ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཨི་ཇེབ་ལ་བར་བརྒལ་སྲིད་འཛིན་བསྐོ་བཞག


༄༅།། ཕྱི་ཟླ་༧་ཚེས་༣་ཉིན་ཨི་ཇེབ་ཀྱི་དམག་གིས་སྲིད་འཛིན་མོར་སི་དང་གཞུང་འཛིན་ཁ་ཆེ་ཕུ་ནུ་ཚོགས་པ་གནས་དབྱུང་བཏང་སྟེ། ད་ནངས་སྔ་དྲོར་ཨི་ཇེབ་ཀྱི་ཆེས་མཐོ་ཁྲིམས་ཁང་གི་ཁྲིམས་ཞིབ་པ་ཨ་ཏ་ལི་མན་སུར་བར་བརྒལ་སྲིད་གཞུང་གི་འགོ་ཁྲིད་ལ་བསྐོ་བཞག་བྱས་ཡོད་ཅིང་། སྲིད་འཛིན་ཟུར་པ་མོར་སི་དང་ཁ་ཆེ་ཕུ་ནུ་ཚོགས་པའི་མཐོ་རིམ་འགོ་ཁྲིད་ཁག་ཅིག་རང་ཁྱིམ་ལ་བཟང་བཙོན་དུ་བཅུག་ཡོད་པ་མ་ཟད། ཨི་ཇེབ་ཀྱི་དམག་གིས་ཁ་ཆེ་ཕུ་ནུ་ཚོགས་པའི་འཐུས་མི་གྲངས་མང་གི་རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་མི་ཚོས་གཏན་འབེབས་བྱས་པའི་རྩ་ཁྲིམས་ཕྱིར་བསྡུ་བྱས་པ་དང་། ཨི་ཇེབ་ལ་སྲིད་འཛིན་དང་རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་མི་རྣམས་བསྐྱར་དུ་འོས་འདེམས་བྱེད་དགོས་པའི་ཐག་གཅོད་བྱས་འདུག དེར་བརྟེན་འདས་པའི་ཟླ་ཤས་རིང་ཨི་ཇེབ་ལ་ཞི་བདེ་བརྟན་ལྷིང་མེད་པར་མི་མང་གིས་ངོ་རྒོལ་ཁྲོམ་སྐོར་བྱས་ནས་ཟིང་འཁྲུག་ལངས་ཡོད་པ་ཞི་འཇམ་སོང་བའི་རྣམ་པ་ཞིག་ཐོན་ཡོད་པ་དང་། དམག་གི་དབང་སྒྱུར་འོག་ཏུ་ཨི་ཇེབ་ཀྱི་དཔལ་འབྱོར་དང་ཚོང་ལས་སླར་གསོ། མི་མང་ལ་ཞི་བདེའི་འཚོ་བ་ཞིག་གི་ཁོར་ཡུག་བསྐྲུན་ཐུབ་པའི་རེ་བ་འཆང་ཡོད་པ་རེད། དེ་རིང་གཟའ་ཕུར་བུའི་ཉིན་ཨི་ཇེབ་ཀྱི་ཚགས་པར་ཁག་གི་མདུན་ཤོག་ལ་སྲིད་འཛིན་མོར་སི་གནས་དབྱུང་བཏང་བ་མི་མང་ལ་རྒྱལ་ཁ་ཐོབ་པ་རེད་ཅེ་དང་། གསར་ཤོག་འགའ་ཞིག་གིས་ཁྲིམས་མཐུན་གྱི་མི་དམངས་ལ་རྒྱལ་ཁ་ཐོབ་པ་རེད་ཟེར་པ་སོགས་སྲིད་འཛིན་མོར་སི་དང་ཁ་ཆེ་ཕུ་ནུ་ཚོགས་པ་མགོ་རྟིང་སློག་པར་དགའ་བསུ་ཞུ་བའི་ཆེད་བརྗོད་སྤེལ་ཡོད་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་དང་ཨ་མི་རི་ཀ ཡུ་རོབ་མཉམ་འབྲེལ་དང་སོ་ཌི་ཨ་རེ་བི་ཡ། རྒྱ་ནག་སོགས་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཁག་གིས་ཀྱང་ཨི་ཇེབ་ཀྱི་དམག་གིས་སྲིད་དབང་འཕྲོག་པ་དེར་སྐྱོན་བརྗོད་བྱས་མེད་པ་དང་། ཨི་ཇེབ་ཀྱི་དམག་གིས་འགན་ཁུར་བླངས་ནས་སྲིད་འཛིན་མོར་སི་གནས་དབྱུང་བཏང་བ་དེར་རྒྱལ་ཁབ་དེའི་སྲིད་དོན་ཚོགས་པ་ཁག་དང་ཆོས་ལུགས་མི་སྣ། གུ་ཡངས་ཀྱི་ལྟ་བ་འཛིན་པའི་ཤེས་ཡོན་ཅན་དང་ན་གཞོན། ཨི་ཇེབ་ཀྱི་མི་མང་དཀྱུས་མ་བཅས་མི་གྲངས་ས་ཡ་མང་པོས་རྒྱབ་སྐྱོར་བྱས་ཡོད་པ་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG