ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཡུ་རོབ་གྲོས་ཚོགས་ཀྱི་གཞུང་འབྲེལ་སྐུ་ཚབ་ཚོགས་པ་ཐེ་ཝན་ལ་ཕེབས་འབྱོར། 


༄༅།། ཡུ་རོབ་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་པ་ཞིག་ཐེ་ཝན་ལ་ཐེངས་དང་པོར་གཞུང་འབྲེལ་གྱི་འཚམས་འདྲིར་ཕེབས་ཏེ་སྲིད་འཛིན་ཚེ་དབྱིན་ཝེན་དང་སྲིད་བློན་སུ་ཀྲེན་ཁྲང་སོགས་ཐེ་ཝན་གྱི་མཐོ་རིམ་གཞུང་འབྲེལ་མི་སྣ་ཁག་ལ་མཇལ་འཕྲད་བྱུང་། ཕྱི་ཟླ་༡༡་པའི་ཚེས་༤་ཉིན་ཧྥ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཡུ་རོབ་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་པའི་ཚོགས་གཙོ་རཱ་ཧྥེལ་གྷ་ལུཀ་སི་མེན་གྱིས་ང་ཚོ་འདིར་འཚམས་འདྲིར་ཡོང་དོན་གཙོ་བོ་ནི་ཐེ་ཝན་ཁེར་རྐྱང་མིན་པའི་བརྡ་ལན་གསལ་པོ་ཞིག་གཏོང་རྒྱུའི་ཆེད་དུ་ཡིན། ཡུ་རོབ་མཉམ་འབྲེལ་ཐེ་ཝན་གྱི་ཕྱོགས་སུ་ལངས་ཡོད། ཐེ་ཝན་གྱི་རང་དབང་དང་ཁྲིམས་སྐྱོང་ལམ་ལུགས། འགྲོ་བ་མིའི་ཆེ་མཐོང་བཅས་ལ་སྲུང་སྐྱོབ་བྱེད་དགོས་པའི་རྩ་དོན་ཐོག་ཏུ་ཡུ་རོབ་མཉམ་འབྲེལ་ཐེ་ཝན་གྱི་རྒྱབ་ཏུ་ལངས་ཡོད། འདས་པའི་ལོ་༣༠་ལྷག་གི་རིང་དེར་ཐེ་ཝན་ལ་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་འཕེལ་རྒྱས་བྱུང་ཞིང་། ད་ལྟ་ནི་ཡུ་རོབ་མཉམ་འབྲེལ་གྱིས་ཐེ་ཝན་ལ་མཉམ་འབྲེལ་བྱེད་དགོས་པའི་དུས་སུ་བབས་ཡོད། དེ་རིང་གི་ཐེ་ཝན་ནི་མངའ་ཁུལ་འདིར་རྟོགས་སད་དང་རྩལ་ཤུགས་ལྡན་པའི་དམངས་གཙོའི་ལམ་ལུགས་ཁྲ་ལམ་མེར་དངོས་སུ་མཐོང་རྒྱུ་ཡོད་པ་ཞིག་རེད། ཐེ་ཝན་གྱི་དམངས་གཙོའི་ལམ་ལུགས་ནི་སྒུལ་མི་ཚུགས་པ་དང་ང་ཚོ་འདིར་འཚམས་འདྲིར་ཡོང་རྒྱུ་བྱུང་བར་ཧ་ཅང་དགའ་མོས་བྱུང་སོང་། ཐེ་ཝན་གཞུང་དམངས་གཉིས་ཀས་མངའ་ཁུལ་འདིར་དམངས་གཙོ་དར་སྤེལ་གཏོང་ཐུབ་པ་དང་སྲིད་དབང་སྒེར་གཅོད་ལམ་ལུགས་ལ་མདུན་ལམ་མེད་པ་ར་སྤྲོད་བྱས་པ་རེད་ཅེས་ཐེ་ཝན་གྱི་དམངས་གཙོའི་ལམ་ལུགས་དང་རང་དབང་། འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོ་བཅས་ལ་བསྔགས་བརྗོད་ཆེན་པོ་གནང་འདུག

ཡུ་རོབ་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་པ་ཞིག་ཐེ་ཝན་ལ་ཐེངས་དང་པོར་གཞུང་འབྲེལ་གྱི་འཚམས་འདྲིར་ཕེབས།
ཡུ་རོབ་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་པ་ཞིག་ཐེ་ཝན་ལ་ཐེངས་དང་པོར་གཞུང་འབྲེལ་གྱི་འཚམས་འདྲིར་ཕེབས།

སྲིད་འཛིན་ཚེ་དབྱིན་ཝེན་གྱིས་ཡུ་རོབ་གྲོས་ཚོགས་ནི་ཐེ་ཝན་གྱི་ཕྱི་འབྲེལ་རྒྱ་སྐྱེད་གཏོང་སའི་སྒོ་མོ་ཡིན། ང་ཚོར་ཐེ་ཝན་དང་ཡུ་རོབ་གཉིས་ཕྱོགས་མང་པོ་ཞིག་ནས་མཉམ་འབྲེལ་བྱེད་ཐུབ་པའི་ཡིད་ཆེས་དང་འཁྱོག་བཤད་ལ་འཐབ་རྒོལ་བྱེད་པར་རྒྱལ་ཁབ་མང་དག་ཅིག་ལ་འབྲེལ་བ་འཛུགས་ཐུབ་པའི་རེ་བ་ཡོད་ཅེས་ནན་བརྗོད་གནང་འདུག ཟླ་བ་སྔོན་མར་ཡུ་རོབ་གྲོས་ཚོགས་ཀྱིས་ཐེ་ཝན་ལ་ཆབ་སྲིད་ཀྱི་འབྲེལ་བ་རྒྱ་སྐྱེད་དང་ཤུགས་ཆེ་རུ་གཏོང་དགོས་པའི་གྲོས་ཆོད་བཞག གཟའ་འཁོར་འདིར་ཡུ་རོབ་གྲོས་ཚོགས་ཀྱི་ཆབ་སྲིད་དང་ཕྱི་འབྲེལ་ཚོགས་ཆུང་སོགས་ཀྱི་འཐུས་མི་༡༣་ཡོད་པའི་སྐུ་ཚབ་ཚོགས་པ་ཞིག་ཐེ་ཝན་ལ་འཚམས་འདྲིར་ཕེབས་ཡོད་པར་མ་ཟད། མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་ལྷག་པའི་ཉིན་ཐེ་ཝན་གྱི་སྲིད་བློན་སུ་ཀྲེང་ཁྲང་གིས་ཡུ་རོབ་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་པར་སྣེ་ལེན་ཞུས། ཁོང་གིས་ང་ཚོ་ས་ཆའི་ཡུལ་ཆགས་ཀྱི་ཆ་ནས་བར་ཐག་རིང་པོ་ཡོད་ཀྱང་རང་དབང་དང་དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་སྐྱོང་ལམ་ལུགས་སོགས་ཐུན་མོང་གི་ལྟ་གྲུབ་ཁག་གིས་ཐེ་ཝན་དང་ཡུ་རོབ་མཉམ་འབྲེལ་གཉིས་དམ་པོ་སྦྲེལ་ཡོད། དེས་ན་ང་ཚོ་ཕན་ཚུན་ཧ་ཅང་གི་བར་ཐག་ཉེ་པོ་རེད་ཅེས་བཤད། ཡུ་རོབ་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་པས་ཐེ་ཝན་གྱི་བློན་ཆེན་ལྷན་ཁང་ཁག་གི་བློན་ཆེན་རྣམས་དང་ཐེ་ཝན་གྱི་ཞིབ་འཇུག་ལས་ཁུངས་ཁག ཐེ་ཝན་དུ་བཅའ་སྡོད་ཨ་རིའི་ཕྱི་འབྲེལ་མི་སྣ་ཁག་དང་ཐེ་ཝན་གྱི་གཞུང་འབྲེལ་མ་ཡིན་མིན་ཚོགས་པ་ཁག་ལ་མཉམ་འབྲེལ་བྱས་ནས་འཁྱོག་བཤད་དང་ལོག་བཤད་ལ་འཐབ་རྒོལ་ཇི་ལྟར་བྱེད་དགོས་མིན་གྲོས་མོལ་བྱས་ཤིང་། ཡུ་རོབ་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་པའི་ཁོངས་སུ་ཕེབས་པའི་གཡས་ཤོག་དམངས་གཙོ་ཚོགས་པའི་འཐུས་མི་ཌེ་རེའོ་ཛོ་ཞེས་པ་ཞིག་གིས་ཡུ་རོབ་མཉམ་འབྲེལ་གྱིས་སྲིད་དབང་སྒེར་གཅོད་ཀྱི་ཚབ་ལ་ངེས་པར་དུ་དམངས་གཙོ་གདམ་དགོས། ཐེ་ཝན་ནི་ཡུ་རོབ་མཉམ་འབྲེལ་ལ་གནད་འགག་ཆེན་པོ་ཡིན་ཞེས་རྒྱ་ནག་ལ་ཁ་རྡུང་བཏང་འདུག

ད་ལོའི་ཕྱི་ཟླ་༧་པར་ཐེ་ཝན་གཞུང་གིས་རེ་འདུན་བཏོན་པ་ལྟར་ཨུ་རུ་སུའི་ཉེ་འཁྲིས་སུ་ཆགས་པའི་ལི་ཐུ་ཝྭེ་ཎི་ཡའི་གཞུང་གིས་རང་གི་རྒྱལ་སར་ཐེ་ཝན་གྱི་སྐུ་ཚབ་དོན་གཅོད་ཁང་ཞེས་ལས་ཁུངས་སྒོ་འབྱེད་བྱེད་དུ་བཅུག ལི་ཐུ་ཝྭེ་ཎི་ཡའི་གཞུང་ཚབ་ཁང་ཞིག་ཐེ་ཝན་གྱི་རྒྱལ་ས་ཐེ་པེ་གྲོང་ཁྱེར་དུ་བཙུགས། ད་དུང་ལི་ཐུ་ཝྭེ་ཎི་ཡའི་གཞུང་གིས་ཐེ་ཝན་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རོགས་རམ་སྤྲད། དེ་ནས་ཕྱི་ཟླ་༨་པའི་ནང་དུ་རྒྱ་ནག་གིས་ལི་ཐུ་ཝྭེ་ཎི་ཡ་ནས་གཞུང་ཚབ་པ་ཕྱིར་འཐེན་དང་པེ་ཅིང་དུ་བཅའ་སྡོད་ལི་ཐུ་ཝྭེ་ཎི་ཡའི་གཞུང་ཚབ་པ་ཕྱིར་འབུད་བྱས་ནས་ངོ་རྒོལ་གྱི་རྣམ་འགྱུར་བསྟན། བདུན་ཕྲག་སྔོན་མར་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱིས་ཡུ་རོབ་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་པ་ཞིག་ཐེ་ཝན་ལ་འཚམས་འདྲིར་ཕེབས་ན་མཇུག་འབྲས་ངན་པ་ཞིག་འབྱུང་ངེས་རེད་ཅེས་སྡིགས་ར་བསྐུལ། ཁ་སང་གཟའ་ཕུར་བུའི་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་ཡུ་རོབ་མཉམ་འབྲེལ་གྱིས་རང་གི་ནོར་འཁྲུལ་ཁག་ལ་ཡོ་བསྲང་དང་ཐེ་ཝན་ལ་རེ་བ་སྟོང་པ་ཞིག་མི་སྟེར་བའི་འབོད་སྐུལ་ཞུ་རྒྱུ་ཡིན། དེ་ལྟར་མ་བྱུང་ན་རྒྱ་ནག་དང་ཡུ་རོབ་མཉམ་འབྲེལ་གྱི་འབྲེལ་བར་གནོད་སྐྱོན་ཆེན་པོ་འབྱུང་གི་རེད་ཅེས་བཤད། འོན་ཀྱང་ཉེ་སྔོན་ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་ཝུ་ཀྲའོ་ཤེ་རྒྱལ་ཁབ་ལྔར་འཚམས་འདྲིར་ཕེབས་ནས་བྷ་ར་སལ་སི་གྲོང་ཁྱེར་དུ་ཡུ་རོབ་མཉམ་འབྲེལ་གྱི་མཐོ་རིམ་འགོ་ཁྲིད་ཚོར་གསང་བའི་ཐུག་འཕྲད་བྱུང་ཡོད་པའི་གནས་ཚུལ་ཐོན། རྒྱ་ནག་གཞུང་གིས་ཅི་ཙམ་ཐེ་ཝན་ལ་དམག་གིས་འཇིགས་སྐུལ་བྱ་རྒྱུ་ཤུགས་ཆེ་རུ་བཏང་ན་རྒྱལ་སྤྱིའི་ཐོག་ཏུ་ཐེ་ཝན་ལ་རྒྱབ་སྐྱོར་བྱ་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་ཅིང་། ཟླ་བ་སྔོན་མར་ཡུ་རོབ་གྲོས་ཚོགས་ཀྱིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་ཛ་དྲག་ཆེ་རུ་འགྲོ་བཞིན་ཡོད་པས་ཡུ་རོབ་མཉམ་འབྲེལ་གྱིས་ཐེ་ཝན་ལ་འབྲེལ་བ་སྐྱེད་གཏོང་དགོས། བྷ་ར་སིལ་སི་གྲོང་ཁྱེར་དུ་བཅའ་སྡོད་ཐེ་ཝན་གྱི་དཔལ་འབྱོར་དང་ཚོང་དོན་ལས་ཁུངས་ཀྱི་མིང་བྱང་དེ་ཐེ་ཝན་གྱི་སྐུ་ཚབ་དོན་གཅོད་ཁང་ཞེས་བསྒྱུར་དུ་འཇུག་དགོས། དེ་བཞིན་ཐེ་ཝན་དུ་བཅའ་སྡོད་ཡུ་རོབ་མཉམ་འབྲེལ་གྱི་དཔལ་འབྱོར་དང་ཚོང་དོན་ལས་ཁུངས་ཀྱི་མིང་བྱང་ཡང་ཡུ་རོབ་མཉམ་འབྲེལ་གྱི་ལས་ཁུངས་ཞེས་བསྒྱུར་དགོས། རྒྱ་ནག་གིས་ཐེ་ཝན་གྱི་མངའ་དབྱིངས་སྲུང་སྐྱོབ་མངའ་ཁོངས་སུ་དམག་འཐབ་གནམ་གྲུ་བཏང་ནས་དཔུང་འཛུལ་བྱེད་ཀྱི་ཡོད་པ་འཕྲལ་དུ་མཚམས་འཇོག་བྱ་དགོས་ཞེས་གྲོས་ཆོད་ཁག་འགའ་ཞིག་བཞག

༢༠༡༦་ལོར་ཐེ་ཝན་གྱི་དམངས་གཙོ་ཡར་ཐོན་ཚོགས་པའི་འགོ་ཁྲིད་ཚེ་དབྱིན་ཝན་སྲིད་འཛིན་ལ་འོས་འདེམས་བྱུང་ནས་བཟུང་སྟེ་མཚོ་འགག་ཕྱོགས་གཉིས་ཀྱི་འབྲེལ་བ་སྡུག་ཏུ་སོང་། ཟླ་བ་སྔོན་མར་ཐེ་ཝན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ང་ཚོར་རྒྱ་ནག་གི་བཙན་འཛུལ་བྱས་ནས་དམག་འཁྲུག་གི་ཉེན་ཁ་ཡོད་པ་ལོ་༤༠་ལྷག་ལ་བྱུང་མྱོང་མེད་པའི་ཛ་དྲག་གི་གནས་ཚུལ་ཞིག་རེད་ཅེས་ཉེན་བརྡ་བཏང་ཞིང་། དེ་རིང་ཕྱི་ཟླ་༡༡་པའི་ཚེས་༥་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་པ་སངས་ཉིན་རྒྱ་ནག་གི་ཐེ་ཝན་ལས་དོན་ལྷན་ཁང་གི་མགྲིན་ཚབ་པས་ཐེ་ཝན་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་རྣམས་མི་ཚེ་ཧྲིལ་པོར་ཉེས་ཅན་དུ་བརྩི་རྒྱུ་ཡིན། ཐེ་ཝན་གྱི་སྲིད་བློན་སུ་ཀྲེང་ཁྲང་དང་གྲོས་ཚོགས་ཀྱི་ཚོགས་གཙོ་ཡུག་ཧྲི་ཁུན། ཕྱི་སྲིད་བློན་ཆེན་ཝུ་ཀྲའོ་ཤེ་ཟེར་བའི་མི་དེ་ཚོས་ཐེ་ཝན་རང་བཙན་གྱི་ལྟ་བ་མཁྲེགས་འཛིན་བྱེད་ཀྱི་འདུག རྒྱ་ནག་གིས་ཉེས་ཆད་གཅོད་དགོས་པའི་ཐོ་གཞུང་དེར་འཁོད་པའི་མི་རྣམས་རྒྱ་ནག་སྐམ་ས་ཆེན་མོ་དང་ཧོང་ཀོང་། ཨོ་མེན་དམིགས་བསལ་ས་ཁུལ་བཅས་ལ་ཡོང་མི་ཆོག་པའི་བཀག་འགོག་བྱ་རྒྱུ་ཡིན། ཐེ་ཝན་གྱི་སྲིད་དོན་པ་ཚོས་འོས་འདེམས་ལས་འགུལ་སྐབས་སུ་མི་མང་ལ་དངུལ་སྒོར་ཞལ་འདེབས་བསྡུ་དགོས་པ་རེད། རྒྱ་ནག་གི་ས་ཐོག་ཏུ་ཚོང་ལས་གཉེར་གྱི་ཡོད་པའི་བཟོ་ཚོང་ལས་ཁང་ཁག་ལ་ཐོ་གཞུང་དེར་བཀོད་པའི་ཐེ་ཝན་གྱི་སྲིད་དོན་པ་ཚོར་དངུལ་སྒོར་ཞལ་འདེབས་སྤྲོད་དུ་འཇུག་རྒྱུ་ཡིན་མིན། ཐེ་ཝན་རང་བཙན་གྱི་ལམ་དུ་སྐྱོད་མཁན་ཚོས་རང་གི་མེས་པོ་རྣམས་བརྗེད་པ་དང་མེས་རྒྱལ་ལ་རྒྱབ་གཏོད། རྒྱལ་ཁབ་ཁ་བྲལ་གཏོང་གི་ཡོད་པས་དེ་ལ་ནམ་ཡང་མདུན་ལམ་བཟང་པོ་ཞིག་ཡོད་མི་སྲིད་ཅེས་བསྒྲགས།།

གཟའ་པ་སངས་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ཇཱིམ་རི་ཤཱིས་རྒྱ་ནག་གི་འཇིགས་སྐུལ་འགོག་པར་ཆ་རྐྱེན་ཁག་ཅིག་ཚང་བའི་ཐོག་ཏུ་ཨ་མི་རི་ཀས་ཐེ་ཝན་ལ་ལོ་ལྟར་ཨ་སྒོར་དུང་ཕྱུར་༢༠་ཐམ་པ་དམག་དོན་འགྲོ་གྲོན་གྱི་རོགས་རམ་སྤྲོད་དགོས་ཞེས་གྲོས་གཞི་བཏོན། ཨ་མི་རི་ཀས་ཐེ་ཝན་ལ་མཚོན་ཆ་ཕྱིར་ཚོང་གི་ཁྲིམས་ལའང་འགྱུར་བཅོས་གཏོང་དགོས་ཞེས་འཁོད་པ་དང་གྲོས་གཞི་དེར་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ཁ་རེ་པོ་དང་ཧ་གྷེར་ཊི། རོམ་ཎི་དང་ཁོར་ཎི་བཅས་མི་བཞིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། གྲོས་ཚོགས་འཐུས་མི་རི་ཤཱིས་ཨ་མི་རི་ཀས་ཕྱི་རྒྱལ་ལ་དམག་དོན་འགྲོ་གྲོན་རོགས་རམ་སྤྲོད་ཀྱི་ཡོད་པ་དེར་ཆ་རྐྱེན་མེད་པ་ཞིག་མིན། ༢༠༢༣་ནས་༢༠༣༢་བར་གྱི་འཆར་གཞི་འདིར་ཐེ་ཝན་གཞུང་གིས་ཀྱང་ཨ་མི་རི་ཀའི་དམག་དོན་འགྲོ་གྲོན་རོགས་རམ་སྤྲད་པ་ཇི་བཞིན་འགྲོ་གྲོན་གཅིག་མཚུངས་ཤིག་གཏོང་རྒྱུའི་ཁས་ལེན་བྱ་དགོས། ཨ་རི་དང་ཐེ་ཝན་གཉིས་ཀྱིས་ཕུགས་རྒྱང་རིང་པོར་བསམ་ཞིབ་བྱས་ནས་མཉམ་འབྲེལ་བྱེད་ཐུབ་ན་ཁྲིམས་གཞི་འདི་གྲོས་ཚོགས་སུ་མཚམས་སྦྱོར་བྱེད་ཆོག ཨ་མི་རི་ཀས་ཐེ་ཝན་ལ་མཚོན་ཆ་ཕྱིར་ཚོང་བྱ་རྒྱུ་སྟབས་བདེ་རུ་གཏོང་དགོས་པ་དང་མགྱོགས་མྱུར་ཞིག་ཡོང་བར་མཚོན་ཆ་ཕྱིར་ཚོང་གི་བཅའ་ཁྲིམས་ལ་ལེགས་བཅོས་གཏོང་དགོས། ཐེ་ཝན་གྱིས་ཀྱང་རྒྱ་ནག་གི་བཙན་འཛུལ་འགོག་པར་རང་སྲུང་གི་སྟོབས་ཤུགས་ཡར་རྒྱས་གཏོང་གི་ཡོད་པར་ལོ་ལྟར་ཞིབ་འཇུག་བྱ་དགོས་ཞེས་བཀོད། ཐེ་ཝན་ལ་དམག་དོན་རོགས་དངུལ་སྤྲོད་དགོས་པའི་གྲོས་གཞི་འདི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་བཞིས་བཏོན་པ་ཞིག་ཡིན་རུང་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་སུ་སྲིད་དོན་ཚོགས་པ་གཉིས་ཀྱི་འཐུས་མི་ཚོས་ཐེ་ཝན་ལ་རྒྱབ་སྐྱོར་ཤུགས་ཆེན་ཡོད་ཅིང་། ཁོ་ཚོས་སྲིད་འཛིན་བྷ་ཌན་གྱི་གཞུང་གིས་ཐེ་ཝན་ལ་རྒྱབ་སྐྱོར་གྱི་ལངས་ཕྱོགས་འཛིན་རྒྱུ་མངོན་གསལ་ཇེ་དོད་དུ་གཏོང་དགོས་ཞེས་གནོན་ཤུགས་སྤྲོད་ཀྱི་ཡོད་པ་རེད།།

XS
SM
MD
LG