ་རྒྱུའི་རྟགས་མཚན་མི་འདུག རྒྱལ་ཁབ་ཁག་ཅིག་གིས་ཏོག་དབྱིབས་རིམས་ནད་སྔོན་འགོག་བྱས་ནས་གྲུབ་འབྲས་གང་འཚམ་ཞིག་ཐོན་ཡོད་ཀྱང་གོ་ལའི་ཁྱོན་དུ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་འདུག་ཅེས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་འགན་འཛིན་ཊེ་ཌི་རོ་སི་ཡིས་བཤད།།

འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ལས་སྣེ་ཚོས་རྒྱལ་སྤྱིའི་ཡུལ་གྲུ་ཁག་གིས་རིམས་ནད་སྔོན་འགོག་གི་སྲིད་ཇུས་རྣམས་ལག་ལེན་ཚུལ་བཞིན་མ་བསྟར་ན་མི་ལ་ནད་དུག་འགོ་རྒྱུ་ཇེ་མང་དུ་འགྲོ་སྲིད། ད་སྔའི་ཉམས་མྱོང་ལ་གཞིགས་ན་མི་ལ་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱ་རྒྱུ་དང་ནད་པ་ཚོར་འབྲེལ་ཐུག་བྱུང་བའི་མི་རྣམས་རྩད་གཅོད་བྱས་ནས་ཟུར་འགོག་བྱ་རྒྱུ་དེ་ལས་ལྷག་པའི་ནུས་པ་ཆེ་བའི་རིམས་ནད་འགོག་བཅོས་ཀྱི་ཐབས་ལམ་གཞན་པ་མི་འདུག་ཅེས་ནན་བརྗོད་བྱས་འདུག ཨ་མི་རི་ཀ་དང་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་བྷར་ཛིལ། ཨུ་རུ་སུ་དང་རྒྱ་གར་སོགས་ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་ཁག ཨ་ཧྥི་རི་ཀ་བཅས་ལ་ཏོག་དབྱིབས་རིམས་ནད་འགོས་ཁྱབ་ཀྱི་ནད་པའི་གྲངས་འབོར་ཇེ་མང་དང་མི་ལ་འཆི་སྐྱོན་བྱུང་བའི་གྲངས་འབོར་འཕར་སྣོན་འགྲོ་རྒྱུ་ཡིན་པར་མ་ཟད། ལྷོ་ཨེ་ཤི་ཡ་དང་ཨ་ཧྥི་རི་ཀར་ཕྱི་ཟླ་༧་པའི་ཟླ་མཇུག་དུའང་ཏོག་དབྱིབས་རིམས་ནད་ཁྱབ་གདལ་གྱི་ངར་ཤུགས་ཆེ་སྒང་ལ་སླེབས་རྒྱུ་མིན་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད། ད་ལྟའི་བར་དུ་ཨ་མི་རི་ཀ་གཅིག་པུར་མི་༡༢༥༠༠༠་ལྷག་ལ་འཆི་སྐྱོན་དང་མི་༢༥༠༠༠༠༠་ལྷག་ལ་ནད་དུག་འགོས་ཀྱང་ཨ་མི་རི་ཀའི་ནུབ་ཕྱོགས་སུ་ཆགས་པའི་ཁེ་ལི་ཧྥོར་ཎི་ཡ་དང་ལྷོ་ཕྱོགས་མངའ་སྡེ་ཧྥུ་ལོ་རི་ཌི། ཨ་རིའི་རྡོ་སྣུམ་གྱི་ཐོན་ཁུངས་ཊེཀ་སེ་སི་མངའ་སྡེ་གཙོས་ཨ་རིའི་མངའ་སྡེ་༣༠་ལྷག་ལ་ཏོག་དབྱིབས་ནད་དུག་འགོས་ཁྱབ་བསྐྱར་ལོག་བརྒྱབ་པའམ། ཡང་ན་མངའ་སྡེ་དེ་དག་གིས་ཚོང་ལས་དང་མཚོ་འགྲམ། མི་དམངས་སྤྱི་གླིང་སོགས་སྒོ་ཕྱེ་ནས་བཟུང་སྟེ་རིམས་ནད་འགོས་ཁྱབ་ཀྱི་ནད་པའི་གྲངས་འབོར་ཇེ་མང་དུ་སོང་། དེར་བརྟེན་ཨ་མི་རི་ཀའི་མངའ་སྡེ་དེ་དག་གིས་སླར་ཡང་སྤྱི་གླིང་དང་མཚོ་འགྲམ། ཆང་ཁང་སོགས་སྒོ་བརྒྱབ་ནས་ཏོག་དབྱིབས་ནད་དུག་ལ་སྔོན་འགོག་བྱེད་ཀྱི་ཡོད་པ་རེད།།

འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་འགན་འཛིན།
འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་འགན་འཛིན།

འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ལས་སྣེ་ཚོས་མི་ས་ཡ་བཅུ་ལྷག་ལ་ནད་དུག་འགོས་ཟིན་པ་དང་མི་འབུམ་ལྔ་ལྷག་ནད་དུག་གིས་འཆི་སྐྱོན་བྱུང་མོད། འོན་ཀྱང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་བསྟན་དོན་བཞིན་འཛམ་གླིང་རྒྱལ་ཁབ་ཁག་གི་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ཏོག་དབྱིབས་རིམས་ནད་ལ་སྔོན་འགོག་མ་བྱས་ཚེ། འཛམ་གླིང་ཡོངས་ལ་ཚབས་ཆེའི་འགོས་ནད་འདི་ཁྱབ་གདལ་འགྲོ་རྒྱུ་ཇེ་སྡུག་རེད། ད་ལྟའི་སྐབས་འདིར་འཛམ་གླིང་རྒྱལ་ཁབ་ཁག་ལ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ནད་ཡམས་ལ་འཐབ་རྒོལ་བྱ་རྒྱུའི་འདུན་པ་མི་འདུག ང་ཚོས་ཁ་ངན་བརྗོད་པ་མིན། འཛམ་གླིང་ཧྲིལ་པོ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་སྒྲིལ་མེད་པའི་གནས་སྟངས་འདི་འཇིགས་སྣང་ཡོང་ས་གཙོ་བོ་རེད། འཛམ་གླིང་རྒྱལ་ཁབ་ཁག་གིས་ཡུ་རོབ་རྒྱལ་ཁབ་འཇར་མན་ཎི་དང་ལྷོ་ཀོ་རི་ཡ། ཉི་ཧོང་བཅས་ཀྱིས་མི་ལ་བརྟག་དཔྱད་དང་ནད་དུག་འགོས་པའི་ནད་པ་རྣམས་རྩད་གཅོད་བྱས་ནས་ཟུར་འགོག ས་གནས་གང་ཞིག་ཏུ་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་ན་འཕྲལ་དུ་ས་གནས་དེར་འགྲོ་འོང་འགོག་གི་ཡོད་པའི་ཐབས་ཇུས་ཁག་ལ་མིག་དཔེ་བལྟས་ནས་ཏོག་དབྱིབས་རིམས་ནད་སྔོན་འགོག་བྱ་དགོས་ཞེས་འབོད་སྐུལ་ཞུས་འདུག

དེང་སྐབས་ཨ་མི་རི་ཀའི་འཕྲོ་ནས་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་བྷར་ཛིལ་ལ་ཏོག་དབྱིབས་ནད་དུག་གི་ནད་པ་མང་ཤོས་དང་མི་ལ་འཆི་སྐྱོན་བྱུང་བའི་གྲངས་འབོར་མང་ཤོས་ཡིན་ཞིང་། ཁ་སང་གཟའ་ཟླ་བའི་བར་དུ་རྒྱལ་ཁབ་དེར་ཏོག་དབྱིབས་ནད་དུག་གི་ནད་པ་༡༣༠༠༠༠༠་ལྷག་ཡོད་པ་དང་མི་༥༧༠༠༠་ལྷག་ལ་འཆི་སྐྱོན་བྱུང་། བྷར་ཛིལ་གྱི་སྲིད་འཛིན་བྷོལ་སོ་ན་རོས་ཐོག་མ་ནས་ཏོག་དབྱིབས་རིམས་ནད་ནི་ཚབས་ཆེའི་འགོས་ནད་ཅིག་མིན་པར་ཆམ་ནད་ལྕི་མོ་ཞིག་རེད། དེ་ལ་ཚོང་ལས་ཁག་སྒོ་བརྒྱབ་ནས་འགྲོ་འོང་བཀག་སྡོམ་བྱ་དགོས་དོན་མེད་ཅེས་སྔོན་འགོག་གཏན་ནས་མ་བྱས་ཤིང་། ཁ་སྔོན་གཟའ་ཉི་མའི་ཉིན་བྷར་ཛིལ་རྒྱལ་ཁབ་ཀྱི་གྲོང་ཁྱེར་ཆེ་ཁག་ཕལ་ཆེ་བ་དང་འཛམ་གླིང་རྒྱལ་ཁབ་༢༠་ལྷག་གི་ནང་དུ་སྲིད་འཛིན་བྷོལ་སོ་ན་རོ་གནས་དབྱུང་གཏོང་དགོས། སྲིད་འཛིན་བྷོལ་སོ་ན་རོས་ཏོག་དབྱིབས་ནད་དུག་གི་ཚབས་ཆེའི་རང་བཞིན་ངོས་ལེན་མི་བྱེད་པའི་ཨུ་ཚུགས་ཀྱི་ལངས་ཕྱོགས་འདོར་དགོས་ཞེས་དྲྭ་ལམ་དུ་ངོ་རྒོལ་གྱི་ལས་འགུལ་སྤེལ། མི་༢༠༠་ལྷག་གིས་རང་རང་གི་སྒེའུ་ཁུང་ནས་སྲིད་འཛིན་བྷོལ་སོ་ན་རོར་ངོ་རྒོལ་གྱི་སྐད་འབོད་བྱས་པར་བྷར་ཛིལ་གྱི་ཉེན་རྟོག་པའི་དྲག་གནོན་ཕོག ཉམས་ཞིབ་པ་མང་པོ་ཞིག་གིས་བྷར་ཛིལ་རྒྱལ་ཁབ་ལ་ཏོག་དབྱིབས་ནད་དུག་གིས་མི་ལ་འཆི་སྐྱོན་བྱུང་བ་དང་ནད་མནར་བྱུང་བའི་གྲངས་འབོར་ནི་གཞུང་གིས་ཁྱབ་བསྒྲགས་བྱས་པ་ལས་ཀྱང་མང་བ་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད། ཕྱི་ཟླ་༦་པའི་ཚེས་༣༠་ཉིན་ཨུ་རུ་སུ་རྒྱལ་ཁབ་ཡོངས་སུ་ཏོག་དབྱིབས་ནད་དུག་གི་ནད་པ་༦༤༧༨༤༩་ཡོད། ད་ལྟའི་བར་དུ་མི་༩༣༢༠་ཐམ་པར་འཆི་སྐྱོན་བྱུང་སོང་ཞེས་བསྒྲགས། ཉམས་ཞིབ་པ་ཚོས་བྷར་ཛིལ་དང་འདྲ་བར་ཨུ་རུ་སུའི་གཞུང་གིས་ཀྱང་ཏོག་དབྱིབས་ནད་དུག་གིས་མི་ལ་འཆི་སྐྱོན་བྱུང་བ་དང་ནད་མནར་བྱུང་བའི་གྲངས་འབོར་ངོ་མ་ཕྱིར་བསྒྲགས་བྱེད་ཀྱི་མེད་པའི་ཚོད་དཔག་བྱེད་ཀྱི་འདུག

རྒྱ་གར་ལ་ཕྱི་ཟླ་༦་པའི་ཚེས་༣༠་བར་དུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་༥༥༠༠༠༠་ལྷག་དང་མི་༡༦༠༠༠་ལྷག་ལ་འཆི་སྐྱོན་བྱུང་། ད་ལྟ་རྒྱལ་ས་ལྡི་ལི་དང་བྷམ་བྷེ་གཙོ་བོར་གྱུར་པའི་རྒྱ་གར་གྱི་གྲོང་ཁྱེར་ཁག་ཏུ་ཉིན་ལྟར་ཏོག་དབྱིབས་ནད་དུག་གི་ནད་པ་གསར་པ་༢༠༠༠༠་ཡས་མས་རེ་འཐོན་གི་ཡོད་པས་ཨ་མི་རི་ཀ་དང་བྷར་ཛིལ། ཨུ་རུ་སུ་གསུམ་གྱི་འཕྲོ་ནས་རྒྱ་གར་འཛམ་གླིང་འདིར་ཏོག་དབྱིབས་ནད་དུག་གི་ནད་པ་མང་ཤོས་ཨང་བཞི་པར་སླེབས། སང་ཉིན་གཟའ་ལྷག་པ་ནས་སྲིད་བློན་མོ་དྷིས་རྒྱ་གར་རྒྱལ་ཡོངས་སུ་བཀག་སྡོམ་ལྷོད་ཡངས་རིམ་པ་གཉིས་པ་ལག་ལེན་བསྟར་རྒྱུ་ཡིན། འོན་ཀྱང་སློབ་གྲྭ་ཁག་དང་གློག་བརྙན་ཁང་། རྩལ་སྦྱོང་ཁང་དང་ཆང་ཁང་རྣམས་སྒོ་འབྱེད་རྒྱུ་མིན་ཞེས་བསྒྲགས། ཏོག་དབྱིབས་རིམས་ནད་ཁྱབ་གདལ་གྱི་ཉེན་ཁ་ཆེ་རུ་ཕྱིན་ཡོད་པའི་རྒྱ་གར་གྱི་མངའ་སྡེ་ཁག་གིས་ས་གནས་སོ་སོའི་གནས་སྟངས་ལ་གཞིགས་ནས་འགྲིམ་འགྲུལ་དང་ཚོང་ལས་སོགས་སྒོ་རྒྱག་དགོས་པའི་སྒྲིག་ཁྲིམས་ལག་ལེན་བསྟར་གྱི་ཡོད་འདུག རྒྱ་གར་ཤར་ཕྱོགས་ཀྱི་ཨ་སམ་མངའ་སྡེའི་རྒྱལ་ས་གྷོ་ཧ་ཊི་ལ་དུས་ཡུན་བདུན་ཕྲག་གཉིས་ཀྱི་རིང་དུ་འགྲོ་འོང་བཀག་སྡོམ་བྱ་རྒྱུ་དང་རྒྱ་གར་ལྷོ་ཕྱོགས་ཀྱི་ཏ་མིལ་ན་དྷུ་མངའ་སྡེའི་རྒྱལ་ས་ཆཱེན་ནེ་གྲོང་ཁྱེར་གཞུང་གིས་ཉི་མ་ལྔར་འགྲོ་འོང་བཀག་སྡོམ་གྱི་དུས་ཡུན་འཕར་འགྱངས་བྱས་འདུག ཀར་ན་ཊ་ཀ་མངའ་སྡེའི་གཞུང་གིས་ཀྱང་ས་གནས་མང་དག་ཅིག་གི་ཚོང་ལས་རྣམས་སྒོ་བརྒྱབ་པ་དང་གྲོང་ཁྱེར་གཅིག་ནས་གྲོང་ཁྱེར་གཞན་ལ་འགྲིམ་འགྲུལ་བྱེད་མི་ཆོག་པའི་བཀག་སྡོམ་ཁག་རང་སོར་བཞག ཁ་སང་གཟའ་ཟླ་བའི་ཉིན་རྒྱ་གར་གྱི་སྨན་རིགས་ཞིབ་འཇུག་ཁང་གིས་ཁྱབ་བསྒྲགས་བྱས་པ་ལྟར་ན། རྒྱ་གར་རང་གིས་བཟོ་སྐྲུན་བྱས་པའི་ཏོག་དབྱིབས་རིམས་ནད་ཀྱི་འགོག་ཁབ་ཅིག་མི་ལ་ཚོད་ལྟ་བྱེད་ཆོག་པའི་བཀའ་འཁྲོལ་ཐོབ་སོང་། གལ་སྲིད་རྒྱ་གར་གྱིས་གསར་བཟོ་བྱས་པའི་ཏོག་དབྱིབས་ནད་དུག་གི་འགོག་ཁབ་འདིར་ཞོར་གནོད་ཆེན་པོ་མེད་པར་ནད་དུག་འཇོམས་ཐུབ་པའི་ནུས་པ་འཐོན་ན་མི་འབོར་དུང་ཕྱུར་༡༣་ལྷག་ཡོད་པའི་རྒྱ་གར་གཞུང་དམངས་གཉིས་ལ་ཕན་ཐོགས་ཆེན་པོ་ཡོང་རྒྱུའི་རེ་བ་ཡོད་ཅེས་གནས་ཚུལ་སྤེལ་འདུག

XS
SM
MD
LG