ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཨོ་གླིང་རྒྱལ་ཁབ་དང་རྒྱ་ནག་གི་གསང་ཉུལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཨོ་གླིང་རྒྱལ་ཁབ་ལ་མཚོན་ན་རྒྱ་ནག་ནི་ཡུན་རིང་གི་ཚོང་གྲོགས་རྒྱལ་ཁབ་བརྟན་པོ་ཞིག་ཡིན། རྒྱ་ནག་ལ་ཚོང་འབྲེལ་བཙུགས་ནས་འདས་པའི་ལོ་༢༨་ཀྱི་རིང་དེར་ཨོ་གླིང་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་ཚོང་ལས་དར་འཕེལ་བྱུང་ཞིང་། གཟའ་འཁོར་སྔོན་མར་རྒྱ་ནག་གི་གསང་ཉུལ་ཟུར་པ་ཝང་ལི་ཆང་ཞེས་པ་ཞིག་དང་བཟའ་ཟླ་བུ་ཕྲུག་བཅས་ཀྱིས་ཨོ་གླིང་རྒྱལ་ཁབ་ལ་མགོ་བཏགས། ཁོ་པས་རྒྱ་ནག་གི་གསང་བའི་ལས་ཁང་དང་གསང་ཉུལ་ཚོས་ཨོ་གླིང་རྒྱལ་ཁབ་ཀྱི་ཆབ་སྲིད་ལ་ཐེ་གཏོགས་བྱེད་ཀྱི་ཡོད་པ་ཚབས་ཆེའི་གནད་དོན་ཞིག་ཏུ་གྱུར་ཡོད་པ་ཐེར་འདོན་བྱུང་། ལྷག་པར་དུ་ཨོ་གླིང་རྒྱལ་ཁབ་ཀྱི་མི་ཁོངས་ཡིན་པའི་རྒྱ་རིགས་ཚོང་པ་ཞིག་སྟེ། ལོ་ན་༣༢་ལ་སོན་པའི་ནིཀ་ཀྲའོ་དང་རྒྱ་སྐད་ལ་པའོ་ཀྲའོ་ཞེས་པ་ཞིག་གིས་ཨོ་གླིང་རྒྱལ་ཁབ་ཀྱི་གསང་བའི་ལས་ཁང་གི་ལས་སྣེ་ཚོར་ང་ལ་རྒྱ་ནག་གི་གསང་ཉུལ་ཚོས་ཨ་སྒོར་འབུམ་༧་མ་ཟིན་ཙམ་ཞིག་སྤྲོད་ཆོག ང་ཨོ་གླིང་རྒྱལ་ཁབ་ཀྱི་གཞུང་འཛིན་གུ་ཡངས་ཚོགས་པའི་གྲོས་ཚོགས་འཐུས་མིར་ལང་དགོས་པའི་སྐུལ་ལྕག་གཏོང་གི་འདུག་ཅེས་སྙན་སེང་ཞུས། རྒྱ་རིགས་ཚོང་པ་དེ་མགྲོན་ཁང་ཞིག་གི་ནང་དུ་གྲོངས་རྐྱེན་ཅི་ཡིན་མི་ཤེས་པར་ཤི་ཡོད་པའི་ཕུང་པོ་རྙེད། ད་དུང་ཨོ་གླིང་རྒྱལ་ཁབ་ཀྱི་ས་ཐོག་ཏུ་གཞིས་ཚུགས་ཡོད་པའི་རྒྱ་ནག་པའི་གྲས་སུ་པེ་ཅིང་གཞུང་ལ་སྐྱོན་བརྗོད་བྱེད་མཁན་བྱུང་ཚེ། མི་དེ་ཚོར་རྒྱ་ནག་གི་གསང་ཉུལ་ཡིན་སྲིད་པའི་མི་སྣ་དོགས་གཞི་ཅན་ཚོས་རྗེས་འདེད་བྱས་ནས་སྡིགས་ར་བསྐུལ། ཨོ་གླིང་རྒྱལ་ཁབ་ཀྱི་སྤྱི་དམངས་སུ་གྱུར་པའི་རྒྱ་ནག་པ་རྣམས་ཀྱི་བདེ་འཇགས་ལ་ཉེན་ཀ་འཕྲད་པའི་རྗེས་སུ་ཨོ་གླིང་གཞུང་ལ་དངངས་སྐྲག་ཆེན་པོ་ཞིག་བྱུང་སྟེ། རྒྱ་ནག་གི་ཆབ་སྲིད་ཀྱི་ཧམ་སེམས་དང་གསང་ཉུལ་གྱི་ལས་འགུལ་རྣམས་ཨོ་གླིང་རྒྱལ་ཁབ་ཀྱི་ས་གནས་ཁག་ཏུ་ཁྱབ་ཡོད་པ་ངོས་ཟིན་འདུག

ཨོ་གླིང་རྒྱལ་ཡོངས་སློབ་གྲྭ་ཆེན་མོའི་འཐབ་ཇུས་ཉམས་ཞིབ་ཁང་གི་དགེ་རྒན་དང་ཨོ་གླིང་རྒྱལ་ཁབ་ཀྱི་གསང་བའི་ལས་ཁང་གི་ལས་སྣེ་ཟུར་པ་ཧིའུ་ཝ་ཡེ་ཊི་ཞེས་པ་ཞིག་གིས་གནད་དོན་འདི་གཡོལ་ཐབས་མེད་པ་ཞིག་ཏུ་གྱུར་འདུག ང་ཚོས་རྒྱ་ནག་གི་སྟོབས་ཤུགས་ཅི་ཙམ་མགྱོགས་མྱུར་གྱིས་རྒྱ་སྐྱེད་འགྲོ་ཐུབ་རྒྱུ་ཡིན་པ་དང་སྟོབས་ཤུགས་དེ་ཆབ་སྲིད་ཀྱི་ཧམ་སེམས་ལ་བསྒྱུར་ཐུབ་རྒྱུ་ཡིན་པ་ཚོད་དཔག་ཐུབ་མི་འདུག་ཅེས་བཤད་ཡོད་པར་མ་ཟད། ཨོ་གླིང་གཞུང་ལ་རང་གི་ཆབ་སྲིད་ལས་དོན་ཐོག་ཏུ་རྒྱ་ནག་གིས་ཐེ་གཏོགས་བྱེད་ཀྱི་ཡོད་པའི་དཔང་རྟགས་གསལ་པོ་ཡོད་ཀྱང་ཨོ་གླིང་གཞུང་གིས་རྒྱ་ནག་ལ་ཚོང་ལས་དང་དཔལ་འབྱོར་གྱི་འབྲེལ་བ་རྒྱུན་འཁྱོངས་བྱ་རྒྱུ་དང་། རྒྱ་ནག་གིས་ཨོ་གླིང་རྒྱལ་ཁབ་ཀྱི་རང་དབང་ལ་རྡོག་བརྫིས་གཏོང་གི་ཡོད་པར་འགོག་རྒོལ་ཇི་ལྟར་བྱེད་དགོས་མིན་གྱི་དབྱེ་མཚམས་གསལ་པོ་ཞིག་འབྱེད་ཐུབ་མེད་ཅིང་། རྒྱ་ནག་གིས་ནུབ་ཕྱོགས་རྒྱལ་ཁབ་ཕལ་ཆེ་མོར་གསང་ཉུལ་བཏང་ནས་དཔལ་འབྱོར་དང་ཚོང་ལས། ཚན་རིག་དང་འཕྲུལ་རིག་ལག་རྩལ། དམག་དོན་བཅས་ཀྱི་གསང་བའི་གནས་ཚུལ་རྣམས་རྐུ་འཁྱེར། ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ཆབ་སྲིད་ལ་ཐེ་གཏོགས་བྱེད་ཀྱི་ཡོད་པའི་གྲས་སུ་ཨོ་གླིང་རྒྱལ་ཁབ་ལ་ཉེན་ཀ་ཆེ་ཤོས་འབྱུང་གི་ཡོད་པ་རེད།

ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨོ་གླིང་སྲིད་གཞུང་གི་འགོ་ཁྲིད་ཚོར་རྒྱ་ནག་ལ་ཁ་གཏད་གཅོག་པའི་སྲིད་ཇུས་མཁྲེགས་པོ་ཞིག་འཛིན་དགོས་ཞེས་མངོན་ལྐོག་གཉིས་སུ་སྐུལ་ལྕག་བཏང་ཞིང་། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཁྲིམས་ཡིག་ལ་མཚན་རྟགས་བཀོད་ནས་བཟུང་། ཨོ་གླིང་རྒྱལ་ཁབ་ཀྱིས་རྒྱ་ནག་ལ་ཁ་གཏད་གཅོག་པའི་ལངས་ཕྱོགས་འཛིན་དགོས་ཞེས་གནོན་ཤུགས་སྤྲོད་རྒྱུ་ཤུགས་ཆེ་རུ་སོང་རུང་སྲིད་བློན་སི་ཀོ་ཊི་མོ་རི་སན་གྱིས་ཨོ་གླིང་གཞུང་གིས་ཨ་མི་རི་ཀ་དང་རྒྱ་ནག་གཉིས་ལས་གཅིག་གདམ་དགོས་པ་ཞིག་མིན་ཞེས་བཤད། སྔ་ལོ་ཨོ་གླིང་རྒྱལ་ཁབ་ཀྱི་ཆབ་སྲིད་ལ་རྒྱལ་ཁབ་གཞན་གྱིས་ཐེ་གཏོགས་བྱེད་མི་ཆོག་ཅེས་ཁྲིམས་ཡིག་ཅིག་གཏན་འབེབས་བྱུང་བའང་ལག་ལེན་ཡག་པོ་ཞིག་བསྟར་དཀའ་བ་ཞིག་ཏུ་གྱུར། རྒྱལ་ཁབ་དེའི་འགོ་ཁྲིད་ཚོས་གསང་རྒྱ་དམ་པོ་བྱས་ནས་གྲོས་ཚོགས་འཐུས་མི་ཚོ་དང་ཉམས་ཞིབ་པ་ཚོས་རྒྱ་ནག་གི་ཐེ་གཏོགས་དང་གསང་ཉུལ་གྱི་ཁྱབ་ཚད་ངོ་མ་རྣམས་ཤེས་རྟོགས་གསལ་པོ་ཞིག་མི་ཐུབ། ཨོ་གླིང་རྒྱལ་ཁབ་ཀྱི་སྲིད་དོན་པ་ཚོས་གནད་དོན་དེར་གླེང་སློང་བྱ་རྒྱུ་གཡོལ་ཐབས་བྱེད་ཀྱི་ཡོད་པས་རྒྱལ་ཁབ་དེའི་གསང་བའི་ལས་ཁང་གི་ལས་སྣེ་ཟུར་པ་ཚོས་རྒྱ་ནག་གི་ཉེན་ཀ་དེ་རྣམས་ཕྱིར་བསྒྲགས་བྱས་ནས་དོགས་ཟོན་བྱ་དགོས་པའི་ཉེན་བརྡ་བཏང་འདུག

ཨོ་གླིང་རྒྱལ་ཁབ་ཀྱི་གསང་བའི་ལས་ཁང་ཁག་ཏུ་རྒྱ་ནག་ལ་ཉམས་ཞིབ་བྱེད་མཁན་མཁས་པའམ། ཡང་ན་རྒྱ་ཡིག་རྒྱ་སྐད་ཤེས་མཁན་ལས་བྱེད་པ་མང་པོ་ཞིག་མེད། ད་ལྟ་ཨོ་གླིང་རྒྱལ་ཁབ་ཀྱི་གསང་བའི་ལས་ཁང་ལ་རྒྱ་ནག་གི་གསང་ཉུལ་ཟུར་པ་དང་རང་གི་ས་གནས་ཁག་ལ་དངོས་སུ་འབྱུང་བཞིན་པའི་གནས་ཚུལ་དེ་ཚོར་ཞིབ་འཇུག་བྱ་དགོས་པའི་ལས་འགན་བབས། འོན་ཀྱང་རྒྱ་ནག་གཞུང་གིས་ཨོ་གླིང་རྒྱལ་ཁབ་ཀྱི་སྤྱི་དམངས་སུ་གྱུར་པའི་རྒྱ་རིགས་ཚོང་པ་ཚོར་འབྲེལ་བ་བྱས་མྱོང་མེད། ཁོ་ཚོ་བརྒྱུད་ནས་ཨོ་གླིང་རྒྱལ་ཁབ་ཀྱི་སྲིད་དོན་པ་དང་སྲིད་དོན་ཚོགས་པ་ཁག་ལའང་དངུལ་སྒོར་སྤྲད་མྱོང་མེད། རྒྱ་ནག་གིས་ཨོ་གླིང་རྒྱལ་ཁབ་ལ་གསང་ཉུལ་གཏོང་གི་མེད། ཝང་ལི་ཆང་ཞེས་པའི་མི་དེ་སྐྱེས་པ་ལས་ཤོར་པ་ཞིག་རེད། ཁོ་པས་རྒྱ་ནག་གི་ས་ཐོག་ཏུ་གཡོ་ཁྲམ་བྱས་ནས་ཨོ་གླིང་རྒྱལ་ཁབ་ལ་བྲོས་བྱོལ་དུ་སོང་བ་རེད་ཅེས་དགག་པ་བརྒྱབ། ཡིན་ནའང་ཨ་རེའི་ནེའུ་ཡོཀ་དུས་བབ་ཚགས་པར་སོགས་ཀྱིས་རྒྱ་ནག་གཞུང་གིས་ཨོ་གླིང་རྒྱལ་ཁབ་ཀྱི་སྤྱི་དམངས་སུ་གྱུར་པའི་རྒྱ་རིགས་ཚོང་པ་ཚོར་འབྲེལ་བ་བྱས་ཏེ། ཁོ་ཚོ་བརྒྱུད་ནས་ཨོ་གླིང་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མིར་ལངས་པའི་སྲིད་དོན་པ་ཁག་ཅིག་ལ་དངུལ་སྒོར་ཞལ་འདེབས་སྤྲད་པ་དང་། ཨོ་གླིང་རྒྱལ་ཁབ་ཀྱི་སྲིད་དོན་ཚོགས་པ་ཁག་ཅིག་ལའང་རྒྱ་ནག་གི་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་ར་སྤྲོད་བྱུང་ཡོད་པ་རེད།

དེང་སྐབས་ཨོ་གླིང་རྒྱལ་ཁབ་གཅིག་པུར་རྒྱ་མི་རིགས་ས་ཡ་༡་འབུམ་༢་ཡོད་པ་དང་རྒྱལ་ཁབ་དེའི་གྲོས་ཚོགས་གོང་མར་རྒྱ་ནག་གི་ཕྱི་མི་གཞིས་ཆགས་པ་ཇེ་མང་དུ་འགྲོ་བཞིན་པར་རྩོད་པ་ཆེན་པོ་བྱུང་འདུག ཨོ་གླིང་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་རྒྱ་ནག་གིས་ཨོ་གླིང་རྒྱལ་ཁབ་འདི་རྒྱ་མི་རིགས་ཀྱི་རྒྱལ་ཁབ་ཅིག་ལ་བསྒྱུར་རྒྱུའི་དམིགས་ཡུལ་འཆང་ནས་ཕྱི་མི་གཞིས་ཆགས་པ་གཏོང་གི་འདུག་ཅེས་བཤད། སྲིད་བློན་ཟུར་པ་ཁེ་ཝྭེན་རུ་ཌིས་ཀྱང་རང་གི་རྒྱལ་ཁབ་དེར་ཨེ་ཤི་ཡའི་ཤར་ཕྱོགས་པའི་ཕྱི་མི་གཞིས་ཆགས་པས་ཁེངས་སྲིད་པའི་ཉེན་བརྡ་བཏང་ཞིང་། སི་ཌི་ཎི་གྲོང་ཁྱེར་གྱི་ཉམས་ཞིབ་ཁང་ཞིག་གི་མཁས་པ་མེཀ་གྷེ་རི་གྷོར་གྱིས་ཨོ་གླིང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོས་རྩོད་པ་རྒྱག་གི་ཡོད་ཀྱང་རྒྱ་ནག་ལ་ཅི་ཞིག་བྱ་དགོས་པའི་ཐབས་ལམ་གསལ་པོ་ཞིག་རྙེད་མི་འདུག ཨོ་གླིང་མི་དམངས་ཀྱི་སེམས་སུ་རང་གི་མི་རིགས་དང་རིག་གཞུང་རྣམས་རྩ་བརླག་འགྲོ་སྲིད་པའི་བློ་འཚབ་བྱུང་བ་དང་། རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོ་དང་ཐེ་ཝན་སོགས་ཀྱི་བདག་དབང་རྩོད་རྒྱུ་ཤུགས་ཆེ་རུ་སོང་སྟེ་ཨོ་གླིང་བ་ཚོར་རང་ཉིད་འཚོ་གནས་བྱེད་མི་ཐུབ་པའི་ཉེན་ཀ་ཡོད་པ་ངོ་འཕྲོད་ན་ཨེ་ཤི་ཡ་དང་ཞི་བདེའི་རྒྱ་མཚོའི་མངའ་ཁུལ་དུ་ཛ་དྲག་འབྱུང་རྒྱུ་ཉག་ཅིག་རེད་ཅེས་བཤད་འདུག

XS
SM
MD
LG