ངོ་འཕྲད་བདེ་བའི་དྲ་འབྲེལ།

བྷ་ཌན་གྱི་ཁྲི་སྟོན་མཛད་སྒོ་དུས་སུ་གཏོར་རྒོལ་འབྱུང་རྒྱུའི་ཉེན་ཁ། 


༄༅།། ཨ་མི་རི་ཀའི་རྒྱལ་ནང་གི་གསང་བའི་ལས་ཁུངས་ཁག་གིས་ཇཱོ་བྷ་ཌན་གྱི་ཁྲི་སྟོན་མཛད་སྒོའི་ཉིན་མཐའ་ལྷུང་རིང་ལུགས་པ་ཚོས་གཏོར་རྒོལ་བྱ་རྒྱུའི་ཉེན་ཁ་ཆེ། བདུན་ཕྲག་སྔོན་མར་སྲིད་འཛིན་ཊམ་གྱི་རྒྱབ་སྐྱོར་བ་དཔུང་ཚོགས་ཤིག་གིས་ཨ་རིའི་གྲོས་ཚོགས་ལ་གཏོར་རྒོལ་ཚབས་ཆེན་བྱས་ནས་བཟུང་། ཨ་རིའི་རྒྱལ་ནང་གི་འཇིགས་སྐུལ་རིང་ལུགས་པ་ཚོ་བློ་ཁོག་ཇེ་ཆེར་སོང་འདུག ཁོ་ཚོས་ཕྱི་ལོ་༢༠༢༡་ལོར་གཏོར་རྒོལ་མུ་མཐུད་དུ་བྱ་རྒྱུའི་རྟགས་མཚན་ཡོད་པས་ཕྱི་ཚེས་༢༠་ཐམ་པ་མ་ཡོལ་བར་དུ་རྒྱལ་ཡོངས་ཀྱི་ཉེན་རྟོག་ལས་ཁུངས་ཁག་དང་བདེ་འཇགས་ཚན་པ་ཁག་གིས་སྔར་ལས་ལྷག་པའི་དོགས་ཟོན་བྱ་དགོས་ཞེས་ནང་ཁུལ་གྱི་རྩ་ཚིག་ཐེངས་འགའ་ཞིག་བཀྲམ་འདུག ཨ་རིའི་དབུས་ཞིབ་གཅོད་ལས་ཁུངས་དང་རྒྱལ་ནང་བདེ་འཇགས་ལྷན་ཁང་། རྒྱལ་ཡོངས་གསང་བའི་ལས་ཁུངས་བཅས་ཀྱིས་ཞིབ་འཇུག་བྱས་ནས་ཤེས་རྟོགས་བྱུང་བ་ལྟར་ན། སྲིད་འཛིན་ཊམ་གྱི་རྒྱབ་སྐྱོར་བ་ཚོས་ཨ་རིའི་གྲོས་ཚོགས་ཁང་ལ་གཏོར་རྒོལ་བྱས་ཐུབ་པ་ནི་བདེ་འཇགས་སྲུང་སྐྱོབ་ཀྱི་འཐུས་ཤོར་ཆེན་པོ་ཞིག་རེད། གྲོས་ཚོགས་ཀྱི་གཏོར་རྒོལ་དེ་རྒྱལ་ནང་གི་དྲག་སྤྱོད་པ་ཚོར་རྒྱལ་ཁ་ཐོབ་པ་ཞིག་ལ་རྩི་ཆོག ཨ་རིའི་དབུས་གཞུང་དང་མངའ་སྡེ་ཁག ས་གནས་ཁག་གི་ཉེན་རྟོག་ལས་ཁུངས་ཁག་དང་བདེ་འཇགས་ཚན་པ་ཁག་གི་འབྲེལ་བ་ཡར་རྒྱས་དང་གནས་ཚུལ་སྤྲོད་ལེན་བྱ་རྒྱུ་ཤུགས་ཆེ་རུ་གཏོང་དགོས། བདུན་ཕྲག་སྔོན་མར་ཞི་བའི་ངོ་རྒོལ་ལ་ཁ་གཡར་ནས་ཨ་རིའི་གྲོས་ཚོགས་ལ་དཔུང་རྒོལ་བྱས་པ་ནི་རྒྱལ་ནང་གི་འཇིགས་སྐུལ་རིང་ལུགས་པ་ཚོས་ཡུན་རིང་གི་དམིགས་ཡུལ་རྣམས་ལག་ལེན་བསྟར་རྒྱུའི་གོ་སྐབས་ཐོབ་པ་རེད་ཅེས་ཉེན་བརྡ་བཏང་འདུག

ཨ་རིའི་གསང་བའི་ལས་ཁུངས་ཁག་གིས་ཕྱི་ཟླ་དང་པོའི་ཚེས་༦་ཉིན་ལངས་པའི་ཟིང་འཁྲུག་དུས་སུ་མི་རིགས་དཀར་པོ་མཆོག་འཛིན་ཚོགས་པ་ཁག་མཉམ་འཛོམས་ཐུབ་པ་དང་དཔུང་སྟོབས་ངོམས་པ། ཁོ་ཚོའི་ཁྲིམས་འགལ་གྱི་ལྟ་གྲུབ་རྣམས་དྲིལ་བསྒྲགས་དང་ཁྱབ་སྤེལ་གཏོང་ཐུབ་པ་ཞིག་བྱུང་འདུག མཐའ་ལྷུང་རིང་ལུགས་པ་དེ་དག་གིས་གཞུང་འབྲེལ་མི་སྣ་བྱེ་བྲག་པ་དང་གཞུང་གི་ལས་ཁུངས་ཁག ཡེ་ཤུའི་ཆོས་དད་པ་མ་ཡིན་པ་དང་གྲངས་ཉུང་མི་རིགས། གསར་འགོད་པ་སོགས་ལ་གཏོར་རྒོལ་བྱ་སྲིད་པར་དོགས་ཟོན་བྱ་གལ་ཆེ། རྒྱལ་ནང་གི་འཇིགས་སྐུལ་རིང་ལུགས་པ་ཚོས་བྷ་ཌན་གྱི་ཁྲི་སྟོན་མཛད་སྒོའི་ཉིན་སྙིང་ནད་རྩོད་རྒྱུ་ཡིན། གྲོས་ཚོགས་ཀྱི་ཉེན་རྟོག་པ་ཚོས་མེ་མདའ་བརྒྱབ་ནས་ངོ་རྒོལ་བ་ཞིག་ལ་འཆི་སྐྱོན་བྱུང་བར་དགྲ་ཤ་ལེན་དགོས། ཨ་རིའི་སྲིད་གཞུང་དགྲ་འཛིན་གྱི་འཐབ་རྩོད་ཡུན་རིང་རྒྱུན་འཁྱོངས་བྱ་དགོས་ཞེས་དྲྭ་ལམ་དུ་ངན་སྐུལ་བྱེད་ཀྱི་འདུག ཁོ་ཚོའི་སྡུག་སྐད་རྒྱག་ས་གཙོ་བོ་ནི་ཌོ་ནལ་ཊམ་གྱིས་༢༠༢༠་ལོའི་སྲིད་འཛིན་འོས་འདེམས་དྲང་སྙོམས་བྱུང་མ་སོང་། འོས་བསྡུའི་གྲུབ་འབྲས་ལ་གཡོ་ཁྲམ་བྱས་སོང་ཞེས་རྫུན་སྒྲོགས་དང་ཨ་རིའི་དྲང་སྙོམས་ཀྱི་སྲིད་འཛིན་འོས་འདེམས་ཀྱི་གྲུབ་འབྲས་ཤིག་ལ་བསྙོན་འཛུགས་བྱེད་ཀྱི་ཡོད་པར་ཡིད་ཆེས་བྱེད་ཀྱི་འདུག ཁོ་ཚོར་སྔ་མོ་ནས་འཛམ་གླིང་ཡོངས་དང་རྒྱལ་ཁབ་ཁག་ལ་དྲག་གྲས་ཉུང་ཤས་ཤིག་གིས་དབང་སྒྱུར་བྱས་ནས་སྤྱི་ཚོགས་དང་ཆབ་སྲིད། དཔལ་འབྱོར་བཅས་ལ་གཡོ་ཁྲམ་བྱེད་ཀྱི་ཡོད་པའི་རྣམ་རྟོག་ཡོད་པར་སྲིད་འཛིན་ཊམ་གྱིས་ཁུངས་མེད་སྐྱོན་འཛུགས་ཁག་གིས་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་ཡོད་པ་གསལ་པོ་རེད། རྒྱལ་ནང་གི་མཐའ་ལྷུང་རིང་ལུགས་པ་ཚོས་ལྐོག་གཡོ་ངན་ཇུས་ཀྱི་གཞུང་ལུགས་དེ་བདེན་པར་བསྒྲུབ་རྒྱུ་ཤུགས་ཆེ་རུ་བཏང་སྟེ་ཟིང་འཁྲུག་སློང་རྒྱུའི་འཆར་གཞི་འདུག སྲིད་འཛིན་ཊམ་གྱིས་ཅི་ཞིག་བཤད་པ་རྣམས་རྗེས་འཇུག་པ་ཚོས་ཟློས་བརྗོད་གཅིག་པ་གཅིག་རྐྱང་བྱས་ནས་ངོ་རྒོལ་གྱི་ལས་འགུལ་དེར་ངར་ཤུགས་ཐེབས་ཀྱི་འདུག་ཅེས་བསྟན།།

ཨ་མི་རི་ཀའི་གསང་བའི་སྲི་ཞུ་ཁང་གི་དྲྭ་ལམ་མྱུལ་ཞིབ་ཚན་པས་གནས་ཚུལ་ཕྱོགས་བསྡུས་བྱས་པ་ལྟར་ན། ཨ་རིའི་རྒྱལ་ཡོངས་རྒྱལ་གཅེས་རིང་ལུགས་ཚོགས་པས་སྲིད་འཛིན་ཊམ་གྱི་རྒྱབ་སྐྱོར་བ་ཚོར་ཕྱི་ཚེས་༡༦་་ཉིན་ཨ་རིའི་གྲོས་ཚོགས་དང་ཕོ་བྲང་དཀར་པོ། ཆེས་མཐོའི་ཁྲིམས་ཁང་སྟེ། ཨ་མི་རི་ཀའི་དམངས་གཙོའི་ཀ་བ་གསུམ་གྱི་མཚོན་དོན་རྣམས་མཐའ་བསྐོར་དགོས། སྲིད་འཛིན་ཌོ་ནལ་ཊམ་གྱིས་བསྐོ་བཞག་བྱས་པའི་ལས་སྣེ་ཁག་མ་གཏོགས་འགྲོ་འོང་བྱེད་དུ་འཇུག་རྒྱུ་མིན། ཨ་རིའི་རྒྱལ་ཡོངས་ཀྱི་མངའ་སྡེ་༥༠་པའི་རྒྱལ་ས་ཁག་ལ་མཚོན་ཆ་བཟུང་ནས་ངོ་རྒོལ་བྱེད་དུ་ཤོག ༢༠༡༦་ནས་༢༠༢༠་བར་དུ་ཨ་རིའི་སྲིད་དབང་འཕྲོག་ཐབས་ཀྱི་ལས་དོན་ལ་འབྲེལ་བ་ཡོད་པའི་དམངས་གཙོ་ཚོགས་པའི་སྲིད་དོན་པ་རྣམས་བཀག་ཉར་བྱ་དགོས། བྷུ་གྷ་ལུ་ལས་འགུལ་ཚོགས་པས་རང་གི་ཚོགས་མི་ཚོར་མཚོན་ཆ་བཟུང་ནས་ཝ་ཤིང་ཊོན་གྱི་རྗེས་དྲན་རྡོ་རིང་འདབས་ནས་ཕོ་བྲང་དཀར་པོའི་བར་དུ་དཔུང་སྐྱོད་བྱ་འཆར་ཡོད། བྷུ་གྷ་ལུ་ལས་འགུལ་ཚོགས་པའི་ཚོགས་མི་ཚོས་རང་རང་གི་མཚོན་ཆ་རྣམས་ཝ་ཤིང་ཊོན་ལ་ཁྱེར་ཤོག་ཅེས་སྐུལ་བརྡ་གཏོང་གི་འདུག སྲིད་འཛིན་ཊམ་གྱི་རྒྱབ་སྐྱོར་བ་ཚོས་དྲྭ་ལམ་དུ་འཆར་འགོད་བྱེད་ཀྱི་ཡོད་པ་རྣམས་ལག་ལེན་བསྟར་ཚེ། ཇཱོ་བྷ་ཌན་གྱི་ཁྲི་སྟོན་མཛད་སྒོའི་ཉིན་ཉུང་མཐར་ཡང་རྒྱལ་ས་ཝ་ཤིང་ཊོན་གྱི་ཉེ་འཁོར་དུ་ངོ་རྒོལ་ལས་འགུལ་མ་འདྲ་བ་༣༥་སྤེལ་རྒྱུའི་གྲ་སྒྲིག་བྱེད་ཀྱི་འདུག་ཅེས་བཤད། ལས་འགུལ་ཚོགས་པ་གཅིག་གིས་མི་ས་ཡ་གཅིག་གི་དཔུང་སྐྱོད་བྱ་དགོས། མི་ཚང་མས་མེ་མདའ་ཁྱེར་ཤོག ང་ཚོས་ཕར་རྒོལ་བྱ་རྒྱུ་མིན། རང་སྲུང་ཚུལ་བཞིན་བྱ་རྒྱུ་ཡིན་ཞེས་བཀོད་ཁྱབ་བཏང་མོད། འོན་ཀྱང་ཨ་རིའི་དྲྭ་ལམ་བཟོ་ཚོང་ལས་ཁང་གིས་སྤྱི་ཚོགས་ལ་དྲག་ཟིང་སློང་མཁན་དང་ངན་སྐུལ་བྱེད་མཁན། མི་སྣ་དོགས་ཅན་ཚོའི་དྲྭ་ལམ་ཡོད་ཚད་སྒོ་བརྒྱབ་པའི་རྗེས་སུ་གྲོས་སྡུར་ཅི་ཞིག་བྱེད་ཀྱི་ཡོད་མེད། ཁོ་ཚོས་འཆར་འགོད་ཅི་ཞིག་བྱེད་ཀྱི་ཡོད་པ་རྣམས་རྟོག་ཞིབ་བྱེད་མི་ཐུབ་པ་ཞིག་ཏུ་གྱུར་སོང་ཞེས་ཨ་རིའི་གསང་བའི་སྲི་ཞུ་ཁང་གི་ལས་སྣེ་ཚོས་གསར་འགོད་པ་ཚོར་ནང་མོལ་བྱས་འདུག

མངའ་སྡེ་ཨོ་རེ་གྷན་དུ་༢༠༢༠།༡༢།༢༡ ཉིན་བྱུང་བའི་ངོ་རྒོལ་དྲག་ཟིང་།
མངའ་སྡེ་ཨོ་རེ་གྷན་དུ་༢༠༢༠།༡༢།༢༡ ཉིན་བྱུང་བའི་ངོ་རྒོལ་དྲག་ཟིང་།

ཨ་རིའི་ཉེན་རྟོག་པ་ཚོས་རྒྱལ་ས་ཝ་ཤིང་ཊོན་གྱི་རྒྱལ་ཡོངས་གྲོས་ཚོགས་དང་མངའ་སྡེ་ཁག་གི་གྲོས་ཚོགས། མངའ་སྡེའི་སྤྱི་ཁྱབ་སོགས་ཀྱི་ལས་ཁུངས་ཁག་ལ་གཏོར་རྒོལ་འཕོག་སྲིད་པའི་བློ་འཚབ་བྱེད་ཀྱི་ཡོད་པར་མ་ཟད། ཨ་རིའི་གྲོས་ཚོགས་འཐུས་མི་རྣམས་དང་མངའ་སྡེའི་སྤྱི་ཁྱབ་ཁག་ཀྱང་བཙན་ཁྲིད་བྱ་སྲིད། ཟླ་ཤས་གོང་དུ་སྲིད་འཛིན་ཊམ་གྱི་རྒྱབ་སྐྱོར་བ་ཚོས་མཱི་ཆི་གྷན་མངའ་སྡེའི་སྤྱི་ཁྱབ་བཙན་ཁྲིད་བྱ་རྒྱུའི་ལྐོག་ཇུས་བཤམས། ཉེ་དུས་ཤིག་ནས་མཐའ་ལྷུང་རིང་ལུགས་པ་དེ་དག་གིས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ནན་སི་ཕེ་ལོ་སི་བཙན་ཁྲིད་བྱས་ནས་དམར་གསོད་བྱ་དགོས་ཞེས་གླེང་སློང་བྱ་རྒྱུ་ཤུགས་ཆེ་རུ་སོང་ཞིང་། བདུན་ཕྲག་སྔོན་མའི་དྲག་རྒོལ་དུས་སུ་ཨ་རིའི་གྲོས་ཚོགས་ཀྱི་ཉེན་རྟོག་པ་ཁག་ཅིག་གིས་ངོ་རྒོལ་དཔུང་འཛུལ་བ་རྣམས་མ་བཀག་པ་དང་འཛིན་བཟུང་མ་བྱས་པའི་གནས་ཚུལ་ཐོན། ཌོ་ནལ་ཊམ་གྱི་ངན་སྐུལ་ངོ་རྒོལ་ལ་མངའ་སྡེ་ཁག་གི་གྲོས་ཚོགས་འཐུས་མི་དང་ཉེན་རྟོག་པ་སོགས་མཉམ་ཞུགས་བྱས་འདུག དེར་བརྟེན་ཨ་རིའི་མངའ་སྡེ་ཁག་ནས་རྒྱལ་ཡོངས་གྲོས་ཚོགས་ཀྱི་ཕྱི་ནང་ཀུན་ཏུ་བདེ་འཇགས་སྲུང་སྐྱོབ་པ་ཡུལ་སྲུང་དམག་༢༥༠༠༠་ལྷག་འབོད་འགུགས་བྱས་ནས་བཀྲམ། གྲོས་ཚོགས་ཀྱི་བདེ་འཇགས་ཉེན་རྟོག་པའི་འགོ་ཁྲིད་ཀྱིས་ལས་གནས་ནས་རྩ་དགོངས་ཞུས། གྲོས་ཚོགས་འཐུས་མི་ཚོ་དང་གཞུང་གི་ལས་སྣེ་རྣམས་ཨ་རིའི་ཉེན་རྟོག་པ་ཁག་ཅིག་ལ་ཡིད་ཆེས་མེད་པར་གྱུར། སྲིད་འཛིན་ཊམ་གྱིས་ཨ་རིའི་ཉེན་རྟོག་པས་གདུག་རྩུབ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་དང་དམངས་གཙོ་ཚོགས་པའི་འཐུས་མི་ཚོས་ཉེན་རྟོག་པའི་རྩུབ་སྤྱོད་ལ་ངོ་རྒོལ། ཐ་ན་ཨ་མི་རི་ཀའི་ཉེན་རྟོག་པའི་གྲས་སུའང་སྲིད་འཛིན་ཊམ་ལ་རྒྱབ་སྐྱོར་དང་སྲིད་འཛིན་ཊམ་གྱི་ཁུངས་མེད་རྫུན་གཏམ་ལ་ཡིད་ཆེས་བྱེད་མཁན་མང་དག་ཅིག་ཡོད་འདུག

འོས་བསྡུའི་གྲུབ་འབྲས་རྐུ་འཁྱེར་མཚམས་འཇོག་བྱ་དགོས་ཟེར་བའི་ལས་འགུལ་ཚོགས་པའི་འགོ་ཁྲིད་ཨ་ལི་ཨ་ལིཀ་ཛན་ཌར་གྱིས་བཤད་པ་ལྟར་ན། ཁོ་ཚོར་ཨ་རིའི་གྲོས་ཚོགས་འཐུས་མི་ཨན་ཌི་བྷི་གྷི་སི་དང་མཱོ་བྷུ་རུཀ་སི། ཕོལ་གྷོ་སར་གསུམ་གྱིས་ཕྱི་ཟླ་དང་པོའི་ཚེས་༦་གི་ངོ་རྒོལ་ལ་འཆར་འགོད་དང་གྲོས་ཚོགས་ནང་ཁུལ་གྱི་བདེ་འཇགས་སྲུང་སྐྱོབ་ཀྱི་གནས་ཚུལ་རྣམས་མཁོ་སྤྲོད་བྱས་སོང་། ཁོ་ཚོས་ཨ་རིའི་གྲོས་ཚོགས་སུ་ཇཱོ་བྷ་ཌན་ལ་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་པར་མཐའ་མའི་ངེས་གཏན་བྱ་རྒྱུ་ནར་འགྱངས་བཏང་ནས་འགོག་ཐབས་བྱ་དགོས། ང་ཚོས་ཕྱི་ལོགས་སུ་ངོ་རྒོལ་བྱས་ནས་གྲོས་ཚོགས་འཐུས་མི་ཚོར་གནོན་ཤུགས་ཡོད་ཚད་སྤྲོད་རྒྱུའི་གྲོས་སྡུར་བྱས་པ་ཡིན་ཞེས་བཤད་པའི་བརྙན་འཕྲིན་ཞིག་དྲྭ་ལམ་དུ་བསྟན། གྲོས་ཚོགས་འཐུས་མི་གྷོ་སར་གྱི་མགྲིན་ཚབ་པ་ཞིག་གིས་ཨ་ལི་ཨ་ལིཀ་ཛན་ཌར་གྱི་སྐད་ཆ་དེ་བདེན་པ་ཡིན་མིན་ལ་འགྲེལ་བཤད་གང་ཡང་མ་བརྒྱབ། གྲོས་ཚོགས་འཐུས་མི་བྷི་གྷི་སིའི་མགྲིན་ཚབ་པས་ཨ་ལི་ཨ་ལིཀ་ཛན་ཌན་གྱི་སྐད་ཆ་དེ་རྣམས་རྫུན་གཏམ་ཁོ་ན་རེད། གྲོས་ཚོགས་འཐུས་མི་བྷི་གྷི་སི་མི་དེར་ཐུག་པ་དང་སྐད་ཆ་བཤད་པ་ཅི་ཡང་དྲན་གྱི་མི་འདུག ཁོང་གིས་ངན་སྐུལ་དང་གྲོས་སྡུར་བྱ་རྒྱུ་ལྟ་ཞོག ཨ་རིའི་གྲོས་ཚོགས་ལ་དྲག་རྒོལ་འབྱུང་རྒྱུ་ཡིན་པའང་ཤེས་རྟོགས་ཐུབ་མི་འདུག་ཅེས་དགག་པ་བརྒྱབ། གྲོས་ཚོགས་འཐུས་མི་བྷུ་རུཀ་སི་ལ་གསར་འགོད་པས་འབྲེལ་བ་བྱས་ཀྱང་ཕྱིར་ལན་གང་ཡང་མ་ཐོབ། གྲོས་ཚོགས་འཐུས་ཁག་ཅིག་གིས་ཉིན་དེར་མི་ཚོགས་གྲས་སུ་གཏམ་བཤད་བྱས་ཤིང་། ཁ་སང་གཟའ་ལྷག་པའི་ཉིན་ཨ་རིའི་གྲོས་ཚོགས་འོག་མས་སྲིད་འཛིན་ཊམ་ལ་ཉེས་འཛུགས་བྱ་རྒྱུའི་འོས་ཤོག་འཕངས་ཡོད་པ་རེད།།

XS
SM
MD
LG