ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཧོང་ཀོང་གི་ཀུ་ཤུ་ཉིན་རེའི་ཚགས་པར་གྱི་རྩོམ་སྒྲིག་པ་སོགས་འཛིན་བཟུང་།


༄༅།། དེ་རིང་ཕྱི་ཟླ་༦་པའི་ཚེས་༡༧་ཉིན་ཧོང་ཀོང་གི་ཉེན་རྟོག་པས་ཀུ་ཤུ་ཉིན་རེའི་ཚགས་པར་གྱི་སྤྱི་ཁྱབ་རྩོམ་སྒྲིག་པ་ལྔ་དང་སྤྱི་ཁྱབ་འཛིན་སྐྱོང་འགན་འཛིན་སོགས་ཀྱིས་ཕྱིའི་རྒྱལ་ཁབ་ལ་ངན་འབྲེལ་བྱས་སོང་ཞེས་ནག་ཉེས་བཙུགས་ནས་འཛིན་བཟུང་བྱས་འདུག མཉམ་འབྲེལ་གསར་ཁང་གིས་ཧོང་ཀོང་ནས་གནས་ཚུལ་སྤེལ་བ་ལྟར་ན། ཧོང་ཀོང་གི་ཉེན་རྟོག་པས་ཀུ་ཤུ་ཉིན་རེའི་ཚགས་པར་གྱིས་ཉུང་མཐར་ཡང་ཕྱིའི་རྒྱལ་ཁབ་ཁག་གིས་རྒྱ་ནག་དང་ཧོང་ཀོང་གི་འབྲེལ་ཡོད་ལས་སྣེ་ཚོར་ཉེས་ཆད་གཅོད་དགོས་ཞེས་ངན་སྐུལ་གྱི་རྩོམ་ཡིག་༣༠་ཐམ་པ་སྤེལ་ཡོད་པའི་དཔང་རྟགས་ཡོད་ཅེས་རྒྱུ་མཚན་བགྲངས། སྔ་ལོ་རྒྱ་ནག་གཞུང་གིས་ཧོང་ཀོང་ལ་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཞེས་པ་ཞིག་ལག་ལེན་བསྟར་ནས་དྲག་གནོན་ཚབས་ཆེན་བྱས་པར་ཀུ་ཤུ་ཉིན་རེའི་ཚགས་པར་གྱིས་སྐྱོན་བརྗོད་དང་ངོ་རྒོལ་གྱི་རྩོམ་ཡིག་སྤེལ། ༡༩༩༧་ལོར་རྒྱ་ནག་གིས་ཧོང་ཀོང་རྩིས་བླངས་པའི་གཞུག་ཏུ་པེ་ཅིང་གི་དབང་འཛིན་པ་ཚོས་མངའ་ཁུལ་དེའི་རང་སྐྱོང་གི་ཐོབ་ཐང་རྣམས་མེད་པར་བཏང་སྟེ་དབང་སྒྱུར་བྱ་རྒྱུ་དམ་དུ་བཏང་བར་ཀུ་ཤུ་ཉིན་རེའི་ཚགས་པར་གྱི་རྩོམ་སྒྲིག་པ་ཚོས་རྟག་ཏུ་རྒྱ་ནག་ལ་སྐྱོན་བརྗོད་ཀྱི་ཆེད་བརྗོད་བྲིས། ༢༠༡༩་ལོར་ཧོང་ཀོང་ལ་དམངས་གཙོའི་འགྱུར་བཅོས་གཏོང་དགོས། ཧོང་ཀོང་གི་འགོ་ཁྲིད་མངའ་ཁུལ་དེའི་མི་དམངས་ལ་དམངས་གོའི་ལམ་ནས་འོས་འདེམས་བྱེད་དུ་འཇུག་དགོས་ཞེས་ཧོང་ཀོང་བ་འབུམ་ཕྲག་མང་པོས་ངོ་རྒོལ་ལས་འགུལ་སྤེལ། ཀུ་ཤུ་ཉིན་རེའི་ཚགས་པར་གྱི་བདག་པོ་ཇཱི་མཱི་ལེ་སྐབས་དེར་ཧོང་ཀོང་ས་གནས་གཞུང་གི་ཆོག་མཆན་མེད་པའི་ངོ་རྒོལ་ཁྲོམ་སྐོར་ཞུགས། ཉེ་ཆར་ཇཱི་མཱི་ལེ་ལ་ཧོང་ཀོང་གི་ཁྲིམས་ཁང་ཞིག་གིས་ལོ་གཅིག་དང་ཟླ་བ་བརྒྱད་ཀྱི་བཙོན་འཇུག་གི་ཁྲིམས་ཐག་བཅད།།

ཧོང་ཀོང་གི་མཐོ་རིམ་ཉེན་རྟོག་སྤྱི་ཁྱབ་པ་ལི་ཁུའེ་ཝས་མཉམ་འབྲེལ་གསར་ཁང་ལ་བཤད་པ་ལྟར་ན། རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཀྱི་དགོངས་དོན་ལྟར་ཀུ་ཤུ་ཉིན་རེའི་ཚགས་པར་ལ་འབྲེལ་བ་ཡོད་པའི་བཟོ་ཚོང་ལས་ཁང་གསུམ་གྱི་རྒྱུ་དངོས་ཏེ། ཨ་སྒོར་༢༣༠༠༠༠༠་གྱི་ཐང་རིན་རྣམས་གཞུང་བཞེས་བྱས་པ་ཡིན། ཧོང་ཀོང་གཞུང་གིས་ཉེན་རྟོག་པ་༢༠༠་ལྷག་བཏང་ནས་ཀུ་ཤུ་ཉིན་རེའི་ཚགས་པར་གྱི་ལས་ཁུངས་ལ་སྔོག་བཤེར་དང་གསར་འགྱུར་ལས་ཁང་དེས་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ལ་འགལ་འཛོལ་བྱུང་ཡོད་མེད་དཔང་རྟགས་འཚོལ་བཞིན་ཡོད་ཅེས་བཤད་པར་མ་ཟད། ཧོང་ཀོང་གི་བདེ་འཇགས་སྲུང་སྐྱོབ་བློན་ཆེན་གྱིས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ནས་ཉེན་རྟོག་པས་ཀུ་ཤུ་ཉིན་རེའི་ཚགས་པར་ཁང་གི་ལས་བྱེད་པ་དང་ཀུ་ཤུ་ཉིན་རེའི་ཚགས་པར་ལ་རོགས་སྐྱོར་བྱེད་མཁན་ཚོར་ཞིབ་འཇུག་བྱེད་ཀྱི་ཡོད། ཀུ་ཤུ་ཉིན་རེའི་ཚགས་པར་གྱི་སྤྱི་ཁྱབ་འཛིན་སྐྱོང་འགན་འཛིན་དང་སྤྱི་ཁྱབ་རྩོམ་སྒྲིག་པ་སོགས་ཀྱི་ལས་དོན་སྒྲུབ་ཕྱོགས་ནི་རྒྱུན་ལྡན་གྱི་གསར་འགོད་པའི་ལས་དོན་སྒྲུབ་ཕྱོགས་ཤིག་མ་རེད། ཁོ་ཚོས་གསར་འགོད་ལས་རིགས་བརྒྱུད་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་འཕྲད་དུ་འཇུག་གི་འདུག མི་རྣམས་རྒྱུན་ལྡན་མིན་པའི་གསར་འགོད་པ་དེ་དག་ལ་རྒྱང་ཐག་རིང་དུ་བཏང་ན་དགེ་མཚན་ཆེ། ཧོང་ཀོང་གི་ས་ཐོག་ཏུ་གསར་འགོད་པའི་ཆེད་ལས་གཉེར་བཞིན་པ་ཚོས་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཚུད་པའི་ས་གནས་ཀྱི་ཁྲིམས་ལ་ངེས་པར་དུ་བརྩི་སྲུང་བྱ་དགོས་ཞེས་ཉེན་བརྡ་བཏང་ཞིང་། ཉེན་རྟོག་པས་འཛིན་བཟུང་བྱས་པ་དེ་དག་གི་གྲས་སུ་ཀུ་ཤུ་ཉིན་རེའི་ཚགས་པར་གྱི་སྤྱི་ཁྱབ་རྩོམ་སྒྲིག་པ་དང་དཔར་སྐྲུན་ཁང་གི་སྤྱི་ཁྱབ་འགན་འཛིན། པར་རིས་སྒྲིག་སྦྱོར་སྡེ་ཚན་གྱི་སྤྱི་ཁྱབ་འགན་འཛིན། གཞན་ཡང་དེ་མིན་གྱི་རྩོམ་སྒྲིག་པ་གཉིས་ཡོད་པའི་གནས་ཚུལ་ཐོན།།

ཀུ་ཤུ་ཉིན་རེའི་ཚོགས་པར་གྱི་ངོ་དེབ་ཐོག་ཏུ་ཉེན་རྟོག་པ་ཚོ་ཚགས་པར་ལས་ཁུངས་དེར་དཔུང་འཛུལ་བྱས་པ་རྣམས་ཐད་གཏོང་བྱས་ཡོད་པ་སྟེ། དྲྭ་ལམ་རྒྱང་སྲིང་བ་དེས་ཉེན་རྟོག་པ་ཚོ་ཞོགས་པའི་ཆུད་ཚོད་༧་པའི་ཐོག་ཏུ་ཚགས་པར་ལས་ཁུངས་སུ་འབྱོར་སོང་། ཁོ་ཚོས་ཀུ་ཤུ་ཉིན་རེའི་ཚགས་པར་ཁང་ཡོད་སའི་ཁང་ཆེན་དེ་མཐའ་བསྐོར་འདུག ཉེན་རྟོག་པས་ཚགས་པར་ཁང་གི་ཡིག་ཆ་སོགས་ཤོག་སྒམ་མང་པོ་ཞིག་དོས་སྐྱེལ་རླངས་འཁོར་ནང་དུ་འཁྱེར་གྱི་ཡོད་པ་དང་ང་ཚོར་ལག་ཆ་མང་དག་ཅིག་བཀོལ་སྤྱོད་བྱེད་མི་ཆོག་ཅེས་འགོག་གི་འདུག ཡིན་ནའང་ང་ཚོས་ངོ་དེབ་ཐད་གཏོང་འདི་རྒྱུན་འཁྱོངས་བྱེད་ཐུབ་པ་བྱ་རྒྱུ་དང་ང་ཚོའི་དྲྭ་ཚིགས་སུ་གསར་འགྱུར་གསར་པ་རྣམས་ཁ་སྣོན་བྱེད་ཐུབ་པའི་འབད་བརྩོན་བྱ་རྒྱུ་ཡིན་ཞེས་བསྒྲགས། ཧོང་ཀོང་གཞུང་གིས་རྒྱ་ནག་ལ་སྐྱོན་བརྗོད་དང་ངོ་རྒོལ་བྱ་རྒྱུ་ཁྲིམས་འགལ་དུ་བརྩིས། རྒྱ་ནག་སྐམ་ས་ཆེན་མོའི་གསང་བའི་མི་སྣ་ཚོར་ཧོང་ཧོང་གི་ཆབ་སྲིད་ཀྱི་ལྟ་བ་ཐ་དད་འཛིན་མཁན་རྣམས་ལ་ཞིབ་འཇུག་དང་རྩད་གཅོད་བྱེད་ཆོག་པའི་དབང་ཚད་སྤྲད། ཟླ་བ་སྔོན་མར་ཧོང་ཀོང་གཞུང་གིས་ཀུ་ཤུ་ཉིན་རེའི་ཚགས་པར་གྱི་བདག་པོ་ཇཱི་མཱི་ལེ་འཛིན་བཟུང་བྱས་ནས་བཟུང་། མི་ཚང་མས་ཀུ་ཤུ་ཉིན་རེའི་ཚགས་པར་ཁང་ལ་ཇུས་ཉེས་ཤིག་འབྱུང་རྒྱུའི་ཚོད་བྱས་པ་གཟའ་ཕུར་བུའི་ཉིན་མངོན་སུམ་དུ་བྱུང་། ཀུ་ཤུ་ཉིན་རེའི་ཚགས་པར་གྱི་སྤྱི་ཁྱབ་རྩོམ་སྒྲིག་པས་ང་ཚོའི་གསར་ཁང་གི་བདག་པོ་བཙོན་འཇུག་བྱས་པའི་རྗེས་སུ་དཀའ་ངལ་ཆེན་པོ་ཞིག་འཕྲད་ཀྱི་འདུག འོན་ཀྱང་གསར་འགོད་པ་དང་རྩོམ་སྒྲིག་པ་ཚོས་མུ་མཐུད་དུ་ཚགས་པར་དཔར་འགྲེམ་བྱ་རྒྱུའི་ཆོད་སེམས་བརྟན་པོ་བཙུགས་ཡོད་ཅེས་ཧྥ་རན་སི་གསར་འགྱུར་ལས་ཁང་གི་བཅའ་འདྲིའི་སྐབས་སུ་ལན་བཏབ། ཉེ་ཆར་ཀུ་ཤུ་ཉིན་རེའི་ཚགས་པར་ཁང་གི་ལས་བྱེད་པ་ཚོས་སྤྱི་ཁྱབ་རྩོམ་སྒྲིག་པ་རྣམས་ཉེན་རྟོག་པས་འཛིན་བཟུང་བྱེད་ན་ང་ཚོས་ཅི་ཞིག་བྱ་དགོས་ཞེས་དྲིས། ཁོང་གིས་སྤྱི་ཚོགས་འབྲེལ་མཐུད་དུ་དྲྭ་ལམ་ལ་ཐད་གཏོང་བྱོས་ཞེས་བཀོད་འདོམས་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

ཧོང་ཀོང་གི་གསར་འགོད་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཁེ་རེ་སི་དབྱང་གིས་དྲྭ་ལམ་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ནས་ཁྱབ་བསྒྲགས་བྱས་པ་ལྟར་ན། ཀུ་ཤུ་ཉིན་རེའི་ཚགས་པར་གྱི་རྩོམ་སྒྲིག་པ་སོགས་འཛིན་བཟུང་བྱས་པ་དེས་ཧོང་ཀོང་གི་སྤྱི་ཚོགས་ཧྲིལ་པོར་འཇིགས་སྣང་བསྐུལ་ཐུབ། ཧོང་ཀོང་གཞུང་གིས་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ལ་ཁ་གཡར་ནས་རྩོམ་སྒྲིག་པ་དང་སྤྱི་ཁྱབ་འགན་འཛིན། གསར་འགོད་པ་དང་གསར་འགྱུར་འགྲེམ་སྤེལ་བ་ཚོ་ཁྲིམས་ལ་སྦྱོར་གྱི་འདུག ཁྲིམས་ཁང་གིས་ཉེན་རྟོག་པར་ཀུ་ཤུ་ཉིན་རེའི་ཚགས་པར་གྱི་ལས་ཁུངས་ལ་སྔོན་བཤེར་བྱེད་ཆོག་པའི་བཀའ་འཁྲལ་སྤྲད་ནས་གསར་འགོད་པ་ཚོས་རང་གི་གསར་འགྱུར་གྱི་རྒྱུ་ཆ་རྣམས་གསང་བ་བྱས་ནས་ཉར་འཇོག་བྱེད་དཀའ། དེས་ན་གསར་འགོད་རང་དབང་གི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་མི་ཐུབ། གསར་འགོད་པ་ཚོས་རང་གི་གསར་འགྱུར་གྱི་རྒྱུ་ཆ་སོགས་ལ་སྲུང་སྐྱོབ་བྱེད་མ་ཐུབ་ན་རང་གིས་རང་ལ་ཞིབ་བཤེར་བྱས་ནས་གསར་འགོད་རང་དབང་མེད་པར་འགྱུར་ཉེན་ཆེ། ང་ཚོས་ཧོང་ཀོང་གཞུང་གིས་འཕྲལ་དུ་གནས་ཚུལ་ཞིབ་ཕྲ་ཞིག་ཕྱིར་བསྒྲགས་བྱ་དགོས་པའི་ནན་བརྗོད་བྱ་རྒྱུ་ཡིན། ཧོང་ཀོང་གི་གསར་འགོད་རང་དབང་དང་སྨྲ་བརྗོད་རང་དབང་རྣམས་མེད་པར་འགྱུར་རྒྱུའི་མཚམས་སུ་བསླེབས་འདུག་ཅེས་འབོད་སྐུལ་ཞུས། རྒྱ་ནག་གཞུང་གིས་ཧོང་ཀོང་ལ་བཙན་གྱིས་གཏན་འབེབས་བྱས་པའི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ནང་དུ་ཁ་བྲལ་དང་གྱེན་ལོག འཇིགས་སྐུལ་རིང་ལུགས་དང་ཕྱིའི་རྒྱལ་ཁབ་ཁག་ལ་ངན་འབྲེལ་སོགས་དོན་ཚན་མང་དག་ཅིག་བཀོད། ན་ནིང་ཕྱི་ཟླ་༦་པའི་ཚེས་༣༠་ཉིན་ཁྲིམས་དེ་ལག་ལེན་བསྟར་པའི་རྗེས་སུ་ཧོང་ཀོང་གི་དམངས་གཙོའི་ཕྱོགས་ཁག་གི་ལས་འགུལ་བ་བརྒྱ་ལྷག་འཛིན་བཟུང་བྱས་ཤིང་། ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་བརྒྱ་ཕྲག་མང་པོ་ཐེ་ཝན་སོགས་ཕྱི་རྒྱལ་ཁབ་ཁག་ལ་བྲོས་བྱོལ་དུ་སོང་། ད་ལྟ་ཧོང་ཀོང་གི་ས་ཐོག་ཏུ་ཕྱོགས་འགལ་གྱི་ལྟ་བ་འཛིན་མཁན་ཧ་ལམ་མེད་པ་ལྟར་དུ་གྱུར།།

རྒྱ་ནག་གིས་ཧོང་ཀོང་ལ་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཞེས་པ་ཞིག་བཙན་གྱིས་གཏན་འབེབས་བྱས་པར་ཨ་མི་རི་ཀས་ཧོང་ཀོང་གི་སྤྱི་ཁྱབ་འགན་འཛིན་ཁེ་རི་ལམ་དང་རྒྱ་ནག་དབུས་གཞུང་གིས་འབྲེལ་ཡོད་ལས་སྣེ་ཁག་ཅིག་ཨ་མི་རི་ཀར་ཡོང་མི་ཆོག་པ་དང་དེ་དག་གི་བཟའ་བུ་ཕྲུག་རྣམས་ཀྱང་ཨ་རིར་སློབ་སྦྱོང་དང་ཡུལ་སྐོར་སྤྲོ་འཆམ་ལ་ཡོང་མི་ཆོག ཁོ་ཚོས་ཨ་མི་རི་ཀར་མ་རྩ་བཙུགས་ནས་ཚོང་ལས་གཉེར་མི་ཆོག་པ་དང་ཨ་རིའི་ས་ཐོག་ཏུ་མཁར་དངོས་སོགས་ཡོད་ན་ཨ་མི་རི་ཀའི་གཞུང་གིས་འགོག་ཉར་བྱེད་ཆོག་པའི་བཅའ་ཁྲིམས་གཏན་ལ་ཕབ། ཨ་མི་རི་ཀས་ཧོང་ཀོང་ལ་དམིགས་བསལ་གྱི་ཁྲལ་ཆག་ཚོང་ལས་ཀྱི་ཐོབ་ཐང་ཞིག་སྤྲོད་ཀྱི་ཡོད་པའང་ཕྱིར་འཐེན། ཉམས་ཞིབ་པ་ཚོས་ཨ་རིའི་སི་ཨེན་ཨེན་གསར་འགྱུར་ལས་ཁང་ལ་བཤད་པ་ལྟར་ན། ཧོང་ཀོང་གི་ཉེན་རྟོག་པ་ཚོས་ཀུ་ཤུ་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་འགན་འཛིན་དང་རྩོམ་སྒྲིག་པ་རྣམས་འཛིན་བཟུང་བྱས་པ་དེ་ལ་བལྟས་ཚེ། རྒྱ་ནག་གཞུང་ལ་སྐྱོན་བརྗོད་དང་ངོ་རྒོལ་གྱི་གསར་འགྱུར་སྤེལ་མཁན་གཅིག་ཀྱང་ཧོང་ཀོང་གི་ས་ཏོག་ཏུ་འཇོག་རྒྱུ་མིན་པའི་རྟགས་མཚན་རེད། ཧོང་ཀོང་ནི་སྔར་བཞིན་མ་ཡིན་པར་རྒྱ་ནག་སྐམ་ས་ཆེན་མོ་ལྟར་གསར་འགོད་ལས་རིགས་དགྲ་རུ་འཛིན་པའི་ས་གནས་ཤིག་ཏུ་འགྱུར་གྱི་འདུག ཧོང་ཀོང་གི་ས་ཐོག་ཏུ་ཕྱི་རྒྱལ་གྱི་གསར་འགོད་པ་ཚོར་དཀའ་ངལ་ཕྲད་ནས་ཐེ་ཝན་ལ་གནས་སྤོར་བྱས་མོད། འོན་ཀྱང་ཧོང་ཀོང་ས་གནས་ཀྱི་རྒྱ་ཡིག་གི་གསར་འགྱུར་ལས་ཁང་ཁག་ལ་རང་དབང་ཅུང་ཟད་ཅིག་ཡོད་པ་རྣམས་ཀྱང་མེད་པར་འགྱུར་གྱི་འདུག་ཅེས་བསྟན། ཁེ་རི་ལམ་གྱིས་རྒྱ་ནག་གིས་ཧོང་ཀོང་ལ་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ལག་ལེན་བསྟར་ཀྱང་ས་གནས་དེའི་མི་དམངས་ཀྱིས་སྔར་བཞིན་གསར་འགོད་རང་དབང་གི་ཐོབ་ཐང་ལོངས་སུ་སྤྱོད་ཆོག་ཅེས་ཁས་བླངས། ཧོང་ཀོང་ས་གནས་གཞུང་གིས་ཀྱང་གསར་འགོད་རང་དབང་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་ཁས་ལེན་བྱས་ཡོད་པ་རེད།།

XS
SM
MD
LG