ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཧྥིན་ལན་ཌི་ནུབ་ཆིངས་ཁོངས་སུ་ཞུགས་རྒྱུའི་ཐག་གཅོད།


༄༅།། ཡུ་རོབ་བྱང་ཕྱོགས་ཀྱི་རྒྱལ་ཁབ་ཧྥིན་ལན་ཌི་ནར་འགྱངས་མེད་པར་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་རྒྱུའི་ཐག་བཅད། ཁ་སང་གཟའ་ཕུར་བུའི་ཕྱི་དྲོར་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཧྥིན་ལན་ཌིའི་སྲིད་འཛིན་དང་སྲིད་བློན་གཉིས་ཀྱིས་ང་ཚོས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་རྒྱུའི་ཐག་གཅོད་བྱས་པ་ཡིན། སྒྲིག་འཛུགས་དེར་ཞུགས་རྒྱུའི་དངོས་གཞིའི་སྙན་ཞུ་མ་འབུལ་གོང་དུ་ལས་དོན་བསྒྲུབ་དགོས་པ་ཁག་ཅིག་འཕྲོ་ཅན་དུ་ལུས་ཡོད་ཅེས་ཐུན་མོང་གི་གསལ་བསྒྲགས་ཤིག་སྤེལ། སྲིད་འཛིན་ནེ་ནེ་སི་ཏོས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་ན་ཧྥིན་ལན་ཌིའི་བདེ་འཇགས་སྲུང་སྐྱོབ་སྲ་བརྟན་འབྱུང་ཐུབ། ཧྥིན་ལན་ཌི་ནུབ་ཆིངས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཅིག་ལ་གྱུར་ན་རྒྱལ་སྲུང་མཉམ་འབྲེལ་སྒྲིག་འཛུགས་དེའི་སྤྱི་ཡོངས་ཀྱི་སྟོབས་ཤུགས་ཆེ་རུ་འགྲོ་ཐུབ་ངེས་རེད། ང་ཚོས་འཕྲལ་དུ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་རྒྱུའི་སྙན་ཞུ་འབུལ་འཆར་ཡོད། མ་འོངས་པའི་ཉིན་ཤས་རིང་རྒྱལ་ཡོངས་ཀྱི་རིམ་པ་ཁག་གིས་ཐག་གཅོད་བྱེད་དགོས་པ་རྣམས་མྱུར་དུ་ཐག་གཅོད་བྱེད་པའི་རེ་བ་ཡོད་ཅེས་བསྒྲགས། ཧྥིན་ལན་ཌི་དང་ཨུ་རུ་སུ་གཉིས་ལ་ས་མཚམས་སྤྱི་ལེ་༡༣༠༠་འདྲེས་ཡོད་པ་དང་ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་པའི་རྗེས་སུ་ཧྥིན་ལན་ཌི་གཞུང་དམངས་གཉིས་ཀས་ནུབ་ཆིངས་ཁོངས་སུ་ཞུགས་རྒྱུའི་ཐག་བཅད། འདས་པའི་ལོ་༨༠་ཡས་མས་ཤིག་གི་རིང་ཧྥིན་ལན་ཌིས་ཕྱོགས་སྒྲིག་སྤངས་ཏེ་བར་གནས་ཀྱི་ལངས་ཕྱོགས་བཟུང་བ་གཟའ་འཁོར་འདིར་མཇུག་བསྒྲིལ་རྒྱུའི་རྣམ་པ་ཞིག་ཐོན། གཟའ་ལྷག་པའི་ཉིན་ཧྥིན་ལན་ཌིའི་སྲིད་འཛིན་དང་དབྱིན་ཇིའི་སྲིད་བློན་གཉིས་ཀྱིས་ལྷན་དུ་བསྐོངས་པའི་གསར་འགོད་ལྷན་ཚོགས་ཐོག་ཏུ་སྲིད་འཛིན་ནེ་ནེ་སི་ཏོས་ང་ཚོ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་དགོས་པའི་རྒྱུ་རྐྱེན་ཨུ་རུ་སུར་ཐུག་ཡོད། ཨུ་རུ་སུས་རང་གིས་རང་ལ་མེ་ལོང་ནང་དུ་ལྟོས་ཤིག་ཅེས་བཀྲལ།།

ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཚོགས་འཐུས་རྒྱལ་ཁབ་དང་ཨུ་རུ་སུའི་ཁྱིམ་མཚེས་རྒྱལ་ཁབ་ཨེ་སི་ཊོ་ཎི་ཡའི་སྲིད་བློན་གྱིས་ང་ཚོའི་བྱང་ཕྱོགས་ཀྱི་ཁྱིམ་མཚེས་དེས་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཐག་གཅོད་ཅིག་བྱས་སོང་། ང་ཚོས་ཧྥིན་ལན་ཌི་གང་མགྱོགས་ནུབ་ཆིངས་ཀྱི་ཚོགས་འཐུས་ངོ་མ་ཞིག་ཏུ་འགྱུར་བར་ཕྱོགས་གང་ཐད་དུ་རྒྱབ་སྐྱོར་ཞུ་ཆོག་ཅེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ་ནས་རྟེན་འབྲེལ་ཞུས། སུད་ཌེན་གྱི་ཕྱི་སྲིད་བློན་ཆེན་གྱིས་ཀྱང་ཧྥིན་ལན་ཌིའི་གསལ་བསྒྲགས་དེས་བརྡ་ལན་གནད་འགག་ཅན་ཞིག་སྤྲད་པ་རེད་ཅེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སི་ཊོལ་ཊེན་བྷག་གིས་ཧྥིན་ལན་ཌི་དང་སུད་ཌེན་གཉིས་མཉམ་འབྲེལ་སྒྲིག་འཛུགས་འདིའི་ཁོངས་སུ་ཞུགས་རྒྱུའི་ཐག་གཅོད་བྱེད་ན་དགའ་བསུ་ཞུ་རྒྱུ་ཡིན། ཧྥིན་སུད་གཉིས་ཀར་དེང་རབས་ཀྱི་དམག་དཔུང་དང་མཚོན་ཆ་ཡོད་པས་ནུབ་ཆིངས་ཁོངས་སུ་ཞུགས་རྒྱུ་དེར་དལ་འགོར་འབྱུང་མི་སྲིད་ཅེས་བཤད། ནུབ་ཆིངས་ཀྱི་ལས་སྣེ་གཞན་ཚོས་ཧྥིན་སུད་གཉིས་བདུན་ཕྲག་འགའ་ཞིག་གི་ནང་ཚུད་དུ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་ཐུབ་ཅེས་གླེང་། ཧྥིན་ལན་ཌི་དང་སུད་ཌེན་གཉིས་ནུབ་ཆིངས་ཀྱི་ཚོགས་འཐུས་ངོ་མ་ཞིག་ལ་མ་འགྱུར་བར་དུ་ཨ་རི་དང་དབྱིན་ཇི་སོགས་ཀྱིས་ཧྥིན་སུད་གཉིས་ཀྱི་བདེ་འཇགས་སྲུང་སྐྱོབ་ལ་འགན་ལེན་བྱ་རྒྱུའི་ཁས་ལེན་ཐོབ། ཕྱི་ཟླ་༥་པའི་ཚེས་༡༡་ཉིན་དབྱིན་ཇིའི་སྲིད་བློན་ཧྥིན་ལན་ཌི་དང་སུད་ཌེན་གཉིས་ལ་འཚམས་འདྲིར་ཕེབས་ནས་དམག་དོན་མཉམ་འབྲེལ་གྱི་གྲོས་མཐུན་བཞག་ཅིང་། གྲོས་མཐུན་དེར་ཕན་ཚུན་གྱི་བདེ་འཇགས་སྲུང་སྐྱོབ་ལ་དགོས་མཁོ་བྱུང་ན་གཅིག་གིས་གཅིག་ལ་དམག་རོགས་བྱ་དགོས་ཞེས་བཀོད།།

དབྱིན་ཧྥིན་གཉིས་ཀྱི་གྲོས་མཐུན་དང་ཨ་རིའི་ཁག་ཐེག་སོགས་ཀྱི་དམིགས་ཡུལ་ནི་ཧྥིན་སུད་གཉིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཚོགས་འཐུས་ངོ་མ་ཞིག་ལ་མ་འགྱུར་གོང་དུ་ཨུ་རུ་སུའི་བཙན་འཛུལ་བྱུང་ན་ཨ་རི་དང་དབྱིན་ཇི་སོགས་ཀྱིས་ཧྥིན་སུད་ཟུང་གི་བདེ་འཇགས་སྲུང་སྐྱོབ་བྱ་རྒྱུའི་བཀོད་སྒྲིག་ཅིག་ཡིན་ཞིང་། དབྱིན་ཧྥིན་གཉིས་ཀྱི་འགོ་ཁྲིད་རྣམ་པས་མཉམ་དུ་བསྐོངས་པའི་གསར་འགོད་ལྷན་ཚོགས་ཐོག་ཏུ་སྲིད་འཛིན་ནེ་ནེ་སི་ཏོས་ང་ཚོ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་ཀྱི་ཡོད་པ་ཨུ་རུ་སུའི་བྱས་ཉེས་ལ་ཐུག་ཡོད་ཅེས་སྐྱོན་བཙུགས། གཟའ་ཕུར་བུའི་ཉིན་ཧྥིན་ལན་ཌིའི་སྲིད་འཛིན་གྱིས་ངས་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིར་བཀའ་མོལ་ཞུས་པ་ཡིན། ཡུཀ་རེན་ནུབ་ཆིངས་ཁོངས་སུ་ཞུགས་རྒྱུ་དེར་ཧྥིན་ལན་ཌིས་རྒྱབ་སྐྱོར་གཙང་མ་ཡོད། སྲིད་འཛིན་ཛེ་ལན་སི་ཀིས་ཀྱང་ཧྥིན་ལན་ཌི་ནུབ་ཆིངས་ཁོངས་སུ་ཞུགས་ཀྱི་ཡོད་པར་རྒྱབ་སྐྱོར་ཆ་ཚང་ཡོད་པའི་ལན་འདེབས་གནང་བྱུང་ཞེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། ཧྥིན་སུད་གཉིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཚོགས་འཐུས་མིན་རུང་འདས་པའི་ལོ་མང་རིང་ནུབ་ཆིངས་དང་མཉམ་འབྲེལ་དམག་སྦྱོང་བྱས་ནས་འབྲེལ་བ་དམ་ཟབ་ཚུགས། གཟའ་ཕུར་བུའི་ཉིན་སྲིད་འཛིན་ནེ་ནེ་སི་ཏོ་དང་སྲིད་བློན་མ་རིན་གཉིས་ཀྱིས་མཉམ་དུ་ཡུ་རོབ་གྲོས་ཚོགས་ཀྱི་ཁྲིམས་བཟོ་བ་ཚོར་ཧྥིན་ལན་ཌི་ནུབ་ཆིངས་ཁོངས་སུ་ཞུགས་རྒྱུའི་གསལ་བསྒྲགས་སྤེལ། ཧྥིན་ལན་ཌིའི་ཕྱི་སྲིད་བློན་ཆེན་གྱིས་ཨུ་རུ་སུའི་སྤྱོད་པར་ངེས་གཏན་མེད་པ་དེ་ཧླིན་ལན་ཌིས་བློ་འཚབ་བྱེད་དགོས་པའི་གནད་དོན་གཙོ་བོ་ཞིག་རེད། ཨུ་རུ་སུས་དམག་འཁྲུག་བསླངས་ནས་རང་གཞན་གཉིས་ཀ་ཕུང་ལ་སྦྱོར་བ་དང་མི་གསོད་ཁྲག་སྦྱོར་གྱི་འཐབ་འཁྲུག་སློང་རྒྱུར་འཛེམ་ཟོན་མི་འདུག ང་ཚོ་ནུབ་ཆིངས་ཁོངས་སུ་ཞུགས་ཀྱི་ཡོད་པ་ནི་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་ཧྥིན་ལན་ཌིའི་བདེ་འཇགས་ལ་ཉེན་ཁ་འཕྲད་མྱོང་མེད་པ་ཞིག་འཕྲད་ཀྱི་ཡོད་པའི་སྟབས་ཀྱིས་ཡིན་ཞེས་རྒྱུ་མཚན་བགྲངས།།

དུས་རབས་སྔོན་མའི་གྲང་དམག་དུས་སུ་ཧྥིན་ལན་ཌི་དང་སུད་ཌེན་གཉིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་མ་ཞུགས་པར་ཨུ་རུ་སུར་ཕོག་ཐུག་མི་གཏོང་རྒྱུའི་ཐབས་སུ་འབད། ཁོ་ཚོ་ཤར་ནུབ་གཉིས་ཀྱི་གང་གི་ཕྱོགས་སུའང་མ་ལངས་པར་བཏང་སྙོམས་སུ་བསྡད། ༡༩༥༠་ལོར་ཏུར་ཀི་དང་གྷེ་རི་སི། ནུབ་འཇར་མན་ཎི་གསུམ་ནུབ་ཆིངས་ཁོངས་སུ་ཞུགས་པར་སྐབས་དེའི་ཚོགས་འཐུས་རྒྱལ་ཁབ་༡༢་ཀྱིས་མོས་མཐུན་དང་ཆོག་མཆན་འགོད་པར་ཟླ་བ་༤་ལྷག་འགོར། ད་ལྟ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ལ་ཚོགས་འཐུས་རྒྱལ་ཁབ་༣༠་ཡོད་མོད། འོན་ཀྱང་ནུབ་ཆིངས་ཀྱི་ལས་སྣེ་ཚོས་ད་ལྟའི་དུས་སྐབས་འདི་རྒྱུན་ལྡན་གྱི་དུས་སྐབས་ཤིག་མ་རེད། དེས་ན་ཧྥིན་སུད་གཉིས་བདུན་ཕྲག་འགའ་ཞིག་གི་ནང་ཚུད་དུ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཚུད་ཐུབ་རྒྱུའི་རེ་བ་ཡོད་ཅེས་དུས་ཡུན་རིང་པོ་འགོར་རྒྱུ་མིན་པའི་རྣམ་འགྱུར་བསྟན། གཟའ་འཁོར་འདིར་ཧྥིན་ལན་ཌིའི་སྤྱི་དམངས་རླུང་འཕྲིན་ཁང་གིས་མི་མང་ལ་བསམ་ཚུལ་དྲིས་པའི་གྲུབ་འབྲས་ལྟར་ན། ཧྥི་ལན་བ་སྐད་ཆ་འདྲི་ཡུལ་བརྒྱ་ཆ་༧༦་གིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་རྒྱུ་དེར་རྒྱབ་སྐྱོར་ཡོད་ཅེས་ལན་བཏབ། ༢༠༢༢་ཀྱི་མགོ་སྟོད་དེར་ཧྥིན་ལན་བ་བརྒྱ་ཆ་༢༠་ནས་༣༠་ཡས་མས་ཤིག་གིས་མ་གཏོགས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་རྒྱུ་དེར་རྒྱབ་སྐྱོར་མ་ཐོབ། ཉེ་ཆར་ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱས་པའི་རྗེས་སུ་ཧྥིན་ལན་ཌིའི་མི་དམངས་ཀྱིས་རང་གི་བདེ་འཇགས་སྲུང་སྐྱོབ་ཀྱི་སྲིད་ཇུས་ལ་འགྱུར་བ་གཏོང་དགོས། ཨུ་རུ་སུ་ནི་སྔར་བཞིན་ཡིད་རྟོན་རུང་བའི་ཁྱིམ་མཚེས་ཤིག་མ་རེད། ཡུཀ་རེན་གྱི་འཕྲོ་ནས་ཧྥིན་ལན་ཌིར་བཙན་འཛུལ་བྱེད་སྲིད་པའི་ཉེན་ཁ་འདུག་ཅེས་ལྟ་ཚུལ་ལ་འགྱུར་བ་ཐེབས།།

ཧྥིན་ལན་ཌི་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་རྒྱུའི་ཐག་གཅོད་བྱས་པ་ཡིན་ཞེས་གསལ་བསྒྲགས་སྤེལ་བའི་རྗེས་སུ་ཨུ་རུ་སུའི་ཕྱི་སྲིད་ལྷན་ཁང་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དེར་འཁོད་པ་ལྟར་ན། ཧྥིན་ལན་ཌིའི་ཐག་གཅོད་དེས་ཕྱོགས་གཉིས་ཀྱི་འབྲེལ་བར་གནོད་སྐྱོན་ཆེན་པོ་ཕོག་ཏུ་བཅུག་ཡོད་པར་མ་ཟད། ཡུ་རོབ་བྱང་ཕྱོགས་ཀྱི་བདེ་འཇགས་དང་བརྟན་ལྷིང་ལ་དོ་ཕོག་བྱུང་སོང་། ཧྥིན་ལན་ཌིའི་ཐག་གཅོད་དེ་ཕྱི་སྲིད་ཐལ་དྲགས་པ་ཞིག་རེད། ཨུ་རུ་སུས་དེ་ལ་ལན་པ་མ་སློག་ཐབས་མེད་དུ་འགྱུར་རྒྱུ་དང་ང་ཚོའི་བདེ་འཇགས་ལ་ཉེན་ཁ་འབྱུང་སྲིད་པ་རྣམས་མེད་པར་གཏོང་དགོས་ཐུག་གི་རེད་ཅེས་སྡིགས་ར་བསྐུལ། ཡིན་ནའང་ཨུ་རུ་སུས་ལན་པ་ཅི་ཞིག་སློག་རྒྱུ་ཡིན་མིན་གསལ་བཀྲོལ་མ་བྱུང་། ཨུ་རུ་སུའི་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཕེ་སི་ཀོབ་ཀྱིས་ང་ཚོས་ལན་པ་སློག་སྟངས་ནི་ནུབ་ཆིངས་དམག་དོན་སྒྲིག་འཛུགས་རྒྱ་སྐྱེད་ཇི་ལྟར་གཏོང་རྒྱུ་ཡིན་མིན་དང་ང་ཚོའི་ས་མཚམས་སུ་དམག་སྒར་ཚུགས་རྒྱུ་ཡིན་མིན་སོགས་ལ་ཐུག་ཡོད་ཅེས་བཤད། ༡༩༣༩་དང་༡༩༤༠་ཐམ་པའི་དགུན་དུས་དེར་སི་ཏ་ལིན་གྱིས་དམར་དམག་ས་ཡ་༡་ལྷག་དྲངས་ནས་ཧྥིན་ལན་ཌིར་བཙན་འཛུལ་བྱས་པ་དང་མཐའ་མཇུག་ཧྥིན་ལན་ཌིའི་ས་ཆ་བརྒྱ་ཆ་༡༠་ཐམ་པ་ཨུ་རུ་སུར་ཤོར། ཁ་སང་ཕྱི་ཚེས་༡༢་ཉིན་ཨ་རི་ཤི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། གཟའ་པ་སངས་ཉིན་སུད་ཌེན་ཡང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་རྒྱུའི་གསལ་བསྒྲགས་སྤེལ་ཏེ་ལོ་༢༠༠་ལྷག་ལ་ཟུར་གནས་དང་དཔུང་སྒྲིག་སྤངས་པའི་སྲིད་ཇུས་ཤིག་བཟུང་བ་འདོར་ས་རེད། འོན་ཀྱང་སུད་ཌེན་གྱི་གཞུང་འཛིན་སྤྱི་ཚོགས་དམངས་གཙོ་ཚོགས་པའི་ནང་ཁུལ་དུ་གྲོས་ཚོགས་འཐུས་མི་རྣམས་རྩོད་པ་ཆེན་པོ་ཡོང་གི་འདུག འཐུས་མི་ཁག་ཅིག་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་རྒྱུ་དེར་འཐད་པ་མེད་པའི་གླེང་སློང་ཤུགས་ཆེན་བྱེད་ཀྱི་འདུག གྲོས་ཚོགས་འཐུས་མི་མང་དག་ཅིག་གིས་སུད་ཌེན་གྱི་འགོ་ཁྲིད་ཚོས་གནད་དོན་དེར་གྲོས་སྡུར་དང་སྦྱངས་བཤད་ལྷུག་པོ་བྱེད་པའི་གོ་སྐབས་སྤྲོད་ཀྱི་མི་འདུག སུད་ཌེན་ནུབ་ཆིངས་ཁོངས་སུ་ཞུགས་པའི་ཐག་གཅོད་བྱ་རྒྱུ་མགྱོགས་དྲགས་པ་རེད་ཅེས་ངོ་རྒོལ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG