ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༡༢/༠༤

འཇིག་རྟེན་ཁམས་ཀྱི་རིག་པ་དང་རྣམ་པར་ཤེས་པའི་བགྲོ་གླེང་།


བོད་ཀྱི་དཔེ་མཛོད་ཁང་གི་གོ་སྒྲིག་འོག་འཇིག་རྟེན་ཁམས་ཀྱི་རིག་པ་དང་རྣམ་པར་ཤེས་པའི་བགྲོ་གླེང་ཐེངས་བརྒྱད་པ། སྣང་ཚུལ་དང་གནས་ཚུལ་ཞེས་པའི་བརྗོད་གཞིའི་ཐོག་ཚན་རིག་དང་ནང་པའི་མཁས་དབང་དབར་ཉིན་གྲངས་གཉིས་རིང་གི་བགྲོ་གླེང་ཚོགསའ་དུ་ཞིག་ཕྱི་ཟླ་ ༡༠ ཚེས་ ༢༩ དང་ ༣༠ བཅས་ཉིན་གྲངས་གཉིས་རིང་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་ཚོགས་གནང་ཡོད་པ་རེད།

ཉིན་དང་པོའི་བགྲོ་གླེང་གི་དབུ་འབྱེད་ཐོག་གདན་ཞུ་གནང་བའི་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་མཆོག་ནས་ནང་པའི་ཚན་རིག་དང་དེང་རབས་ཚན་རིག་དབར་མཁས་པའི་བགྲོ་གླེང་གི་ལས་རིམ་འདི་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་གྱི་འཕྲིན་ལས་གྱི་ནང་ནང་གཅིག་ཡིན་པ་དང་། ལས་གཞི་དེས་མ་འོངས་པར་སྤྱིར་སེམས་ཅན་ཐམས་ཅད་དང་། ལྷག་པར་དུ་འགྲོ་བ་མིའི་སྤྱི་ཚོགས་ལ་ཞབས་འདེགས་དང་ཕན་ནུས་ལྡན་པ་ཞིག་ཡིན་སྟབས་དེ་ལ་རྒྱབ་སྐྱོར་དང་བསྔགས་བརྗོད་གནང་གི་ཡོད་པ་སོགས་གསུངས་གནང་སོང་།

དེ་བཞིན་བོད་ཀྱི་དཔེ་མཛོད་ཁང་གིས་གཉེར་བཞིན་པའི་ཚན་རིག་གི་ལས་གཞི་དང་བྱེ་བྲག་ཏུ་ཕྱི་ནང་མཁས་པའི་བགྲོ་གླེང་འདི་ལྟ་བུ་ནི་གཙོ་བོ་སྐུ་མདུན་གྱི་བཀའ་དགོངས་བཞིན་བོད་ཀྱི་དཔེ་མཛོད་ཁང་གིས་ལག་བསྟར་གནང་བཞིན་པ་དང་། ད་རེས་ཀྱི་ལས་གཞི་དང་བགྲོ་གླེང་འདི་ཡང་གཙོ་བོ་གདན་ས་གྲྭ་ཚང་ཁག་གི་སློབ་ཐོན་གྱི་བསླབ་པ་བགྲེས་པ་ཚོར་དམིགས་པ་ཞིག་ཡིན་པ་བོད་ཀྱི་དཔེ་མཛོད་ཁང་གི་ཚན་རིག་ལག་བསྟར་འགན་འཛིན་ཀརྨ་ཐུབ་བསྟན་ལགས་ཀྱིས་ངོ་སྤྲོད་གནང་སོང་།

དེ་དང་ཕྱོགས་མཚུངས་བོད་ཀྱི་དཔེ་མཛོད་ཁང་གིས་གཉེར་བཞིན་པའི་ཚན་རིག་གི་ཟབ་སྦྱོང་ནང་མཉམ་བཞུགས་གནང་མཁན་དང་དེ་བཞིན་ད་རེས་ཀྱི་བགྲོ་གླེང་འདིའི་མཉམ་བཞུགས་གནང་མཁན་མཇམ་དབྱངས་ཆོས་གླིང་གི་བཙུན་མ་བསོད་ནམས་དཔལ་མོ་ལགས་ཀྱིས་ཀྱང་། ཚན་རིག་ཟབ་སྦྱོང་དང་བགྲོ་གླེང་སོགས་ནང་མཉམ་བཞུགས་བྱས་པ་དེས་རྒྱུན་གཏན་ནང་ཆོས་ཀྱི་སློབ་གཉེར་ལའང་ཕན་ཐོགས་ཡོད་པ་དང་། གནས་ལུགས་གསར་པ་མང་པོ་ཤེས་རྟོག་ཡོང་བ། རྒྱུ་མཚན་གནས་ལུགས་འདྲེན་རྒྱུ་ཡོང་བ་སོགས་ཀྱི་དགེ་མཚན་ཡོད་པ་གསུངས་གནང་སོང་།

གཞི་རྩའི་ད་རེས་ཀྱི་བགྲོ་གླེང་ནང་མཉམ་བཞུགས་གནང་མཁན་གཙོ་བོ་བོད་ཀྱི་དཔེ་མཛོད་ཁང་གི་ཟླ་བ་གཅིག་རིང་གི་ཚན་རིག་ཟབ་སྦྱོང་ནང་མཉམ་བཞུགས་གནང་མཁན་དགོན་སྡེ་གྲྭ་ཚང་བཅོ་ལྔ་ཙམ་ནས་ཕེབས་པའི་གྲྭ་བཙུན་རྣམ་པ་དང་། དེའི་ཐོག་བོད་ཁྱིམ་འཛིན་རིམ་མཐོ་གྲས་ཀྱི་སློབ་མ། དེ་བཞིན་བཞུགས་སྒར་ཉེ་ཁུལ་གྱི་དགོན་སྡེ་གྲྭ་ཚང་ཁག་ནས་མགྲོན་འབོད་གནང་བའི་གྲྭ་བཙུན། དང་བླངས་མཉམ་བཞུགས་པ་བཅས་ཁྱོན་མི་གྲངས་ཉིས་བརྒྱ་བདུན་ཅུ་ལྷག་གིས་མཉམ་བཞུགས་ཐོག ཉིན་གྲངས་གཉིས་རིང་གི་བགྲོ་གླེང་ལས་རིམ་ནང་ནང་པའི་ལྟ་གྲུབ་གཞིར་བཞག་པའི་ཐོག་ནས་སྣང་ཚུལ་དང་གནས་ཚུལ་སྐོར་དང་། དབང་རྩ་ཚན་རིག་གི་སྐོར། ཚད་རྡུལ་དངོས་ཁམས་རིག་པ་དང་། དེ་བཞིན་ཚད་རྡུལ་དངོས་ཁམས་རིག་པ་དང་འབྲེལ་བའི་ནང་པའི་ལྟ་གྲུབ་དང་རྣམ་གཞག་སོགས་ནས་འགྲེལ་བཤད་རྒྱག་སྟངས། གཞན་ཡང་ནང་པ་མ་ཡིན་པའི་རྒྱ་གར་གྱི་ལྟ་གྲུབ་སྐོར་ནས་སྣང་ཚུལ་དང་གནས་ཚུལ་སྐོར་འགྲེལ་བཤད་རྒྱག་སྟངས་སོགས་ཀྱིས་སྐོར་ལ་ཨ་རི་ཁ་ལི་ཧྥོར་ནི་ཡེའི་ བྷར་ཀེ་ལི་གཙུག་ལག་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཌེ་ཝིཌ་པེ་སི་ཊི་མཆོག་དང་། ལྷོ་ཀོ་རི་ཡའི་སོལ་མི་རིགས་གཙུག་ལག་སློབ་ཆེན་གྱི་དགེ་རྒན་དངོས་ཁམས་ཚན་རིག་པ་བསྟན་འཛིན་རབ་དགའ་ལགས། ཨ་ཤོ་ཀ་གཙུག་ལག་སློབ་ཆེན་གྱི་ལྟ་གྲུབ་ཚན་པའི་འགན་འཛིན་ ཀི་རན་ཏི་ སཱ་རན། དེ་བཞིན་ནང་པའི་མཁས་པ་ ཧར་ཤ་ན་ག་ར་ཇུ། དགེ་བཤེས་ལྷག་རྡོར་ལགས་དང་། དགེ་བཤེས་ངག་དབང་བསམ་གཏན་ལགས། དགེ་བཤེས་ཐབས་མཁས་ལགས། དགེ་བཤེས་བློ་གྲོས་བཟང་པོ་ལགས་བཅས་ནས་གསུང་བཤད་དང་བགྲོ་གླེང་གནང་ཡོད་པ་རེད། །

XS
SM
MD
LG