ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༥/༡༨

ཕྱིར་བསྐྱོད་ལག་ཁྱེར་ཡར་བསྡུས་ནས་མི་མང་བཙོན་པར་འགྱུར་བཞིན་པ། 


བོད་མི་ཞིག་ལ་མཚོན་ན་བོད་ནང་གི་བོད་མི་བརྒྱ་ཆ་༩༠་ལ་ཕྱིར་བསྐྱོད་ལག་ཁྱེར་མེད་ཅེས་ན་དེ་ནི་ལས་སླ་བོར་ངོས་ཟིན་ཐོབ་ཐུབ་པ་ཞིག་དང་། རང་ཉིད་ཡོང་ཁུངས་ཀྱི་ས་ཆ་དང་སྡེ་གྲོང་། དགོན་པ། སློབ་གྲྭ་སོགས་སུ་དཔེ་བཞག་ཏེ་མི་གྲངས་དང་ཆ་སྙོམས་ཀྱིས་རྩིས་ན་བོད་མི་ཕལ་ཆེ་ཤོས་ལ་ཕྱིར་བསྐྱོད་ལག་ཁྱེར་མ་སྤྲད་པ་དང་མ་ཞུས་པ་གང་ལྟར་ཕྱིར་བསྐྱོད་ལག་ཁྱེར་ནི་རང་ཉིད་དང་འབྲེལ་བ་མེད་པ་ཞིག་ཏུ་མཐོང་གི་ཡོད། འདས་པའི་ལོ་མང་རིང་ལ་བོད་མི་རང་ཉིད་ཀྱི་ཞིབ་འཇུག་དང་རྒྱལ་སྤྱིའི་གཞུང་འབྲེལ་མིན་པའི་ཚོགས་པ་སོགས་ཀྱིས་ཞིབ་འཇུག་གི་སྙན་ཐོ་མང་པོ་ཐོན་པའི་ནང་། ཕྱིར་བསྐྱོད་ལག་ཁྱེར་ཅན་གྱི་བོད་མི་ཧ་ཅང་ཉུང་ཉུང་དང་། རྒྱ་ནག་གཞུང་གིས་མི་རིགས་དབྱེ་འབྱེད་ཀྱིས་བོད་མི་ཚོར་ཕྱིར་བསྐྱོད་ལག་ཁྱེར་སྤྲོད་ཕྱོགས་ཐད་ནས་དོ་དམ་ནན་མོ་བྱེད་བཞིན་པ་གསལ་སྟོན་བྱས་ཡོད།

སྤྱི་ལོ་༢༠༡༥་ལོར་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོགས་ཚོགས་པས་(One Passport, Two Systems) ་ཕྱིར་བསྐྱོད་ལག་ཁྱེར་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྙན་ཐོ་ཞིག་བཏོན་ནས་དེའི་ནང་དུ་རྒྱ་ནག་གཞུང་གིས་མི་རིགས་དབྱེ་འབྱེད་ཀྱིས་བོད་མི་ཚོར་ཕྱིར་བསྐྱོད་ལག་ཁྱེར་སྤྲོད་རྒྱུར་དོ་དམ་ཆེན་པོ་བྱེད་བཞིན་པ་གསལ་སྟོན་བྱས་ཡོད། དེའི་ནང་གི་དཔེར་བརྗོད་ཁག་ཏུ་བོད་རང་སྐྱོང་ལྗོངས་ཀྱི་དྲ་ལམ་དུ་བཀོད་པའི་ཡིག་ཆར་སྤྱི་ལོ་༢༠༡༢་ལོར་ཆབ་མདོ་ཡོངས་ནས་ཕྱིར་བསྐྱོད་ལག་ཁྱེར་གཉིས་ལས་སྤྲད་མེད་པ་རེད།

ཡང་མཚམས་རེར་གནས་མཇལ་ལ་སོགས་པའི་རྒྱུ་མཚན་གྱིས་བོད་མི་ཁ་ཤས་ལ་ཕྱིར་བསྐྱོད་ལག་ཁྱེར་རེ་རག་གི་ཡོད་ཀྱང་། དེ་ཚོར་ཡང་ལྟ་རྟོག་དང་དོ་དམ་ཆེན་པོས་དཀའ་ངལ་མང་པོ་འཕྲད་བཞིན་པ་རེད། དཔེར་ན་༢༠༡༧ ལོར་༧གོང་ས་མཆོག་གིས་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་གནང་སྐབས་བོད་ནས་དུས་དབང་ལ་བཅར་མཁན་ཚོའི་ཕྱིར་བསྐྱོད་ལག་ཁྱེར་ཕྱིར་བསྡུ་དང་། དབང་ཞུས་མ་ཚར་བའི་སྔོན་ལ་ཕྱིར་ལོག་བྱེད་དགོས་་བྱུང་བ། སྐབས་དེ་དུས་དབང་ཞུས་མྱོང་མཁན་བོད་མི་ཚོ་བཀག་ཉར་གྱིས་བསམ་བློའི་སློབ་གསོ་སྤྲད་པ། སྤྱི་ལོ་༢༠༡༨་ལོར་མཚོ་སྔོན་ཕྱོགས་ཀྱི་བོད་མི་ཚོའི་ལག་ནས་ཕྱིར་བསྐྱོད་ལག་ཁྱེར་ཕྱིར་བསྡུ་བྱས་པ། ཡང་རྔ་བ་དང་དཀར་མཛེས་ས་ཁུལ་ནས་བོད་མི་སུ་ཞིག་ལ་ཕྱིར་བསྐྱོད་ལག་ཁྱེར་ཡོད་པ་ཡིན་ན་སྤྱི་ལོ་༢༠༡༨་ལོའི་སྤྱི་ཟླ་༩་་ཚེས་༡་སྔ་རོལ་དུ་གཞུང་ལ་རྩིས་སྤྲོད་བྱས་ཟིན་དགོས་པའི་བཀའ་བཏང་མྱོང་བ་སོགས་བཙན་བྱོལ་གྱི་བོད་ཡིག་གསར་ཁང་ཁག་གིས་གནས་ཚུལ་རིམ་པས་སྤེལ་མྱོང་། དེ་བས་རྒྱ་ནག་གཞུང་གིས་སྤྱིར་བོད་མི་ཚོའི་འགྲོ་བསྐྱོད་ལ་དོ་དམ་བྱེད་བཞིན་ཡོད་པ་ལས། ཕྱིར་བསྐྱོད་ལག་ཁྱེར་སྤྲོད་ཀི་མེད་པ་སོགས་ནི་གནས་ཚུལ་གསར་བ་གང་མ་རེད་དེ། སྤྱི་ལོ་༢༠༡༢་ལོར་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གིས་སྲིད་དབང་བཟུང་བ་ནས་རྒྱ་ནག་རྒྱལ་ཡོངས་སུ་ཕྱིར་བསྐྱོད་ལག་ཁྱེར་ལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་རྒྱ་རིགས་ཚོས་བརྗོད་བཞིན་འདུག

རྒྱ་ནག་གཞུང་གིས་གཞུང་འབྲེལ་ལས་བྱེད་པ་དང་གཞུང་འབྲེལ་ཚོང་ལས་སྡེ་ཁག་གི་ལས་བྱེད་སོགས་ལ་ཕྱི་རྒྱལ་དུ་ཡུལ་སྐོར་ལ་འགྲོ་བར་དམ་དྲག་དང་ཡང་ཕྱི་རྒྱལ་ལ་སོང་ཚེ་ཕྱི་རྒྱལ་ནས་སུ་ལ་འབྲེལ་བ་བྱེད་པ་སོགས་ལ་གསང་བའི་ལྟ་རྟོག་བྱེད་བཞིན་པ་ནི་མཐོ་རིམ་དཔོན་རིགས་ཁོ་ན་མིན་པར་ཆེས་སྤྱིར་བཏང་གི་ལས་བྱེད་པ་དང་གཞུང་འབྲེལ་བཟོ་ཚོང་ཁང་གི་ལས་བྱེད་པ་སོགས་ཀྱང་ཚུད་ཀི་ཡོད་འདུག འདི་ནི་ཞི་ཅིན་ཕིང་གིས་ནུབ་ཕྱོགས་དང་འབྲེལ་ལམ་ཡག་པོ་མེད་པའི་དུས་སྐབས་སུ་རྒྱལ་ཁབ་ཀྱི་རྒྱལ་སྲུང་དང་ནུབ་ཕྱོགས་ཀྱི་ཤུགས་རྐྱེན་ལ་བློ་བདེ་བོ་འབྱུང་གི་མེད་པའི་མཚོན་རྟགས་ཤིག་ཡིན་པ་དབྱེ་ཞིབ་པ་ཚོས་བརྗོད་བཞིན་པ་རེད།

资料照:通过曼谷机场内一名身穿防护服的中国学生举起中国护照。(2020年4月21日)
ཐེ་ལན་གྱི་གནམ་ཐང་དུ་རྒྱ་རིགས་སློབ་ཕྲུག་ཅིག་གིས་རྒྱ་ནག་གི་ཕྱི་སྐྱོད་ལག་ཁྱེར་ཐོགས་ནས་འགྲུལ་བཞུད་བྱེད་པ། ༢༠༢༠།༤།༢༡

ལས་བྱེད་པའི་ཕྱིར་བསྐྱོད་ལག་ཁྱེར་ཡར་བསྡུ།

འདས་པའི་ལོ་གཉིས་གསུམ་ལ་རྒྱ་ནག་གིས་ཕྱིར་བསྐྱོད་ལག་ཁྱེར་བཀག་སྡོམ་བྱེད་རྒྱུ་ལ་ཤུགས་སྣོན་ངང་ད་ལྟའི་དུས་ཚོད་ལ་དོ་དམ་ཆེ་ཤོས་ཀྱི་དུས་ཤིག་ཡིན་ཞིང་། ལས་བྱེད་པ་དཀྱུས་མ་དང་དངུལ་ཁང་གི་ལས་བྱེད་པ། དགེ་རྒན། སྨན་ཁང་དང་འབྲེལ་བའི་མི། བདེ་འཇགས་དང་ཚོང་ལས་ལ་འབྲེལ་བ་ཡོད་པའི་ལས་བྱེད་སོགས་ཚང་མའི་ཕྱིར་བསྐྱོད་ལག་ཁྱེར་བཀག་སྡོམ་བྱེད་བཞིན་པ་པེ་ཅིན་གྲོང་ཁྱེར་གྱི་གཞུང་འབྲེལ་དངུལ་ཁང་ཞིག་གི་བུ་ལོན་འགན་ལེན་པ་མིང་ལ་ཧྭང་ཞེས་པ་ཞིག་གིས་ཨ་རིའི་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་འདུག

ཧྭང་ནི་སྤྱི་ལོ་༢༠༠༦་ལོར་དངུལ་ཁང་གི་ལས་ཀར་ཞུགས་པ་དང་ལས་ཁུངས་ཀྱིས་སྤྱི་ལོ་༢༠༡༥་དང་༢༠༡༦་ལོའི་བར་རོལ་ཞིག་ནས་ཕྱིར་བསྐྱོད་ལག་ཁྱེར་བཀག་སྡོམ་བྱེད་རྒྱུ་དམ་དྲག་ཇེ་ཆེར་བཏང་ཡོད་འདུག དངུལ་ཁང་གི་ལས་བྱེད་པའི་ཕྱིར་བསྐྱོད་ལག་ཁྱེར་དང་། ཧོང་ཀོང་དང་ཨོ་མཱེན། ཐེ་ཝན་བཅས་ལ་བསྐྱོད་རྒྱུའི་ཆོག་མཆན་ཡི་གེ་བཅས་ལས་ཁུངས་ཀྱི་མི་དོན་ལས་ཁུངས་ཀྱིས་ཉར་ཚགས་བྱེད་བཞིན་པ་དང་། གལ་ཏེ་ཕྱིའི་རྒྱལ་ཁབ་ཏུ་བསྐྱོད་དགོས་ན་ལས་བྱེད་ཀྱིས་སྙན་ཞུ་རྒྱག་དགོས་པ། སྤྱི་ལོ་༢༠༡༦་ལོ་ནས་བཟུང་ལས་བྱེད་རིམ་པ་འབྲིང་བ་ནས་དེའི་མཐོ་གྲས་ཡོངས་ཀྱི་ཕྱིར་བསྐྱོད་ལག་ཁྱེར་རྣམས་ལས་ཁུངས་ལ་ཡར་སྤྲོད་དང་ལས་ཁུངས་ཀྱིས་བདག་དམ་བྱེད་བཞིན་པ་རེད།

ཕྱིར་བསྐྱོད་ལག་ཁྱེར་ཡར་སྤྲོད་བྱེད་དགོས་པ་ལས་གཞན་ལོ་རེར་མགོ་ཁྲིད་དང་ལས་བྱེད་ཚོའི་ཡིག་ཆ་གསར་བསྒྱུར་དང་ཁ་སྣོན་བྱེད་དགོས་པའི་ནང་ལ་ཕྱི་རྒྱལ་དུ་བསྐྱོད་ཡོད་མེད་གསལ་བོ་འབྲི་དགོས། དངུལ་ཁང་ནང་ཁུལ་ལ་ལས་བྱེད་པའི་ཡིག་ཆ་ཡོད་སའི་མ་ལག་ཅིག་ཡོད་པ་ལས་དེའི་ནང་དུ་ཕྱིར་བསྐྱོད་ལག་ཁྱེར་སྐོར་གསར་བསྒྱུར་བྱེད་དགོས། ངས་དང་ཐོག་ནས་ལས་ཁུངས་ཀྱིས་ཕྱིར་བསྐྱོད་ལག་ཁྱེར་བདག་དམ་བྱེད་པ་ནི་ལས་བྱེད་པའི་གཞི་རྩའི་ཁེ་ཕན་ལ་རྡོག་རོལ་བཏང་བ་ཞིག་ཡིན་པ་ངོས་འཛིན་བྱེད་བཞིན་ཡོད། ཅེས་ཨ་རིའི་རླུང་འཕྲིན་ཁང་གིས་བཅར་འདྲི་སྐབས་སུ་ཧྭང་གིས་བརྗོད་འདུག་ལ། ཡང་དངུལ་ཁང་གིས་ཕྱིར་བསྐྱོད་ལག་ཁྱེར་དོ་དམ་བྱེད་དོན་ནི་དངུལ་ཁང་གི་བུ་ལོན་དང་འབྲེལ་བའི་ལས་བྱེད་པར་རྟོག་ཞིབ་བྱེད་དགོས་པར་བརྗོད་བཞིན་ཡོད་ཀྱང་། གཙོ་བོ་རྒྱལ་ཁབ་ཀྱི་འབྲེལ་ཡོད་ལས་ཁུངས་དང་བཟོ་ཚོང་ཁང་གི་གནས་ཚུལ་སྟངས་འཛིན་བྱེད་པའི་ཆེད་དུ་ཡིན་པ་ཧྭང་གིས་ངོས་འཛིན་བྱེད་བཞིན་པ་དང་། རྟོག་ཞིབ་ཀྱི་ནང་ལ་ཕྱིར་བསྐྱོད་དང་ལག་རྩལ། ཚོང་ཤག ཁེ་བཟང་སོགས་སྔ་ཕྱི་རྒྱབ་མདུན་མང་པོ་ཞིག་ཚུད་ཡོད་པས། གལ་ཏེ་གནས་ཚུལ་འདི་ཚང་མ་སྟངས་འཛིན་བྱེད་མཁན་ཞིག་ཕྱི་རྒྱལ་དུ་བསྐྱོད་པ་ཡིན་ན་བཟོ་ཚོང་ཁང་གི་གསང་བའི་ཡིག་ཆ་ཕྱི་གྱར་བྱེད་སྲིད་པར་དོགས་པ་དང་། ད་དུང་དེང་རབས་ཀྱི་འཕྲུལ་རིག་ལག་རྩལ་དར་བ་དང་དངུལ་ཁང་ཁ་ཤས་ཀྱི་ལས་བྱེད་པས་ཡིག་ཆས་གསང་ཚོང་བརྒྱབ་ཏེ་ཁེ་བཟང་བཟའ་འདོད་མཁན་ཡོད་ན་ལས་སླ་བོས་སྟངས་འཛིན་བྱེད་རྒྱུའི་ཆེད་དུ་ཡིན་པ་རེད།

འདི་ང་ཚོའི་དངུལ་ཁང་ཁོ་ན་མ་རེད། དངུལ་ཁང་ཕལ་ཆེ་ཤོས་ཀྱི་སྒྲིག་སྲོལ་དེ་ག་རང་ཡིན་པ་རེད། ཕྱིར་བསྐྱོད་ལག་ཁྱེར་ལས་གཞན་དངུལ་ཁང་གི་ལས་བྱེད་པས་བཅར་འདྲི་དང་ལེན་བྱེད་ཆོག་གི་མེད། གནས་ཚུལ་གང་འདྲ་བྱུང་ཡང་དངུལ་ཁང་དབུས་ལས་ཁུངས་ཀྱིས་ལན་འདེབས་བྱེད་སྲོལ་ཡོད་པ་རེད། ཅེས་ཧྭང་གིས་བརྗོད་འདུག དེ་བཞིན་ཨ་རིའི་རླུང་འཕྲིན་ཁང་གིས་པེ་ཅིང་གྲོང་ཁྱེར་གྱི་དངུལ་ཁང་དེར་ཁ་པར་བཏང་ནས་ལས་བྱེད་པའི་ཕྱིར་བསྐྱོད་ལག་ཁྱེར་བདག་དམ་བྱེད་པའི་སྐོར་ནས་སྐད་ཆ་དྲིས་སྐབས། དགོངས་དག ང་ཚོར་སྒྲིག་ལམ་ཡོད། ང་ཚོས་བཅར་འདྲི་དང་ལེན་བྱེད་ཆོག་གི་མེད་ཅེས་ལན་བཏབ་སོང་།

ཅང་ཤིས་ཞིང་ཆེན་སློབ་ཆེན་ཞིག་གི་གཞུང་ལས་ཁང་གི་ལས་བྱེད་པ་ཞོན་ཞོ་ཧྥང་སྤྱི་ལོ་༢༠༠༥་ལོར་སློབ་གྲྭ་དེའི་གཞུང་ལས་ཁང་དུ་ལས་ཀར་ཞུགས་པ་དང་སྤྱི་ལོ་༢༠༡༦་དང་༢༠༡༧་ལོའི་བར་ལ་སློབ་གྲྭས་ལས་བྱེད་རིམ་པ་འབྲིང་ནས་ཡར་རྩིས་པའི་ལས་བྱེད་པ་ཡོངས་ཀྱི་ཕྱིར་བསྐྱོད་ལག་ཁྱེར་ངེས་པར་དུ་ཡར་སྤྲོད་བྱེད་དགོས་པ་དང་། རྫོང་དང་གྲོང་བརྡལ་རིམ་པའི་སློབ་གྲྭ་ཁག་ཏུ་ཡང་དེ་མཚུངས་ཀྱི་སྲིད་ཇུས་ལག་བསྟར་བྱེད་དགོས་པའི་བཀོད་ཁྱབ་བཏང་ཡོད་པ་འགྲེལ་བརྗོད་བྱེད་འདུག དེ་སྔོན་སྒྲིག་ལམ་འདི་རིམ་པ་མཐོ་བོའི་ལས་བྱེད་པས་བརྩི་དགོས་པའི་སྒྲིག་ལམ་ཡིན། ཡིན་ཡང་ནད་ཡམས་ཀྱི་རྗེས་ནས་སློབ་གསོའི་ལས་བྱེད་པ་ཡོངས་ལ་བཀོད་ཁྱབ་བཏང་སོང་། ༢༠༡༦ དང་༢༠༡༧་བར་ལ་ང་ནི་ཚན་རིག་གི་ལས་བྱེད་པ་ཡིན་ལ་སྐབས་དེར་ངའི་ཕྱིར་བསྐྱོད་ལག་ཁྱེར་ངའི་ལག་ཏུ་ཡོད། ཡིན་ན་ཡང་སྤྱི་ལོ་༢༠༢༢་ལོར་སློབ་གྲྭས་ནང་ཁུལ་དུ་བརྡ་ཁྱབ་སྤེལ་ཏེ་ལས་བྱེད་ཚང་མས་ངེས་པར་དུ་ཡར་སྤྲོད་བྱེད་དགོས་པ་བཀའ་བཏང་སོང་། གལ་ཏེ་ཕྱི་རྒྱལ་དུ་འགྲོ་རྒྱུའི་འཆར་གཞི་ཡོད་ཚེ་གོང་རིམ་ལ་སྙན་ཞུ་རྒྱག་དགོས་འདུག ང་རང་གིས་ངོ་ཤེས་པའི་ལས་བྱེད་ཁ་ཤས་ཀྱིས་ལམ་སྟོན་ལྟར་རིམ་པ་རེ་རེ་ལ་སྙན་ཞུ་བརྒྱབ་ནས་ཡིག་ཆ་བཟོས་ཀྱང་ཕྱི་རྒྱལ་དུ་བསྐྱོད་ཐུབ་མེད། ད་དུང་སློབ་གྲྭའི་ལོ་རེའི་ཆབ་སྲིད་སྙན་ཐོའི་ནང་ལ་ལས་བྱེད་པ་དཀྱུས་མ་གཙོ་བྱས་ཏེ་ཚང་མས་ཕྲུ་གུ་རྒྱལ་ཁབ་གཞན་དུ་སློབ་སྦྱོང་བྱེད་ཀི་ཡོད་ན་འགྲོ་གྲོན་དང་ཕྱི་རྒྱལ་གྱི་དངུལ་ཁང་གི་ཡིག་ཆ། རྒྱལ་ནང་གི་ས་ཁང་བདག་དབང་གི་ཡིག་ཆ་སོགས་ཚང་མ་རེ་རེ་ཡར་ཞུའི་ཡིག་ཆ་ཞིབ་ཕྲ་འགོད་དགོས། ངས་བསམ་ན་སྒྲིག་ལམ་འདི་ཚོ་དང་ཕྱིར་བསྐྱོད་ལག་ཁྱེར་བདག་དམ་བྱེད་པ་གཅིག་མཚུངས་ལྟར་སྙིང་བོ་མེད་པའི་ལས་ཀ་རེད་བསམ་ཀི་ཡོད། གང་ཡིན་ཟེར་ན་དོན་དངོས་ཀྱི་དབང་དང་འབྱོར་བ་ཡོད་མཁན་ཚོའི་རྒྱུ་འབྱོར་རྣམས་ཕ་མ་དང་ཕྲུ་གུའི་མིང་ཐོག་ལ་སྔ་ས་ནས་བསྒྱུར་ཚར་ཡོད་པ་རེད། ཁྲིམས་དང་སྒྲིག་ལམ་འདི་ཚོས་མི་དེ་ཚོའི་རིགས་འགོག་ཐུབ་ཀི་མ་རེད་ཅེས་ཞོན་ཞོ་ཧྥང་གིས་ཨ་རིའི་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་སོང་།

དཔོན་རིགས་ཟུར་པ་ཞིག་གི་ཉམས་མྱོང་།

ཨན་ཧའེ་ཞིང་ཆེན་མི་དོན་ལས་ཁུངས་ཀྱི་མགོ་ཁྲིད་ཀྲའུ་སྤྱི་ལོ་༢༠༠༠་ལོར་གཞུང་འབྲེལ་དཔོན་རིགས་སུ་གྱུར་བ་དང་། ༢༠༡༢་ལོར་སྒེར་དོན་གྱིས་ཕྱིར་བསྐྱོད་ལག་ཁྱེར་བཟོས་ཡོད་འདུག་ལ་སྐབས་དེ་དུས་ད་དུང་པྱིར་བསྐྱོད་ལག་ཁྱེར་གྱི་དོ་དམ་སྲིད་ཇུས་དེ་སྤེལ་མེད་པ་རེད། སྤྱི་ལོ་༢༠༡༨་ལོར་རྒྱ་ནག་གི་ཕྱིར་བསྐྱོད་ལག་ཁྱེར་དོ་དམ་སྲིད་ཇུས་ལ་འགྱུར་བ་ཆེན་པོ་སོང་ཞིང་སྔར་ལས་ལྷག་པའི་དམ་དྲག་བྱེད་མགོ་བཙུགས་ཡོད། ལས་བྱེད་པ་ཚོས་དང་བླངས་ཐོག་ཕྱིར་བསྐྱོད་ལག་ཁྱེར་ཡར་སྤྲོད་རྒྱུའི་བཀོད་ཁྱབ་བཏང་། གལ་ཏེ་ཡར་སྤྲོད་བྱེད་མཁན་མེད་ན་ལས་ཁུངས་སོ་སོའི་མགོ་ཁྲིད་དང་འབྲེལ་ཡོད་མི་སྣ་ཚང་མར་ཆད་པ་གཅོད་རྒྱུའི་བཀའ་བཏང་ནས་གནོན་ཤུགས་སྤྲད་པ་མ་ཟད། ལས་བྱེད་པ་ཚོའི་ཁ་པར་དུ་ཆབ་སྲིད་སྟོབས་ལྡན་རྒྱལ་ཁབ་ཞེས་ལྐོག་ནས་ལྟ་སྲུང་བྱེད་བྱད་ཀྱི་མ་ལག་ཅིག་ཕབ་ལེན་བྱེད་དུ་བཅུག་ཡོད་ཅེས་ཞིང་ཆེན་དཔོན་རིགས་ཟུར་བ་ཀྲའུ་ཡིས་ཨ་རིའི་རླུང་འཕྲིན་ཁང་གི་བཅར་འདྲི་དང་ལེན་སྐབས་སུ་ངོ་སྤྲོད་བྱེད་འདུག ཁོས། སྤྱི་ལོ་༢༠༡༢་ལོར་ཞི་ཅིན་ཕིང་གིས་སྲིད་དབང་མ་བཟུང་བའི་སྔོན་ལ། ང་རང་གཞུང་འབྲེལ་མི་སྣའི་ངོས་ནས་ཨ་རི་དང་ཡོ་རོབ་གཉིས་ལ་ཡུལ་སྐོར་སྤྲོ་འཆམ་དུ་སོང་བ་ཡིན། མ་ཟད་ཕྱིར་ཡོང་སྐབས་ལས་ཁུངས་ཀྱི་ལས་གྲོགས་ཚོར་ལག་རྟགས་ཀྱང་ཉོས་པ་ཡིན། སྐབས་དེ་དུས་དེ་འདྲའི་དོ་དམ་ཡོད་མ་རེད། ཕྱིར་བསྐྱོད་ལག་ཁྱེར་དམ་དྲག་གི་སྲིད་ཇུས་ངོ་མ་དེ་སྤྱི་ལོ་༢༠༡༨་ལོའི་རྗེས་རེད། རྒྱལ་ཁབ་ཀྱི་མགོ་ཁྲིད་བསྟུད་མར་ལས་ཡུན་གཉིས་ལས་འདུག་མི་ཆོག་པའི་ཁྲིམས་སྲོལ་རྩ་མེད་བཟོས་པ་དང་ཆབ་སྲིད་སློབ་སྦྱོང་ཟེར་བ་སྔར་ལས་ཤུགས་ཆེ་བ་སྤེལ་བ། ལས་ཁུངས་ཀྱི་གྱང་གི་ངོས་སུ་ཆབ་སྲིད་ཡིག་ཆ་དང་ཆབ་སྲིད་ཁ་གཡང་གིས་ཁེངས་པ། ཧ་ལམ་དམར་པོའི་རྒྱ་མཚོ་ལྟ་བུར་གྱུར་ནས་ཁོར་ཡུག་དང་མཁའ་དབུགས་དེ་ཡིས་ང་ལ་རིག་གནས་གསར་བརྗེ་ཡི་དུས་སྐབས་ཡང་ཡང་དྲན་དུ་བཅུག་སོང་ཞེས་བརྗོད་འདུག་ལ་ཕྱིར་བསྐྱོད་ལག་ཁྱེར་བདག་དམ་བྱེད་པ་དང་ཡར་སྤྲོད་བྱེད་དགོས་པ་དེ་དབུས་གཞུང་ནས་ཞིང་ཆེན་རིམ་པ། གྲོང་ཁྱེར་རིམ་པ་ཡོངས་ལ་སྤེལ་བ་དང་ཐོག་མར་ཕྱིར་བསྐྱོད་ལག་ཁྱེར་ཡོད་མེད་རྩད་གཅོད་དང་དེ་ནས་ཡར་སྤྲོད་ཞུས་ཡོད་མེད་རྩད་གཅོད། དེ་ནས་དུས་ནས་དུས་སུ་ཡང་ནས་བསྐྱར་དུ་འདྲི་རྩད་བྱེད་དུ་ཡོང་གི་ཡོད་འདུག ཀྲའུ་ཡིས་བརྗོད་རྒྱུར། དང་ཐོག་ལས་ཁུངས་ཀྱི་མགོ་ཁྲིད་ཀྱིས་ང་ལ་ཡོད་པ་དོགས་པ་བྱེད་ཀྱིན་འདུག རྒྱུ་མཚན་ང་དེ་སྔོན་ཕྱི་རྒྱལ་དུ་བསྐྱོད་མྱོང་ཙང་། ངའི་ཕྱིར་བསྐྱོད་ལག་ཁྱེར་གྱི་དུས་ཡུན་རྫོགས་ཚར་བ་ཞུས་ཡིན། ཡིན་ཡང་ཁོས་གལ་ཏེ་ངས་ཡར་སྤྲོད་མ་བྱེད་ན་སྒྲིག་འཛུགས་ཀྱིས་རང་འགར་འཇོག་གི་མ་རེད་ཟེར། ད་དུང་ཆབ་སྲིད་ཀྱི་ནོར་འཁྲུལ་ལ་བརྩི་གི་རེད། མཇུག་འབྲས་རང་གིས་ཁུར་དགོས་ཟེར། དེའི་རྒྱུ་མཚན་གལ་ཏེ་མི་ཞིག་གིས་ཕྱིར་བསྐྱོད་ལག་ཁྱེར་ཡར་སྤྲོད་མ་བྱེད་ཚེ། མི་དེའི་མགོ་ཁྲིད་དང་ལས་གྲོགས་ཚང་མར་ཆད་པ་གཅོད་པའི་གནོན་ཤུགས་སྲིད་ཇུས་ཟེར་བ་ཞིག་སྤེལ་བཞིན་ཡོད་པ་རེད། དཔེར་ན་ལས་ཁུངས་ལ་མི་༥༠༠་ཡོད་ཚེ་མི་༤༩༩་ཡིས་ཡར་སྤྲོད་ཞུས་ཟིན་རུང་། གལ་ཏེ་གཅིག་གིས་མ་སྤྲད་ན་འབྲེལ་ཡོད་མི་ཡོངས་ལ་ཆད་པ་གཅོད་སྲོལ་ཡོད་ཅེས་ཨ་རིའི་རླུང་འཕྲིན་ཁང་ལ་བརྗོད་འདུག

ཡང་སྤྱི་ལོ་༢༠༡༢་ལོའི་སྔོན་དུ་ལས་ཁུངས་སུ་ལས་གྲོགས་ཚོའི་བར་ལ་གཞུང་གི་མགོ་ཁྲིད་ཚོའི་བྱེད་སྟངས་ལ་སྐྱོན་བརྗོད་དང་བགྲོ་གླེང་སོགས་བྱེད་པའི་ལུགས་སྲོལ་ཡོད་ཀྱང་། སྤྱི་ལོ་༢༠༡༢་ལོའི་རྗེས་ནས་བཟུང་ག་ལེར་ལས་གྲོགས་ཕན་ཚུན་བར་ལ་དོགས་པ་སྐྱེས་པ་དང་དོགས་སོན་བྱེད་པ། ཕན་ཚུན་རྩིས་སྤྲོད་བྱེད་སྲིད་པའི་ཉེན་ཁ་ལྟ་བུའི་ཁོར་ཡུག་ཅིག་ཏུ་གྱུར་ཡོད་འདུག ཨན་ཧའེ་ཞིང་ཆེན་གྱི་དཔོན་རིགས་ཟུར་བ་ཀྲའུ་ཡིས་བརྗོད་ན་རྒྱ་ནག་གིས་ལས་བྱེད་པའི་ཕྱིར་བསྐྱོད་ཡིག་ཆ་བདག་དམ་བྱེད་པ་ནི་དབུས་གཞུང་དང་ལས་བྱེད་པ་མཉམ་དུ་བསྡམས་ནས་སུ་ཞིག་ཀྱང་སྔོན་ལ་འགྲོ་ས་དང་རྗེས་སུ་འདུག་ས་མེད་པར་བཟོས་ཏེ། ཐ་ན་སློབ་གྲྭ་ཆུང་བའི་དགེ་རྒན་ཞིག་ཡིན་ཡང་ཕྱིར་བསྐྱོད་ལག་ཁྱེར་ཡར་སྤྲོད་བྱེད་དགོས་བྱུང་ཡོད་པ་རེད་ལ། གལ་ཏེ་ཁྱེད་རང་ཕྱི་རྒྱལ་དུ་བསྐྱོད་ན་ཁྱེད་རང་གི་ནང་མི་ཚོ་གཞུང་གིས་གཏའ་མར་ཉར་བཞིན་པ་རེད། ཉེན་རྟོག་པ་དང་བདེ་སྲུང་མི་སྣ། ཡུལ་སྐོར་སྤྲོ་འཆམ་གྱི་ཚོང་ལས་གཉེར་མཁན་སོགས་ཁོ་རང་གི་གྲོགས་པོ་མང་པོའི་ཕྱིར་བསྐྱོད་ལག་ཁྱེར་ཡར་བསྡུས་པ་དང་ཁ་པར་དུ་གསང་བའི་ལྟ་རྟོག་བྱེད་བྱད་ཀྱི་མ་ལག་འཇུག་དགོས་བྱུང་བར་ཧ་ལས་པའི་སུན་པོ་བྱེད་བཞིན་པ་རེད་འདུག

གཞུང་གི་དོ་དམ་དང་མི་མང་གི་དཀའ་ངལ།

པེ་ཅིང་གི་ཁྲིམས་རྩོད་པ་ཟུར་བ་ལཱང་ཧྲོ་ཧྭ་ནི་སྤྱི་ལོ་༢༠༡༢་ལོ་ནས་༢༠༡༨་ལོའི་བར་དུ་རྒྱ་ནག་ཀཱང་ཏ་ཉེན་སྲུང་མ་འཇོག་བཟོ་ཚོང་ཁང་གི་ཁྲིམས་དོན་ལས་ཀ་བྱེད་མཁན་གཙོ་བོ་ཞིག་ཡིན་པ་རེད། སྤྱི་ལོ་༢༠༡༢་ལོའི་སྔོན་ལ་ཕྱིར་བསྐྱོད་ལག་ཁྱེར་ལ་དོ་དམ་མེད་པ་དང་སྤྱི་ལོ་༢༠༡༤་དང་༢༠༡༥་ལོའི་རྗེས་སུ་བཟོ་ཚོང་ཁང་གིས་ལས་བྱེད་པ་རིམ་པ་མཐོ་བོ་ཚོའི་ཕྱིར་བསྐྱོད་ལག་ཁྱེར་ཡར་སྤྲོད་བྱེད་དགོས་པའི་བཀོད་ཁྱབ་བཏང་བ་སྟེ། དེ་ཡང་ཁོས། བཟོ་ཚོང་ཁང་གི་དམར་ཤོག་དྲུང་ཆེས་གཞུང་འབྲེལ་བཟོ་ཚོང་ཁང་གི་དམར་ཤོག་ཚོགས་མི་ཚོར། གནད་འགག་གསུམ་དང་ཆེ་བ་གཅིག་ཅེས་པ་ཞིག་བསྒྲགས་ནས། སྲིད་ཇུས་སྤེལ་བའི་གནད་འགག ལས་བྱེད་འདེམས་བསྐོའི་གནད་འགག མ་རྩ་འཛུགས་པའི་ལས་འཆར་གནད་འགག་བཅས་གནད་འགག་གསུམ་དང་། དེ་ནས་མ་དངུལ་ཕོན་ཆེན་བེད་སྤྱོད་ཀྱི་གནད་འགག་ཆེ་བ་གཅིག་བཅས་བཟོ་ཚོང་ཁང་གི་དམར་ཤོག་དྲུང་ཆེའི་ལས་ཁུངས་ཀྱིས་དོ་དམ་བྱེད་རྒྱུའི་བརྡ་ཁྱབ་སྤེལ་སོང་། ང་འདྲ་བོ་ལས་བྱེད་རིམ་པ་མཐོ་བོའི་མིང་ཡོད་པ་གང་ཞིག་ལ་དོན་དངོས་དབང་ཆ་ཅི་གང་ཡོད་མ་རེད་ཅེས་བརྗོད་འདུག ཡང་རྒྱ་ནག་གིས་ནད་ཡམས་ལ་ཁ་གཡར་ནས་ཕྱིར་བསྐྱོད་བཀག་སྡོམ་དང་དེའི་རྗེས་མིང་མ་འདྲ་བའི་སྲིད་ཇུས་སྣ་མང་འོག་ཕྱིར་བསྐྱོད་ལ་སྟངས་འཛིན་གྱིས་རྒྱ་ནག་མི་མང་ཕྱི་ལ་ཐར་བར་རེ་བ་མེད་པ་མ་ཟད། ད་ལྟ་རྒྱ་ནག་གི་གནས་སྟངས་དེ་བྱང་ཀོ་རི་ཡ་དང་གཅིག་མཚུངས་ལ་འགྱུར་བཞིན་ཡོད་པས་འདི་ལྟར་མུ་མཐུད་དུ་སོང་ན་མི་རབས་གཅིག་གཉིས་ཤིག་འཕྲོ་བརླག་གཏོང་ངེས་པ་རེད། ཁོས་མུ་མཐུད་ནས། ད་ལྟ་རྒྱ་ནག་གིས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་འབྲེལ་བ་བཅད་དེ། ཨུ་རུ་སུ་དང་བྱང་ཀོ་རི་ཡ། ཨེ་རན། ཨབ་གྷན་བཅས་སྒེར་གཅོད་སྲིད་དབང་གི་རྒྱལ་ཁབ་ཁག་ལ་འབྲེལ་ལམ་ཡར་རྒྱས་གཏོང་གི་ཡོད། ཧུ་ཡོ་པཱང་གི་སྐབས་སུ་ནུབ་ཕྱོགས་ལ་ཚོང་ལས་ཀྱི་འབྲེལ་ལམ་བཙུགས་ནས་མི་མང་ལ་རེ་བ་སྤྲོད་མྱོང་ཡང་། ཞི་ཅིན་ཕིང་གིས་སྲིད་དབང་བཟུང་བའི་རྗེས་སུ་གནོན་ཤུགས་ཇེ་ཆེར་སོང་བ། སྐད་ཆ་བཤད་ཕོད་མཁན་ཇེ་ཉུང་དུ་སོང་བ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་ལ་ལྟ་སྟངས་ཇེ་སྡུག་ལ་སོང་བས་ཞི་ཅིན་ཕིང་མགྲོན་འབོད་བྱེད་མཁན་ཇེ་ཉུང་ལ་སོང་བ་མ་ཟད། གཤམ་འོག་གི་མགོ་ཁྲིད་ཚོ་རྒྱལ་ཁབ་གཞན་དུ་བསྐྱོད་རྒྱུའི་གོ་སྐབས་ཇེ་ཉུང་ལ་སོང་། སྤྱི་ལོ་༢༠༡༤་ལོར་རྒྱ་ནག་གི་ཕྱིར་ཚོང་ཁྲག་ཁྲིག་ཆེན་མོ་བཞི་ལས་སྤྱི་ལོ་༢༠༢༣་ལོར་ཁྲག་ཁྲིག་ཆེན་མོ་གསུམ་ལ་མར་ཟགས་ཡོད་པ། རྒྱ་ནག་ཏུ་ཡོད་པའི་ཕྱི་རྒྱལ་གྱི་བཟོ་ཚོང་ཁང་ཕྱིར་བསྡུ་བྱེད་པ། མ་རྩ་འཛུགས་མཁན་ཇེ་ཉུང་ལ་སོང་བ། གཞུང་གིས་རྡོ་སྣུམ་ཉོ་བ་ལས་གཞན་ཨུ་རུ་སུ་དང་ཨ་ཧྥེ་རི་ཀར་མ་དངུལ་ཕོན་ཆེན་སྤྲོད་དགོས་པ། ཞི་ཅིན་ཕིང་གིས་གཞུང་འབྲེལ་དཔོན་རིགས་ཚོས་ཨ་སྒོར་བཏང་ནས་ཕྱི་རྒྱལ་ལ་གཟིགས་སྐོར་བསྐྱོད་རྒྱུར་འདོད་པ་བྱེད་ཀྱིན་མེད་ཅེས་བརྗོད་འདུག

XS
SM
MD
LG