ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་ནག་གི་ནག་ཚོང་ཁྲོམ་རའི་ནང་དུ་རྒྱ་གར་གྱི་སྨན་རྫུན་མ་ཚོང་འགྲེམ། 


༄༅།། དེང་སྐབས་རྒྱ་ནག་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་འགོག་བཅོས་ཀྱི་སྨན་རག་གི་མེད་པའི་དཀའ་ངལ་ཆེན་པོ་འཕྲད་བཞིན་པའི་སྐབས་འདིར་རྒྱ་གར་ནས་ཐོན་པའི་ཏོག་དབྱིབས་ནད་དུག་འགོག་བཅོས་ཀྱི་སྨན་རྫུན་མ་མང་པོ་རྒྱ་ནག་གི་ནག་ཚོང་ཁྲོམ་རའི་ནང་དུ་ཚོང་འགྲེམ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་དང་པོའི་ཚེས་༨་ཉིན་རྒྱ་གར་གྱི་ཧིན་རྡུ་ཉིན་རེའི་ཚགས་པར་གྱིས་གདངས་དྲུག་གསར་ཁང་གི་གནས་ཚུལ་ལུང་འདྲེན་བྱས་ནས་གསར་འགྱུར་སྤེལ་བ་ལྟར་ན། རྒྱ་ནག་གི་སྨན་པ་དང་འཕྲོད་བསྟེན་མཁས་པ་ཚོས་རྒྱ་ནག་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ལྡབ་འགྱུར་གྱིས་ཇེ་མང་དུ་འགྲོ་བཞིན་ཡོད་པས་ཧྥེ་ཛར་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་ཏོག་དབྱིབས་དབྱིབས་ནད་དུག་འགོག་བཅོས་ཀྱི་སྨན་ཏེ། ཕེཀ་སི་ལ་ཝི་ཌི་ཞེས་པའི་སྨན་དེ་དགོས་མཁོ་ཆེན་པོ་ཡོད་པས་རྒྱ་གར་བ་ཚོས་ཧྥེ་ཛར་སྨན་སྦྱོར་བཟོ་ཚོང་ཁང་གིས་སྨན་ཕེཀ་སི་ལ་ཝི་ཌི་རྫུན་མ་བཟོས་ནས་ལས་རྟགས་འདྲ་པོ་ཞིག་བརྒྱབ། སྨན་རྫུན་མ་དེ་རྣམས་རྒྱ་ནག་གི་ནག་ཚོང་ཁྲོམ་རའི་ནང་དུ་འཚོང་གི་འདུག རྒྱ་ནག་གི་ནད་པ་ཚོས་ནག་ཚོང་ཁྲོམ་རའི་ནང་གི་སྨན་རྫུན་མ་དེ་ཚོར་དོགས་ཟོན་བྱ་དགོས་པའི་ཉེན་བརྡ་བཏང་ཞིང་། ཧྥེར་ཛར་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་ཕེཀ་སི་ལ་ཝི་ཌི་སྨན་ངོ་མ་ནི་རྒྱ་ནག་གི་གཞུང་འབྲེལ་སྨན་ཁང་ཁག་ཏུ་མ་གཏོགས་ཚོང་འགྲེམ་བྱ་རྒྱུ་མེད་པ་དང་སྨན་དེ་ཧ་ཅང་དཀོན། སྨན་པ་ཚོས་ནད་པ་ཚབས་ཆེ་ཆུང་ལ་གཞིགས་ནས་ཕེཀ་སི་ལ་ཝི་ཌི་སྨན་དེ་སྤྲོད་པ་ལས་གང་བྱུང་མི་སྟེར། དུས་སྐབས་ཕལ་ཆེ་བར་རྒྱ་ནག་གི་སྨན་པ་ཚོས་རྒན་རྒོན་ཚོར་སྨན་དེ་སྤྲོད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ཉེ་ཆར་ཕྱི་ཟླ་༡༢་པའི་ཚེས་༧་ནས་རྒྱ་ནག་གིས་ཏོག་དབྱིབས་ནད་དུག་གཙང་སེལ་སྲིད་ཇུས་ཕྱིར་བསྡུ་བྱས་ནས་བཟུང་། རྒྱ་ནག་གི་དྲྭ་ལམ་ཁག་ཏུ་སྨན་གྱི་ཚོང་ལས་ཤུགས་ཆེན་པོ་ཞིག་དར། རྒྱ་ནག་གི་ནག་ཚོང་ཁྲོམ་རའི་ནང་དུ་ཕེཀ་སི་ལ་ཝི་ཌི་སྨན་ངོ་མ་སྒམ་ཆུང་རེར་རྒྱ་སྒོར་ཁྲི་༥་ཡས་མས་རེ་བྱས་ནས་འཚོང་གི་ཡོད་པས་མི་མང་རྣམས་འུ་ཐུག་སྟེ་སྨན་རྫུན་མ་རིན་གོང་ཁེ་པོ་རྣམས་ཉོ་དགོས་པར་གྱུར། རྒྱ་ནག་གི་སྨན་པ་ཚོས་བརྟག་དཔྱད་ཁང་དུ་རྒྱ་གར་གྱི་སྨན་དེ་ཚོར་བརྟག་དཔྱད་བྱས་པའི་རྗེས་སུ་སྨན་གྱི་རྒྱུ་ཆ་མང་ཆེ་བ་རྫུན་མ་ཡིན་པ་རྩད་ཚོད། རྒྱ་ནག་གི་དྲཱ་ལམ་དུ་རྒྱ་གར་ནས་ཐོན་པའི་རྟོག་དབྱིབས་ནད་དུག་འགོག་བཅོས་ཀྱི་སྨན་སྣ་ཁ་བཞི་འཚོང་གི་ཡོད་པ་སྟེ། པ་རི་མོ་ཝིར་དང་ཕེཀ་སི་ས་ཏ། མོལ་ལུ་ན་ཏ་དང་མོལ་ན་ཏ་རི་སི་རྣམས་ཡིན་འདུག

རྒྱ་གར་གྱི་ཧིན་རྡུ་ཉིན་རེའི་ཚགས་པར་གྱིས་མུ་མཐུད་དུ་གདངས་དྲུག་གསར་ཁང་གི་གནས་ཚུལ་ལུང་འདྲེན་བྱས་ནས་གསར་འགྱུར་སྤེལ་བ་ལྟར་ན། པ་རི་མོ་ཝིར་དང་ཕེཀ་སི་ས་ཏ་གཉིས་ནི་ཕྱི་རྒྱལ་གྱི་སྨན་ཕེཀ་སི་ལོ་ཝི་ཌི་ལ་དཔེ་བལྟས་ནས་བཟོས། མོལ་ལུ་ན་ཏ་དང་མོལ་ན་ཏ་རི་སི་གཉིས་ནི་རྒྱ་གར་རང་གིས་བཟོས་པའི་ཏོག་དབྱིབས་ནད་དུག་འགོག་བཅོས་ཀྱི་སྨན་ཞིག་ཡིན་ཞིང་། ༢༠༢༡་གི་ཕྱི་ཟླ་༤་པ་ནས་༦་པ་དང་༢༠༢༢་ལོའི་ཕྱི་ཟླ་༡་ནས་༤་པའི་བར་དུ་རྒྱ་གར་ལ་ཏོག་དབྱིབས་ནད་དུག་ཁྱབ་སྟེ་ཛ་དྲག་བྱུང་བའི་སྐབས་སུ་སྨན་སྣ་ཁ་བཞི་པོ་དེ་བཀོལ་སྤྱོད་བྱས་ཀྱང་རྒྱ་ནག་གིས་རྒྱ་གར་གྱི་སྨན་དེ་ཚོ་ཁྲིམས་མཐུན་དུ་རྒྱ་ནག་ལ་བཙོང་ཆོག་པའི་ཆོག་མཆན་མ་བཀོད། ད་སྔ་རྒྱ་གར་གྱི་སྨན་རྫུན་མ་དེ་ཚོས་མི་ལ་གནོད་སྐྱོན་ཕོག་པའི་གནས་ཚུལ་གང་ཡང་ཐོན་མེད་ཀྱང་རྒྱ་ནག་གི་སྨན་པ་མཁས་པ་ཚོས་རྒྱ་གར་གྱི་སྨན་དེ་ཚོས་ཏོག་དབྱིབས་ནད་དུག་འགོག་བཅོས་མ་ཐུབ། ནད་པ་ཚོས་སྨན་དེར་ཡིད་ཆེས་བྱས་ནས་སྨན་བཅོས་གཞན་པ་བྱ་རྒྱུ་མིན་པ་དང་དེ་ནས་སྡུག་ཏུ་འགྲོ་རྒྱུའི་བློ་འཚབ་སྐྱེས། སྔོན་ཆད་རྒྱ་ནག་གི་དྲྭ་ལམ་དུ་རྒྱ་གར་ནས་ཐོན་པའི་སྐྲན་ནད་འགོག་བཅོས་ཀྱི་སྨན་འཚོང་གི་ཡོད་པ་དེ་དག་གིས་ཀྱང་ད་ལྟ་ཏོག་དབྱིབས་ནད་དུག་འགོག་བཅོས་ཀྱི་སྨན་འཚོང་འགོ་ཚུགས། རྒྱ་ནག་པ་ཁག་ཅིག་གིས་དྲྭ་ལམ་ནས་ཉོས་པའི་སྨན་དེར་བརྟག་དཔྱད་བྱས་པ་དང་སྨན་དེའི་ནང་དུ་ཚང་དགོས་པའི་རྒྱུ་ཆ་ནིར་མ་ཏ་རེལ་ཝིར་ཚང་མི་འདུག་ཟེར། ཕྱི་ཟླ་༡༢་པའི་ཚེས་༡༣་ཉིན་རྒྱ་ནག་གི་ཧྭ་ཏ་ཅི་ཐཱོན་གྱི་འགོ་ཁྲིད་དབྱིན་ཡེས་ང་ཚོས་རྒྱ་གར་ནས་ཐོན་པའི་སྨན་༡༤༣་གྱི་དཔེ་མཚོན་ལ་བརྟག་དཔྱད་བྱས་པ་ཡིན། པ་རི་མོ་ཝིར་ཞེས་པའི་སྨན་གཅིག་པུའི་ནང་དུ་ནིར་མ་ཏ་རེལ་ཝིར་རྒྱུ་ཆ་དེ་ཚང་འདུག་ཅེས་བསྟན།།

རྒྱ་ནག་གིས་བཟོས་པའི་སྨན་ཁབ་ཁག་ལ་ཏོག་དབྱིབས་ནད་དུག་འགོག་ཐུབ་པའི་ནུས་པ་ཞན་པ་དང་ཞིས་ཅིན་ཕིང་གིས་ཕྱི་རྒྱལ་གྱི་སྨན་ཁབ་ནང་འདྲེན་བྱ་རྒྱུར་སྦམ་བཟུང་། འཛམ་གླིང་རྒྱལ་ཁབ་གཞན་ལྟར་རྒྱ་ནག་གིས་རང་གི་སྤྱི་དམངས་བགྲེས་སོང་ཚོར་འགོག་ཁབ་རྒྱག་ཐུབ་མེད་པས་རྒན་རྒོན་གཙོ་བོར་གྱུར་པའི་མི་ཁྲི་ཚོ་མང་པོར་ཏོག་དབྱིབས་ནད་དུག་འགོས་ནས་འཆི་བཞིན་ཡོད་ཅིང་། ༢༠༡༩་ལོར་རྒྱ་ནག་གིས་སྨན་ནང་འདྲེན་བྱེད་མི་ཆོག་པའི་བཀག་སྡོམ་ལྷུག་ཡངས་བཏང་བའི་རྗེས་སུ་རྒྱ་གར་ནས་སྐྲན་ནད་འགོག་བཅོས་ཀྱི་སྨན་སོགས་སྨན་རིགས་སྣ་མང་ཞིག་རྒྱ་ནག་ལ་ནང་འདྲེན་བྱ་རྒྱུ་མགོ་བརྩམས། པེ་ཅིང་གི་རྗེས་དྲན་སྨན་སྦྱོར་ཁང་གི་འགོ་ཁྲིད་ཧོ་ཞའོ་པིང་གིས་གདངས་དྲུག་གསར་འགྱུར་ལས་ཁུངས་ལ་རྒྱ་གར་ནི་སྨན་ཚད་ལྡན་བཟོ་ཐུབ་པ་དང་ང་ཚོས་རིན་གོང་ཁེ་པོ་བྱས་ནས་ནང་འདྲེན་བྱ་ཡུལ་རྒྱལ་ཁབ་འབའ་ཞིག་དེ་ཡིན། རྒྱ་གར་གྱིས་བཟོས་པའི་ཏོག་དབྱིབས་ནད་དུག་འགོག་བཅོས་ཀྱི་སྨན་དེར་ནུས་པ་ཡོད་པར་ཁག་ཐེག་བྱེད་ཐུབ། ཡིན་ནའང་ད་ལྟ་ནད་པ་མང་དྲགས་པ་དང་སྨན་གྱི་དགོས་མཁོ་ཆེ་རུ་འགྲོ་བཞིན་ཡོད་པས་ཁྲིམས་འགལ་གྱི་ཚོགས་པ་ཁག་གིས་སྨན་རྫུན་མ་བཟོས། སྨན་རྫུན་མ་དེ་ཚོས་ནད་པར་སྨན་བཅོས་བྱས་ནས་ནམ་ཡང་དྲག་སྐྱེད་འབྱུང་མི་ཐུབ་ཅེས་བཀྲལ། ཉེ་དུས་ཤིག་ནས་རྒྱ་ནག་གི་ས་གནས་ཁག་ཏུ་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་མིའི་གྲངས་འབོར་ནི་ས་ཡ་དང་བྱེ་བ་མིན་པར་དུང་ཕྱུར་དང་དུང་ཕྱུར་བརྒལ་གྱི་ཡོད་མོད། འོན་ཀྱང་རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་སྟོང་ཕྲག་འགའ་རེ་དང་མི་ལྔ་དྲུག་རེར་ཏོག་དབྱིབས་ནད་དུག་འགོས་ནས་འཆི་སྐྱོན་ཕོག་སོང་ཞེས་གྲངས་ཐོ་ཐ་དད་ཅིག་གསལ་བསྒྲགས་སྤེལ་གྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་དང་པོའི་ཚེས་༩་ཉིན་དབྱིན་ཇིའི་གྷར་ཌི་ཡན་གསར་ཤོག་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་དབུས་ཕྱོགས་ཀྱི་ཧོ་ནན་ཞིང་ཆེན་གྱི་མི་འབོར་བརྒྱ་ཆ་༩༠་ཡས་མས་ཤིག་ལ་ཏོག་དབྱིབས་ནད་དུག་འགོས་འདུག་ཅེས་ས་གནས་ཀྱི་གཞུང་འབྲེལ་མི་སྣ་ཞིག་གིས་ངོས་ལེན་བྱས་ཤིང་། ཕྱི་ཟླ་དང་པོའི་ཚེས་༦་ཉིན་ཧོ་ནན་ཞིང་ཆེན་གྱི་འཕྲོད་བསྟེན་ལྷན་ཁང་གི་འགན་འཛིན་ཁཱང་ཆོན་ཁྲེང་གིས་ཚོགས་འདུ་ཞིག་གི་ཐོག་ཏུ་ཞིང་ཆེན་དེར་མི་གྲངས་ས་ཡ་༩༩་དང་འབུམ་༤་ཡོད། མི་གྲངས་བརྒྱ་ཆ་༨༩་ལྷག་ལ་ཏོག་དབྱིབས་ནད་དུག་འགོས་ཟིན་འདུག་ཅེས་བསྒྲགས། ཕྱི་ཟླ་དང་པོའི་ཚེས་༢༢་ནས་རྒྱ་ནག་གི་ལོ་སར་ཡིན་པ་དང་མི་གྲངས་དུང་ཕྱུར་མང་པོ་འགྲིམ་འགྲུལ་བྱེད་ཀྱི་ཡོད་པས་ལོ་སར་རྗེས་སུ་རྒྱ་ནག་ལ་སླར་ཡང་ནད་རླབས་གཉིས་པ་ཞིག་འཕྱུར་རྒྱུའི་ཉེན་ཁ་ཤིན་ཏུ་ཆེ། གཟའ་སྤེན་པ་གཅིག་པུར་རྒྱ་ནག་ནང་ཁུལ་དུ་མི་ས་ཡ་༣༤་དང་འབུམ་༧་གྲོང་ཁྱེར་ཁག་ནས་གྲོང་གསེབ་ཁག་ཏུ་བསྐྱོད། རྒྱ་ནག་གཞུང་གིས་དཔལ་འབྱོར་དང་ཚོང་ལས་ཉམས་ཆག་འགྲོ་བཞིན་པ་སླར་གསོ་འབྱུང་ཐབས་སུ་ནད་འགོག་གི་སྲིད་ཇུས་དམ་པོ་དེ་ཕྱིར་བསྡུར་བྱས་ཀྱང་མི་གྲངས་དུང་ཕྱུར་མང་པོར་ཏོག་དབྱིབས་ནད་དུག་འགོས་ཚེ། རྒྱ་ནག་གི་དཔལ་འབྱོར་དང་ཚོང་ལས་སླར་གསོ་འབྱུང་དཀའ། རྒྱལ་ཁབ་ཕལ་མོ་ཆེས་རྒྱ་ནག་ནས་ཡོང་བའི་འགྲུལ་པ་ཚོས་རང་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱས་པའི་དཔང་ཡིག་སྟོན་དགོས་ཟེར་གྱི་ཡོད་པར་མ་ཟད། རྒྱལ་ཁབ་འགའ་ཞིག་གིས་གནམ་ཐང་ཁག་ཏུ་རྒྱ་ནག་གི་འགྲུལ་པ་ཚོར་བརྟག་དཔྱད་བྱ་རྒྱུའི་སྲིད་ཇུས་ལག་ལེན་བསྟར། རྒྱལ་སྤྱིའི་འཕྲོད་བསྟེན་མཁས་པ་ཚོས་ལོ་འདིར་རྒྱ་ནག་པ་ས་ཡ་༡་ལྷག་ཏོག་དབྱིབས་ནད་དུག་གིས་འཆི་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན།།

ཕྱི་ཟླ་དང་པོའི་ཚེས་༩་ཉིན་ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་འགོས་པའི་ནད་པའི་གྲངས་འབོར་དང་མི་ལ་ནད་དུག་འགོས་ནས་འཆི་སྐྱོན་བྱུང་བའི་གྲངས་འབོར་ཁ་གསལ་ཞིག་ཕྱིར་བསྒྲགས་བྱེད་ཀྱི་མི་འདུག ཡིན་ནའང་རྒྱ་ནག་གི་སྨན་ཁང་ཁག་དང་པུར་ཁང་། པུར་སྲེག་ཁང་དེ་དག་གི་ནང་དུ་ཅི་ཞིག་འབྱུང་གི་ཡོད་པར་བལྟས་ན་རྒྱ་ནག་གི་ནད་པའི་གྲངས་འབོར་དང་མི་ཤི་བའི་གྲོང་འབོར་ནི་སྐྱི་གཡའ་བ་ཞིག་རེད། མི་མང་པོ་ཞིག་གིས་ཟླ་བ་སྔོན་མར་རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་བཀག་སྡོམ་གྱི་སྲིད་ཇུས་ཕྱིར་བསྡུ་བྱས་པའི་རྗེས་སུ་ནད་དུག་བསྐྱར་དུ་ཁྱབ་པ་རེད་ཅེས་འགྲེལ་བཤད་ཅིག་རྒྱག་གི་འདུག དོན་དངོས་སུ་དེའི་སྔོན་ནས་རྒྱ་ནག་ལ་ཏོག་དབྱིབས་ནད་དུག་ཁྱབ་སྟེ་འགོག་མི་ཐུབ་པའི་མཚམས་སུ་བསླེབས་པ་ན་སྲིད་ཇུས་ལྷུག་ཡངས་བཏང་བ་རེད། རྒྱ་ནག་གིས་ལོ་གསུམ་ལ་སྒོ་རྒྱ་བསྡབས་ཀྱང་མི་མང་ལ་འགོག་ཁབ་རྒྱག་མ་ཐུབ་པ་ནི་ཁྱད་མཚར་ཞིག་ཡིན་པ་དང་སྨན་ཁབ་ཀྱི་ནུས་པ་ཟླ་ཤས་རྗེས་སུ་ཉམས་ཀྱི་འདུག རྒྱ་ནག་གི་༢༠༢༢་ལོའི་ཕྱི་ཟླ་༢་པའི་མཚམས་སུ་འགོག་ཁབ་བརྒྱབ་ཚར་བ་དང་དེའི་རྗེས་སུ་ཤུགས་བསྐྱེད་སྨན་ཁབ་གསུམ་པ་རྒྱག་མ་ཐུབ། སྨན་ཁབ་ཀྱི་ནུས་པས་ཟླ་བ་བརྒྱད་ལ་འདང་། ན་ནིང་སྟོན་ཁ་ནས་རྒྱ་ནག་མི་དམངས་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བརྒྱབ་པའི་ནུས་པ་ཡལ། འགོག་ཁབ་བརྒྱབ་པ་ཚོར་ཏོག་དབྱིབས་ནད་དུག་འགོ་སྲིད་ཀྱང་ནད་མནར་ཚབས་ཆེན་དང་འཆི་སྐྱོན་འཕོག་རྒྱུ་འགོག་ཐུབ། སྨན་ཁབ་ཀྱིས་ནད་དུག་རྦད་དེ་འགོག་ཐུབ་པ་ཞིག་མིན། ནེའུ་ཛི་ལན་ཌིའི་གཞུང་གིས་སྔོན་ལ་སྤྱི་དམངས་ཚོར་འགོག་ཁབ་བརྒྱབ། དེའི་རྗེས་སུ་བསྐྱར་དུ་སྒོ་ཕྱེ་ནས་རྒྱུན་ལྡན་གྱི་འཚོ་བ་སླར་གསོ་བྱས་ཏེ་མི་དམངས་ལ་ནད་དུག་འགོ་རུ་བཅུག་སྟེ་འཆི་སྐྱོན་གྱི་གྲངས་འབོར་ཉུང་དུ་བཏང་བ་རེད། རྒྱ་ནག་གིས་ལོ་གསུམ་ལ་སྒོ་རྒྱ་བསྡམས་ནས་མི་དམངས་ལ་ནད་དུ་འགོ་རུ་མ་བཅུག་པའི་འབྲུས་བུ་ནི་ད་གཟོད་སྨིན་གྱི་ཡོད་པ་རེད་ཅེས་གནས་ཚུལ་སྤེལ་འདུག

XS
SM
MD
LG