ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

༢༠༢༢་ལོའི་རྒྱ་ནག་གི་ཨོ་ལིམ་ཕིག་རྩེད་འགྲན་རྒྱང་སྲིང་བྱ་མི་རུང་ཟེར།


༄༅།། ཨ་རིའི་གྲོས་ཚོགས་འཐུས་མི་དང་ཨ་རིའི་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་ལ་བཞེང་མཁན་བཅས་ཀྱི་གྲས་སུ་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་པ་དེར་ཉེས་ཆད་གཅོད་དགོས། རྒྱ་ནག་ཏུ་༢༠༢༢་ལོའི་དགུན་དུས་ཀྱི་ཨོ་ལིམ་ཕིག་རྩེད་འགྲན་འཚོགས་འཆར་ལ་བཀག་སྡོམ་བྱ་དགོས་པའི་ལྟ་ཚུལ་འདོན་མཁན་ཇེ་མང་དུ་འགྲོ་བཞིན་འདུག

རྒྱ་ནག་གཞུང་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་མཁན་ཚབས་ཆེ་ཤོས་ཀྱི་གྲས་ཤིག་ཡིན་ཞིང་། རྒྱ་ནག་གཞུང་གིས་བརྙན་མིག་ཁྲི་ཕྲག་མང་པོ་བཙུས་ནས་འཕྲུལ་རིག་གིས་མིའི་འགྲོ་འདུག་ལ་ལྟ་རྟོག་བྱེད་བཞིན་པ་བཅས་ཀྱིས་རྒྱ་ནག་ཏུ་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་འཚོགས་ན་ལུས་རྩལ་བ་དང་ལྟད་མོ་བའི་བདེ་འཇགས་ལ་བློ་འཚབ་སྐྱེ་གཞི་ཞིག་ཏུ་འགྱུར་རྒྱུ་རེད་འདུག དེར་བརྟེན་འབྱུང་འགྱུར་སྤྱི་ལོ་༢༠༢༢་ལོར་རྒྱ་ནག་ཏུ་དགུན་དུས་ཀྱི་ཨོ་ལིམ་ཕིག་རྩེད་འགྲན་འཚོགས་གཏན་ཁེལ་བའི་རྒྱལ་སྤྱིའི་ཨོ་ལིམ་ཕིག་ལྷན་ཚོགས་ཀྱི་ཐག་གཅོད་ལ་བསམ་བློ་བསྐྱར་དུ་གཏོང་དགོས། ཨ་རིའི་ནང་དུ་འབྱུང་འགྱུར་རྒྱ་ནག་གི་ཨོ་ལིམ་ཕིག་རྩེད་འགྲན་དེ་བརྙན་འཕྲིན་བརྒྱུད་ལམ་ཁག་ཏུ་རྒྱང་སྲིང་བྱེད་མཁན་ཨེན་བྷི་སི་གསར་འགྱུར་ལས་ཁང་གིས་ཀྱང་ལས་གཞི་ཕྱིར་འཐེན་བྱ་དགོས་ཞེས་ཨ་མི་རི་ཀའི་གྲོས་ཚོགས་འཐུས་མི་གཉིས་ཀྱིས་བརྙན་འཕྲིན་ཁང་དེའི་འགན་འཛིན་ལྷན་ཚོགས་ཀྱི་མཚན་ཐོག་ཏུ་ཟུང་འབྲེལ་ཞུ་འཕྲིན་ཞིག་ཕུལ་ཡོད་པ་རེད།

ཞུ་འཕྲིན་དེར་རྒྱ་ནག་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁོངས་སུ་སྡོད་འདོད་ན་ངེས་པར་དུ་རྒྱལ་སྤྱིའི་སྒྲིག་སྲོལ་དང་རྩ་འཛིན་ཁག་ལ་བརྩི་བཀུར་བྱ་དགོས།རྒྱ་ནག་ནི་འཛམ་གླིང་སྟེང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་མཁན་སྡུག་ཤོས་ཀྱི་གྲས་སུ་ཡོད་པས་རྒྱ་ནག་ཏུ་ལུས་རྩལ་རྩེད་པར་འགྲོ་མཁན་དང་ལྟད་མོ་བའི་ལྟ་རུ་ཁག་སོགས་ཀུན་གྱི་བདེ་འཇགས་ལ་ཉེན་ཁ་ཆེན་པོ་ཡོད། རྒྱ་ནག་པེ་ཅིང་ནི་འཕྲུལ་ཆས་ཀྱིས་ལྟ་རྟོག་བྱེད་སའི་ལྟེ་གནས་ཤིག་ཏུ་གྱུར་ཏེ་མི་རེ་རེའི་འགྲོ་འདུག་སྤྱོད་གསུམ་དང་དྲྭ་ལམ་ལ་མཉམ་ཞུགས་བྱེད་ལུགས་སོགས་ལ་དོ་དམ་དང་ལྟ་རྟོག་འོག་ཚུད་རྒྱུ་རེད།རྒྱ་ནག་གིས་བརྙན་མིག་ཁྲི་ཚོ་མང་པོ་བེད་སྤྱོད་གཏོང་གི་འདུག མི་ངོ་ཞིབ་བཤེར་གྱི་ལྟ་རྟོག་འོག་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད་བྱེད་མཁན་ཚོར་ལྟ་རྟོག་བྱ་ངེས་རེད་ཅེས་བཀོད་ཡོད་པ་རེད།

དེ་དང་ཕྱོགས་མཚུངས་ཚེས་༡༩་ཉིན་ཨ་རིའི་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་བཞེང་མཁན་ཚོའི་བགྲོ་གླེང་སྐབས་སུ་འང་རྒྱ་ནག་དང་ཨ་རིའི་འབྲེལ་ལམ་སྐོར་ལ་དྲི་བ་སླེབས།སྐབས་དེར་ཨ་མི་རི་ཀས་རྒྱ་ནག་ལ་ཕྱི་སྲིད་འབྲེལ་ལམ་འཛུགས་དུས་ཨ་མི་རི་ཀའི་རྒྱལ་ཡབ་ཚོས་བཏོན་པའི་ཨ་རིའི་རྩ་འཛིན་ཁག་རྨང་གཞིར་འཛིན་དགོས། འགྲོ་བ་མིའི་ཐོབ་ཐང་དང་ཆོས་ལུགས་དད་མོས་རང་དབང་། གསར་འགོད་རང་དབང་སོགས་བློས་གཏོང་བྱ་མི་རུང་ཞེས་གསུང་མཁན་བྱུང་འདུག ཡང་ཨ་མི་རི་ཀས་རྒྱལ་སྤྱིའི་རྩེད་འགྲན་གྱི་རྩ་འཛིན་ལ་བརྩི་བཀུར་གྱིས་རྒྱ་ནག་ལ་ཚོགས་འཆར་ཡོད་པའི་ཨོ་ལིམ་ཕིག་ལ་ཨ་མི་རི་ཀས་བཀག་སྡོམ་བྱ་དགོས། མཉམ་འབྲེལ་རྒྱལ་ཚོགས་སུ་ཨ་རིས་སྣེ་ཁྲིད་དེ་རྒྱ་ནག་གིས་འགྲོ་བ་མིའི ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་པར་རྒྱ་ནག་ལ་དཔལ་འབྱོར་གྱི་ཉེས་ཆད་གཅོད་དགོས། གལ་ཏེ་རྒྱ་ནག་གིས་མུ་མཐུད་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་སྒྲིག་སྲོལ་ལ་སྣང་མེད་བཏང་ན་བྱང་ཀོ་རི་ཡ་ལྟར་ཁེར་རྐྱང་དུ་ཕུད་དགོས། དེ་ལྟར་ཡོང་བར་ཨ་མི་རི་ཀས་རང་གི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་མཉམ་འབྲེལ་ངང་ནུས་པ་གཅིག་ཏུ་སྤུངས་དགོས་ཞེས་གསུང་མཁན་བྱུང་འདུག

XS
SM
MD
LG