ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༢/༠༥/༢༣

ཧྥིན་ལན་ཌི་ནུབ་ཆིངས་སྒྲིག་འཛུགས་ཁོངས་སུ་ཞུགས་རྒྱུ།


༄༅།། ཨུ་རུ་སུའི་གཞུང་གིས་ཧྥིན་ལན་ཌི་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་ན་རང་གི་རྒྱལ་ཁབ་རྩ་བརླག་ཏུ་གཏོང་གི་ཡོད་པ་རེད་ཅེས་སྡིགས་ར་བསྐུལ། ཧྥིན་ལན་ཌིའི་སྲིད་བློན་ཟུར་པ་ཞིག་གིས་ང་ཚོའི་རྒྱལ་ཁབ་འདི་གང་མགྱོགས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་རྒྱུའི་སྙན་ཞུ་འབུལ་འཆར་ཡོད། ངས་ཡུཀ་རེན་གྱི་དམག་འཁྲུག་མགོ་བཙུགས་མ་ཐག་པ་ནས་ཧྥིན་ལན་ཌི་དང་སུད་ཌེན་གཉིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་མ་ཞུགས་ཐབས་མེད་དུ་གྱུར་སོང་ཞེས་བཤད་མྱོང་། ང་ཚོས་ཉི་མ་དང་བདུན་ཕྲག་གི་ནང་དུ་ཟེར་གྱི་མེད། ཧྥིན་ལན་ཌི་ཕྱི་ཟླ་༥་པ་མི་འགྱངས་པར་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་རྒྱུ་དང་སུད་ཌེན་དེའི་གཞུག་ཏུ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་རྒྱུའི་རྟགས་མཚན་འདུག གང་ལྟར་ཧྥིན་ལན་ཌི་དང་སུད་ཌེན་གཉིས་ནུབ་ཆིངས་ཁོངས་སུ་ཞུགས་རྒྱུའི་སྙན་ཞུ་འབུལ་འཆར་འདུག་ཅེས་བཤད། ཕྱི་ཟླ་༤་པའི་ཚེས་༨་ཀྱི་སྔ་དྲོར་ཉིན་རེའི་སྦྲག་འཕྲིན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཧྥིན་ལན་ཌི་དང་ཨུ་རུ་སུ་གཉིས་སྤྱི་ལེ་༡༣༠༠་ལྷག་གི་ས་མཚམས་འདྲེས་ཡོད་པ་དང་༡༩༣༩་ལོར་ཨུ་རུ་སུའི་དམར་དམག་གིས་ཧྥིན་ལན་ཌིར་བཙན་འཛུལ་བྱུང་། འདས་པའི་ལོ་བཅུ་ཕྲག་མང་པོར་ཧྥིན་ལན་ཌི་ནུབ་ཆིངས་དམག་དོན་ཁོངས་སུ་མ་ཞུགས་པར་རང་གི་བདེ་འཇགས་སྲུང་སྐྱོབ་རང་གིས་འགན་ཁུར་བླངས། ཧྥིན་ལན་ཌིའི་དམག་དཔུང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་སྦྱོང་བརྡར་ཁག་ལ་མཉམ་ཞུགས་བྱས་ནས་འབྲེལ་བ་དམ་ཟབ་བཙུགས། ཡིན་ནའང་ད་ལོ་ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱས་པའི་རྗེས་སུ་ཧྥིན་ལན་ཌི་མི་དམངས་ཀྱི་བསམ་བློར་འགྱུར་བ་ཐེབས་ནས་འཕྲལ་དུ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་དགོས་པའི་རྒྱབ་སྐྱོར་ཐོབ།།

དེ་རིང་གཟའ་པ་སངས་ཉིན་ཨ་རིའི་སི་ཨེན་བྷི་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སི་ཊོལ་ཊེན་བྷག་གིས་ཡུཀ་རེན་ལ་བཙན་འཛུལ་བྱུང་བ་དེར་གཞིགས་ནས་ཧྥིན་ལན་ཌི་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་ཚེ། ཨ་མི་རི་ཀས་འགོ་ཁྲིད་པའི་ཚོགས་འཐུས་རྒྱལ་ཁབ་༣༠་ཐམ་པ་སྤྲོ་སེམས་རབ་ཏུ་འཁོལ་ནས་ཧྥིན་ལན་ཌིར་དགའ་བསུ་ཞུ་རྒྱུ་ཡིན། ཧྥིན་ལན་ཌི་ནུབ་ཆིངས་ཁོངས་སུ་ཞུགས་ཀྱི་ཡོད་པ་ནི་ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ཨུ་རུ་སུས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་པའི་མཇུག་འབྲས་རེད། ང་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱིས་ཧྥིན་ལན་ཌི་སྒྲིག་འཛུགས་འདིར་ཞུགས་རྒྱུ་ཡིན་མིན་ཁོ་ཚོ་རང་གིས་ཐག་གཅོད་བྱ་དགོས། ཧྥིན་ལན་ཌིས་ཐག་གཅོད་ཅི་ཞིག་བྱས་ཀྱང་ང་ཚོས་དེ་ལ་བརྩི་འཇོག་བྱ་རྒྱུ་ཡིན། གལ་སྲིད་ཧྥིན་ལན་ཌི་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་རྒྱུའི་སྙན་ཞུ་འབུལ་ན་དེ་ལ་དགའ་བསུ་ཞུ་རྒྱུ་དང་ང་ཚོས་ཚོགས་འཐུས་གསར་པ་ཞིག་ཁ་སྣོན་བྱ་རྒྱུ་དེར་ནར་འགྱངས་མེད་པར་ཐག་གཅོད་བྱེད་ཐུབ་པའི་གདེང་ཚོད་ཡོད་ཅེས་གསར་འགོད་པར་གླེང་མོལ་གནང་འདུག ཁ་སང་གཟའ་ཕུར་བུའི་ཉིན་ཧྥིན་ལན་ཌིའི་ཕྱི་སྲིད་བློན་ཆེན་གྱིས་ང་ཚོས་མགྱོགས་ནས་མྱུར་དུ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་རྒྱུ་ཡིན་མིན་ཐག་གཅོད་བྱ་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ། ཡུཀ་རེན་གྱིས་འཁྲུག་རྩོད་མ་བསླངས་ཀྱང་ཨུ་རུ་སུས་བཙན་འཛུལ་བྱེད་ཀྱི་ཡོད་པས་ཧྥིན་ལན་ཌི་རྒྱལ་ཡོངས་སུ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་དགོས་ཞེས་རྒྱབ་སྐྱོར་བྱ་རྒྱུ་ཤུགས་ཆེ་རུ་སོང་། ཧྥིན་ལན་ཌིའི་ཁྱིམ་མཚེས་རྒྱལ་ཁབ་སུད་ཌེན་ཡང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་འདོད་ཡོད་པའི་རྣམ་འགྱུར་བསྟན།།

ཕྱི་ཟླ་༤་པའི་ཚེས་༧་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཕེ་སི་ཀོབ་ཀྱིས་ཧྥིན་ལན་ཌི་དང་སུད་ཌན་གཉིས་ནུབ་ཆིངས་ཁོངས་སུ་ཞུགས་ན་ང་ཚོས་བསྐྱར་དུ་སྟོབས་ཤུགས་ཆ་མཉམ་ཞིག་བྱ་དགོས་ཐུག་རྒྱུ་རེད། ཨུ་རུ་སུས་རང་གི་ནུབ་ཕྱོགས་ས་མཚམས་ཁག་གི་བདེ་འཇགས་སྲུང་སྐྱོབ་ཀྱི་ཚད་གཞི་མཐོ་རུ་གཏོང་ཤས་ཆེ། ཡིན་ནའང་ཧྥིན་ལན་ཌི་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་ནས་ཨུ་རུ་སུའི་བདེ་འཇགས་ལ་ཉེན་ཁ་ཕྲད་དེ་རྡུལ་ཕྲན་མཚོན་ཆ་བཀོལ་སྤྱོད་བྱེད་དགོས་པ་ཞིག་ལ་འགྱུར་མི་སྲིད་པར་སྙམ་ཞེས་བཤད། གཟའ་འཁོར་འདིར་ཨུ་རུ་སུའི་གྲོས་ཚོགས་འཐུས་མི་ཛཱ་བྷ་རོབ་ཀྱིས་ཧྥིན་ལན་ཌིའི་གཞུང་གིས་རང་གི་རྒྱལ་ཁབ་རྩ་བརླག་གཏོང་རྒྱུའི་གྲོས་མཐུན་ཞིག་ལ་མིང་རྟགས་འགོད་ཕོད་ཀྱི་མ་རེད་སྙམ། ཡུཀ་རེན་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་ཐབས་བྱེད་ཀྱི་ཡོད་པ་འགོག་ཐབས་སུ་ཨུ་རུ་སུས་དམག་བརྒྱབ་པ་རེད་ཅེས་འཇིགས་སྣང་བསྐུལ། ཨུ་རུ་སུའི་འཇིགས་སྐུལ་ལ་སྐྲག་ནས་ཧྥིན་ལན་ཌི་དང་སུད་ཌེན་གཉིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་མ་ཞུགས་པར་ཟུར་དུ་བར་གནས་སུ་བསྡད། ཉེ་ཆར་ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་པ་དང་ཧྥིན་ལན་ཌི་དང་སུད་ཌེན་གཉིས་ལའང་འཇིགས་སྐུལ་བྱེད་ཀྱི་ཡོད་པས་ཡུ་རོབ་བྱང་ཕྱོགས་ཀྱི་རྒྱལ་ཁབ་དེ་དག་གི་ལངས་ཕྱོགས་ལ་བསྐྱར་ཞིབ་བྱེད་དགོས་པ་ཞིག་ཏུ་གྱུར། ཁོ་ཚོ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་མཉམ་དུ་ཞུགས་པའམ། ཡང་ན་སྔ་རྗེས་སུ་ཞུགས་རྒྱུའི་ནང་མོལ་ཐག་གཅོད་བྱུང་ཡོད་པ་རེད་ཅེས་གནས་ཚུལ་ཐོན། ཧྥིན་ལན་ཌི་དང་སུད་ཌེན་གཉིས་ཡུ་རོབ་མཉམ་འབྲེལ་ཁོངས་སུ་མཉམ་དུ་ཞུགས་ཡོད་པ་རེད།། དུས་རབས་༢༠་པའི་ནང་དུ་ཨུ་རུ་སུའི་དགོས་འདུན་ལྟར་ཧྥིན་ལན་ཌིས་ས་ཆ་ཁག་ཅིག་བློས་མ་བཏང་བའི་སྟབས་ཀྱིས་༡༩༣༩་དང་༡༩༤༠་ཐམ་པའི་དགུན་ཁ་དེར་སི་ཏ་ལིན་གྱིས་བཀའ་བཏང་ནས་ཨུ་རུ་སུའི་དམར་དམག་གིས་ཧྥིན་ལན་ཌིར་བཙན་འཛུལ་བྱས་ཤིང་། དུས་སྐབས་དེ་ནི་འཛམ་གླིང་དམག་ཆེན་གཉིས་པ་ལངས་ནས་ཟླ་བ་གསུམ་ལས་ཕྱིན་མེད་པའི་མཚམས་དེ་ཡིན་པས་སི་ཏ་ལིན་གྱིས་ཧྥིན་ལན་ཌི་བདེ་བླག་ཏུ་བླངས་ཏེ་རྒྱལ་ཁ་འཐོབ་རྒྱུའི་རྩིས་བརྒྱབ། ཨུ་རུ་སུའི་དམར་དམག་ས་ཡ་གཅིག་གིས་ཧྥིན་ལན་ཌིར་དཔུང་འཇུག་བྱ་རྒྱུ་མགོ་བརྩམས། ཧྥིན་ལན་ཌིར་དམག་དཔུང་འབུམ་༣་ལྷག་ཡོད་པ་དེ་དག་གིས་འཇབ་རྒོལ་བྱས་ནས་ཨུ་རུ་སུའི་དམར་དམག་༡༢༦,༩༠༠་བསད་པ་དང་དམར་དམག་འབུམ་༣་ལྷག་ལ་རྨས་སྐྱོན་ཕོག ཨུ་རུ་སུའི་ལྕགས་ཁྲབ་འཁོར་ལོ་༣,༥༠༠་དང་དམག་འཐབ་གནམ་གྲུ་༥༠༠་ཐམ་རྩ་གཏོར་བྱུང་། ཧྥིན་ལན་ཌིའི་དམག་མི་༢༥,༩༠༠་བསད་པ་དང་རྒྱལ་ཁབ་དེའི་ཞིང་པ་ཞིག་ལྐོག་མདའ་རྒྱག་མཁན་དུ་གྱུར་ཏེ་ཨུ་རུ་སུའི་དམར་དམག་༥༠༥་བསད་ནས་དཔའ་རྟགས་བཞག་པའི་ལོ་རྒྱུས་རྣམས་གཏམ་རྒྱུད་དུ་གྲགས། དེང་སྐབས་ཡུཀ་རེན་མི་དམངས་ཀྱིས་ཤེལ་དམ་ནང་དུ་རྡོ་སྣུམ་བླུགས་ནས་ཨུ་རུ་སུའི་ལྕགས་ཁྲབ་འཁོར་ལོ་སོགས་ལ་རྒོལ་རྡུང་བྱེད་ཀྱི་ཡོད་པ་ལྟར་ལོ་༨༠་ལྷག་གི་ཡར་སྔོན་དུ་ཧྥིན་ལན་ཌིའི་མི་དམངས་ཀྱིས་ཀྱང་ཤེལ་དམ་ནང་དུ་རྡོ་སྣུམ་བླུགས་པའི་འབར་མདེལ་བརྒྱབ་སྟེ་ཨུ་རུ་སུའི་དམར་དམག་ལ་འགོག་རྒོལ་བྱས་མོད། འོན་ཀྱང་མཐའ་མཇུག་མང་སྣ་ཉུང་གིས་མ་བརྟེན་པར་ཧྥིན་ལན་ཌིའི་གཞུང་གིས་ཨུ་རུ་སུའི་དགོས་འདུན་ལྟར་ཞི་བའི་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་ནས་མངའ་ཁོངས་བརྒྱ་ཆ་༡༠་ཐམ་པ་ཨུ་རུ་སུར་སྤྲོད་རྒྱུའི་ཐག་བཅད། དུས་རབས་༢༡་པ་འདིར་སི་ཏ་ལིན་དང་ཨུ་རུ་སུའི་དམར་དམག་མེད་ཀྱང་ཕུ་ཊིན་ལ་ཨུ་རུ་སུའི་དམར་ཤོག་བཙན་རྒྱལ་སླར་གསོ་བྱེད་འདོད་ཡོད་པ་རེད།།

རྒྱལ་སྤྱིའི་གསར་འགྱུར་ལས་ཁང་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། ད་ལྟ་ཧྥིན་ལན་ཌིའི་མི་དམངས་བརྒྱ་ཆ་༦༢་ཀྱིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་རྒྱུ་དེར་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅིང་། ཡུ་རོབ་བྱང་ཕྱོགས་ཀྱི་དམག་དོན་ཉམས་ཞིབ་པ་བྷར་གྷ་ཀི་ཝི་སི་ཊིས་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་ཧྥིན་ལན་ཌིར་ཉམས་མྱོང་གཉིས་ཐོབ་ཡོད་པ་རེད། གཅིག་ནས་ཧྥིན་ལན་ཌིའི་ས་ཁམས་ཆགས་ཡུལ་དེ་མཐའ་ཁོབ་ཡིན་པ་དང་དམག་འཁྲུག་ཅིག་ལངས་ན་ཧྥིན་ལན་ཌིར་རྒྱལ་ཁབ་གཞན་གྱི་རོགས་སྐྱོར་མྱུར་དུ་འབྱོར་མ་ཐུབ་པར་སོ་སོ་རང་གི་སྟོབས་ཤུགས་ཁོ་ནར་བརྟེན་ནས་རྒྱལ་ཁབ་ཀྱི་བདག་དབང་དང་རང་བཙན་ལ་སྲུང་སྐྱོབ་བྱེད་དགོས་པ་ངེས་ཟིན། གཉིས་ནས་ཧྥིན་ལན་ཌི་དང་ཨུ་རུ་སུ་གཉིས་ས་མཚམས་འདྲེས་ཡོད་པས་རྟག་ཏུ་ཨུ་རུ་སུར་བསྟུན་མཁས་བྱེད་དགོས་པ་དང་ཨུ་རུ་སུའི་བཙན་འཛུལ་ལ་བློ་དོགས་བྱ་དགོས་པ་ངོས་ཟིན་འདུག་ཅེས་བསྟན། གཟའ་འཁོར་འདིར་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཕྱི་སྲིད་བློན་ཆེན་རྣམས་ཚོགས་འདུ་འཚོགས་ཀྱི་ཡོད་པ་དེའི་ཐོག་ཏུ་ཧྥིན་ལན་ཌི་དང་སུད་ཌེན་གཉིས་ནུབ་ཆིངས་ཁོངས་སུ་ཞུགས་འཆར་ཡོད་པར་གྲོས་སྡུར་བྱ་རྒྱུ། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་འབྲེལ་ཡོད་ལས་སྣེ་ཞིག་གིས་ང་ཚོས་སྒོ་མོ་ཕྱེ་ཡོད་པའི་སྲིད་ཇུས་ལ་ལ་འགྱུར་བ་མེད་ཅེས་ཉིན་རེའི་སྦྲག་འཕྲིན་གསར་ཁང་གི་གསར་འགོད་པར་གླེང་མོལ་བྱས་འདུག ༡༩༤༧་ནས་༡༩༨༩་བར་གྱི་གྲང་དམག་དུས་སུ་ཧྥིན་ལན་ཌི་དང་སུད་ཌེན་གཉིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་མ་ཞུགས། དེ་ནས་ཨུ་རུ་སུའི་དམར་ཤོག་རྒྱལ་ཁབ་འཐོར་ཞིག་ཕྱིན་པའི་རྗེས་སུ་ཧྥིན་ལན་ཌི་དང་སུད་ཌེན་གཉིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་རྒྱུའི་འདུན་པ་དེ་བས་ཀྱང་མེད་པར་གྱུར། འོན་ཀྱང་ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ཕུ་ཊིན་གྱིས་ཡུཀ་རེན་ལ་དམག་བརྒྱབ་ནས་བཙན་འཛུལ་བྱེད་དུ་བཅུག་པའི་རྗེས་སུ་ཧྥིན་ལན་ཌི་དང་སུད་ཌེན་གཉིས་ཀྱི་ལངས་ཕྱོགས་ལ་རྦད་དེ་འགྱུར་བ་ཐེབས། ཉེ་དུས་ཤིག་ནས་སུད་ཌེན་པ་བརྒྱ་ཆ་༥༤་ལྷག་གིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་དགོས་ཞེས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG