ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བྷ་ཌན་གྱིས་ཁུང་ཙིའི་སློབ་གླིང་བཀག་སྡོམ་གྱི་བཀོད་ཁྱབ་ཕྱིར་བསྡུ། 


བྷ་ཌན་གྱིས་༢༠༡༢།༢།༡༧ ཉིན་ལོ་སན་ཇིར་ཡོད་པའི་རྒྱལ་སྤྱིའི་ཉམས་ཞིབ་ཁང་དུ་གཏམ་བཤད་གནང་བཞིན་པ།
བྷ་ཌན་གྱིས་༢༠༡༢།༢།༡༧ ཉིན་ལོ་སན་ཇིར་ཡོད་པའི་རྒྱལ་སྤྱིའི་ཉམས་ཞིབ་ཁང་དུ་གཏམ་བཤད་གནང་བཞིན་པ།

༄༅།། ཨ་རིའི་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་འཕོ་འགྱུར་འགྲོ་ཁ་དེར་ཁུང་ཙིའི་སློབ་གླིང་ཁག་ནི་རྒྱ་ནག་དམར་ཚོགས་ཚོགས་པའི་དྲིལ་བསྒྲགས་སྡེ་ཚན་ཞིག་རེད། ཨ་རིའི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ལ་ཁུང་ཙིའི་སློབ་གླིང་བརྒྱུད་ནས་རྒྱ་ནག་དམར་ཤོག་སྲིད་གཞུང་གི་ལྟ་བ་དང་ལངས་ཕྱོགས་རྣམས་ཁྱབ་སྤེལ་གཏོང་གི་འདུག་ཅེས་བརྗོད་ནས་ཨ་མི་རི་ཀས་རྒྱ་ནག་གི་ཁུང་ཙིའི་སློབ་གླིང་ཁག་བཀག་སྡོམ་བྱ་དགོས་པའི་བཀོད་ཁྱབ་ཅིག་ལ་མཚན་རྟགས་བཀོད། ཉེ་དུས་སྲིད་འཛིན་གསར་པ་ཇཱོ་བྷ་ཌན་གྱིས་ལྐོག་ཏུ་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱི་བཀོད་ཁྱབ་དེ་ཕྱིར་བསྡུ་བྱ་དགོས་ཞེས་བཀོད་ཁྱབ་ཅིག་བཏང་འདུག ད་ལྟ་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱི་རྒྱབ་སྐྱོར་བ་དང་ཨ་རིའི་རྙིང་ཞེན་ཅན་གྱི་གསར་འགྱུར་ལས་ཁང་ཁག་གིས་ཨ་མི་རི་ཀའི་སློབ་གྲྭ་ཁག་ལ་སླར་ཡང་རྒྱ་ནག་དམར་ཤོག་ཚོགས་པའི་དྲིལ་བསྒྲགས་ཀྱི་ཤུགས་རྐྱེན་ངན་པ་ཐེབས་རྒྱུ་རེད་ཅེས་ཇཱོ་བྷ་ཌན་ལ་ཁ་རྡུང་གཏོང་འགོ་ཚུགས། དཔེར་ན་གཟའ་ཟླ་བའི་ཉིན་ཨ་མི་རི་ཀའི་རྙེན་ཞེན་ཅན་གྱི་གསར་ཤོག་ཅིག་ལ་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀའི་སློབ་གྲྭ་ཁག་ལ་རྒྱ་ནག་དམར་ཤོག་གི་དྲིལ་བསྒྲགས་འགོག་དགོས་ཞེས་བཀོད་ཁྱབ་ཅིག་བཏང་ཡོད་པ་ཇཱོ་བྷ་ཌན་གྱིས་ཕྱིར་བསྡུ་བྱས་འདུག་ཅེས་གནས་ཚུལ་སྤེལ། ཨ་རིའི་གྲོས་ཚོགས་འོག་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་མཱེ་ཁར་ཐི་གཙོས་གཡས་ཤོག་རྙིང་ཞེན་ཅན་ཕལ་ཆེ་བས་ཊོས་ཊར་དྲྭ་ལམ་དུ་ཇཱོ་བྷ་ཌན་གྱིས་རྒྱ་ནག་གི་ཁུང་ཙིའི་སློབ་གླིང་ཁག་བཀག་སྡོམ་བྱ་དགོས་པའི་བཀོད་ཁྱབ་ཕྱིར་བསྡུ་བྱས་པ་ནོར་འཁྲུལ་རེད། ཨ་རིའི་སློབ་གྲྭ་ཁག་ལ་རྒྱ་ནག་གི་ཤུགས་རྐྱེན་ཐེབས་རྒྱུ་དང་ཨ་མི་རི་ཀའི་སློབ་གྲྭ་ཁག་རྒྱ་ནག་གི་དྲིལ་བསྒྲགས་བྱ་ཡུལ་ཞིག་ཏུ་འགྱུར་རྒྱུ་རེད་ཅེས་སྐྱོན་བརྗོད་ཀྱི་འཕྲིན་ཐུང་སྤེལ་འདུག

༢༠༢༠་ལོའི་ཕྱི་ཟླ་༨་ནང་དུ་ཌོ་ནལ་ཊམ་གྱི་སྲིད་གཞུང་གིས་ཁུང་ཙིའི་སློབ་གླིང་རྣམས་རྒྱ་ནག་དམར་ཤོག་ཚོགས་པས་ཕྱི་རྒྱལ་ལ་བཙུགས་པའི་དོན་གཅོད་ལས་ཁུངས་ཁག་གི་ཡན་ལག་ལ་ངོས་འཛིན་བྱ་དགོས། ཨ་རིའི་སློབ་གྲྭ་ཁག་ཏུ་བཙུགས་པའི་ཁུང་ཙིའི་སློབ་གླིང་རྣམས་གསང་ཉུལ་གྱི་ཚང་དང་རྒྱ་ནག་གི་དྲིལ་བསྒྲགས་སྡེ་ཚན། རྒྱ་ནག་གིས་ཨ་མི་རི་ཀའི་ཚན་རིག་དང་འཕྲུལ་རིག ཚོང་ལས་དང་དཔལ་འབྱོར། སྨན་སྦྱོར་དང་དམག་དོན་སོགས་ཀྱི་གསང་བའི་གནས་ཚུལ་རྣམས་བསྡུ་རུབ་བྱ་ཡུལ་ཞིག་ཏུ་གྱུར་འདུག་ཅེས་ནག་ཉེས་བཙུགས། ཨ་རིའི་ནེ་བྷ་ར་སི་ཁ་མངའ་སྡེའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་བྷན་ས་སེས་རྒྱ་ནག་གི་ཁུང་ཙིའི་སློབ་གླིང་རྣམས་ཨ་མི་རི་ཀའི་སློབ་ཕྲུག་ཚོར་རྒྱ་ཡིག་རྒྱ་སྐད་དང་རྒྱ་ནག་གི་རིག་གཞུང་རྣམས་སློབ་ཁྲིད་བྱ་རྒྱུའི་ཆེད་དུ་བཙུགས་པ་རེད། ཡིན་ནའང་རྒྱ་ནག་གཞུང་གིས་ཁུང་ཙིའི་སློབ་གླིང་རྣམས་རྒྱ་ནག་དམར་ཤོག་ཚོགས་པའི་ལྟ་བ་དང་ལངས་ཕྱོགས་ཁྱབ་སྤེལ། ཕྱི་རྒྱལ་གྱི་རང་དབང་ཡུལ་གྲུ་ཁག་ཏུ་སློབ་སྦྱོང་བྱེད་བཞིན་པའི་རྒྱ་ནག་གི་སློབ་ཕྲུག་ཚོར་ལྟ་རྟོག་བྱས་ནས་སོ་མྱུལ་གྱི་ལྟེ་གནས་ཤིག་ཏུ་སྒྱུར་གྱིན་འདུག རྒྱ་ནག་གཞུང་གིས་ཕྱིའི་རྒྱལ་ཁབ་ཁག་གི་སྤྱི་དམངས་ལ་དམར་ཤོག་ཚོགས་པའི་ཡན་ལག་རྣམས་བརྒྱུད་ནས་འབྲེལ་བ་འཛིན་གྱི་ཡོད་པས་ཁུང་ཙིའི་སློབ་གླིང་རྣམས་ཕྱིའི་རྒྱལ་ཁབ་ཀྱི་དོན་གཅོད་ལས་ཁུངས་ཁག་ལ་ངོས་འཛིན་བྱས་ནས་ཐོ་འགོད་བྱེད་དུ་འཇུག་དགོས། ཨ་རིའི་སློབ་གྲྭ་ཁག་ཏུ་རྒྱ་ཡིག་རྒྱ་སྐད་སློབ་ཁྲིད་བྱེད་ཀྱི་ཡོད་ཟེར་བ་ནི་རྒྱ་ནག་དམར་ཤོག་ཚོགས་པས་གསང་ཉུལ་གྱི་ལས་འགུལ་སྤེལ་གྱི་ཡོད་པ་འགེབ་ཐབས་ཤིག་རེད་ཅེས་བཤད།།

ཞི་ཅིན་ཕིང་གིས་ཨོ་གླིང་དུ་ཁུང་ཙི་སློབ་གྲྭ་ཞིག་སྒོ་འབྱེད་བྱས་པ།
ཞི་ཅིན་ཕིང་གིས་ཨོ་གླིང་དུ་ཁུང་ཙི་སློབ་གྲྭ་ཞིག་སྒོ་འབྱེད་བྱས་པ།

དབྱིན་ཇིའི་བྷི་བྷི་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་ཧན་བྷན་སྒྲིག་འཛུགས་དང་ཨ་མི་རི་ཀའི་སློབ་གྲྭ་ཁག་མཉམ་འབྲེལ་བྱས་ནས་ཁུང་ཙིའི་སློབ་གླིང་འཛུགས་ཀྱི་ཡོད་ཅིང་། ཧན་བྷན་སྒྲིག་འཛུགས་ནི་རྒྱ་ནག་གི་ཤེས་རིག་ལྷན་ཁང་གི་ཁྱབ་ཁོངས་སུ་གཏོགས་པའི་སྒེར་གྱི་སྒྲིག་འཛུགས་ཤིག་ཡིན་ཟེར། ཁུང་ཙིའི་སློབ་གླིང་ཁག་ལ་ཧན་བྷན་སྒྲིག་འཛུགས་ཀྱིས་འགྲོ་གྲོན་བཏང་སྟེ་རྒྱབ་སྐྱོར་བྱེད་ཀྱི་འདུག ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་བྷན་ས་སེའི་སྐྱོན་འཛུགས་བྱས་པ་ལྟར་ཁུང་ཙིའི་སློབ་གླིང་རྣམས་རྒྱ་ནག་དམར་ཤོག་ཚོགས་པའི་གསང་ཉུལ་གྱི་ལྟེ་གནས་དང་རྒྱ་ནག་དམར་ཤོག་ཚོགས་པའི་དྲིལ་བསྒྲགས་སྡེ་ཚན་ཡིན་པའི་དཔང་རྟགས་ཐད་ཀར་རྙེད་དཀའ། ཡིན་ནའང་རྒྱལ་སྤྱིའི་ཐོག་ཏུ་ཁྱབ་པའི་རྒྱ་ནག་གི་ཁུང་ཙིའི་སློབ་གླིང་ཁག་ལ་དོགས་པ་བྱེད་མཁན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་བྷ་ས་སེ་གཅིག་པུ་མ་རེད། རྒྱལ་སྤྱིའི་སློབ་གསོ་རིག་པ་བ་ཁག་ཅིག་དང་ཨ་མི་རི་ཀའི་སློབ་ཆེན་ཁག་གི་སློབ་དཔོན་མཐུན་ཚོགས་ཀྱིས་ཁུང་ཙིའི་སློབ་གླིང་བཙུགས་ཡོད་པའི་ཨ་རིའི་སློབ་ཆེན་ཁག་ཏུ་ཐེ་ཝན་དང་ཧོང་ཀོང་། བོད་དོན་དང་དམངས་གཙོ་རྣམས་གླེང་སློང་བྱ་རྒྱུ་དེར་དཀའ་ངལ་འཕྲད་ཀྱི་འདུག་ཅེས་བཤད་པར་མ་ཟད། ཁུང་ཙིའི་སློབ་གླིང་གི་སྤྱི་ཁྱབ་འགན་འཛིན་ཤུའི་ལིན་གྱིས་དགེ་རྒན་ཚོས་ཐེ་ཝན་རྒྱ་ནག་གི་མངའ་ཁོངས་ཡིན་པ་སློབ་དགོས་ཀྱི་རེད་ཅེས་བྷི་བྷི་སིའི་གསར་འགྱུར་ལས་ཁང་གི་གསར་འགོད་པར་ལན་བཏབ། ཨ་རིའི་ཉིན་རེའི་འབོད་པ་ཞེས་པའི་གསར་ཤོག་གིས་རྒྱ་ནག་གི་ཧན་བྷན་སྒྲིག་འཛུགས་ཀྱི་འགན་འཛིན་མང་དག་ཅིག་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ཡིན་པའམ། ཡང་ན་ཁོ་ཚོ་རྒྱ་ནག་དམར་ཤོག་ཚོགས་པར་འབྲེལ་བ་དམ་ཟབ་འདུག་ཅེས་གནས་ཚུལ་སྤེལ།།

ཨ་རིའི་རྒྱལ་ཡོངས་སུ་སློབ་ཆུང་དང་སློབ་འབྲིང་༥༠༠་ཡས་མས་ཤིག་དང་སློབ་ཆེན་༦༥་ཡིས་རྒྱ་ནག་ལ་མཉམ་འབྲེལ་བྱས་ནས་ཨ་རིའི་སློབ་གྲྭ་ཁག་ཏུ་ཁུང་ཙིའི་སློབ་གླིང་བཙུགས། དེའི་དམིགས་ཡུལ་ནི་ཨ་རིའི་སློབ་ཕྲུག་ཚོར་རྒྱ་ཡིག་རྒྱ་སྐད་སློབ་ཁྲིད། རྒྱ་ནག་གི་རིག་གཞུང་སློབ་ཁྲིད། ཨ་མི་རི་ཀའི་སློབ་ཆེན་ཁག་གིས་རྒྱ་ནག་གི་སློབ་གྲྭ་ཁག་ཏུ་ཡན་ལག་སློབ་གླིང་འཛུགས་རྒྱུའི་ཆེད་དུ་ཡིན་ཞིང་། ད་ལྟ་ཨ་རིའི་གཟའ་འཁོར་གསར་འགྱུར་དུས་དེབ་ཀྱིས་ཞིབ་འཇུག་བྱས་པ་ལྟར་ན། ཌོ་ནལ་ཊམ་འཕོ་འགྱུར་འགྲོ་ཁ་དེར་ཁུང་ཙིའི་སློབ་གླིང་རྣམས་ཕྱིའི་རྒྱལ་ཁབ་ཀྱི་དོན་གཅོད་ཁང་གི་ཡན་ལག་ལ་ངོས་འཛིན་བྱ་དགོས་ཞེས་བཀོད་ཁྱབ་ཅིག་བཏང་ཡོད་པ་ནི་བདེན་པ་རེད། ཡིན་ནའང་ཌོ་ནལ་ཊམ་གྱིས་ཁུང་ཙིའི་སློབ་གླིང་གི་སློབ་ཁྲིད་ལས་གཞི་ཁག་བཀག་སྡོམ་བྱ་དགོས་ཞེས་བཀའ་རྒྱ་བཏང་མི་འདུག ཐ་ན་ཨ་རིའི་སློབ་གྲྭ་ཁག་ཏུ་བཙུགས་པའི་ཁུང་ཙིའི་སློབ་གླིང་ཁག་ཏུ་ཅི་ཞིག་སློབ་ཆོག་པ་དང་ཅི་ཞིག་སློབ་མི་ཆོག་པའི་ལམ་སྟོན་སྒྲིག་གཞི་ཡང་གཏན་འབེབས་བྱས་མི་འདུག ཌོ་ནལ་ཊམ་གྱི་སྲིད་གཞུང་གིས་དངོས་སུ་གཏན་ལ་ཕབ་ཡོད་པའི་སྲིད་ཇུས་ཤིག་ནི་ཨ་མི་རི་ཀའི་སློབ་གྲྭ་ཁག་གིས་ཁུང་ཙིའི་སློབ་གླིང་ལ་འབྲེལ་བ་བཙུགས་ཡོད་མེད། རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་ཡོད་སློབ་གྲྭ་དེ་དག་གིས་ཕན་ཚུན་འཆད་ཁྲིད་པ་གཏོང་རེས་བྱེད་ཀྱི་ཡོད་མེད། ཨ་རིའི་སློབ་གྲྭ་དེ་ཚོར་ཁུང་ཙིའི་སློབ་གླིང་གི་དཔལ་འབྱོར་རོགས་རམ་སྤྲོད་ཀྱི་ཡོད་མེད། ཨ་རིའི་སློབ་གྲྭ་ཁག་ཏུ་ཁུང་ཙིའི་འཛིན་གྲྭ་འཚོགས་ཀྱི་ཡོད་པ་རྣམས་ཨ་རིའི་གཞུང་ལ་སྙན་སེང་ཞུ་དགོས་པའི་ལམ་སྟོན་བྱས་འདུག

ཕོ་བྲང་དཀར་པོའི་དངུལ་རྩིས་དང་གཉེར་སྐྱོང་ལས་ཁུངས་ཀྱི་དྲྭ་ཚིགས་སུ་བཀོད་པ་ལྟར་ན། ཕྱི་ཟླ་དང་པོའི་ཚེས་༢༦་ཉིན་སྲིད་འཛིན་ཇཱོ་བྷ་ཌན་གྱིས་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་ཁུང་ཙིའི་སློབ་གླིང་ཐད་དུ་བཏོན་པའི་གྲོས་གཞི་ཁག་ཕྱིར་བསྡུ་བྱས་འདུག ཨ་རིའི་ཕྱི་མི་གཞིས་ཆགས་ལས་ཁུངས་ཀྱི་མགྲིན་ཚབ་པ་ཞིག་གིས་ཁུང་ཙིའི་སློབ་གླིང་བཀག་སྡོམ་གྱི་བཀོད་ཁྱབ་ཚན་པ་དེ་ཕྱིར་བསྡུ་བྱས་པ་རེད། ཡིན་ནའང་དེ་ཕྱིར་བསྡུ་བྱ་དགོས་པའི་རྒྱུ་མཚན་ཅི་ཡིན་ཤེས་རྟོགས་བྱུང་མ་སོང་ཞེས་བཤད། ཇཱོ་བྷ་ཌན་གྱིས་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱི་བཀོད་ཁྱབ་དང་བཀའ་རྒྱ་བཏང་བ་རྣམས་ལ་བསྐྱར་ཞིབ་བྱ་རྒྱུ་ཡིན། ཌོ་ནལ་ཊམ་གྱི་མཐའ་མཇུག་གི་བཀོད་ཁྱབ་དང་བཀའ་རྒྱ་མང་དག་ཅིག་རྩིས་མེད་གཏོང་རྒྱུ་ཡིན། ལྷག་པར་དུ་ཕྱི་མི་གཞིས་ཆགས་པའི་གནད་དོན་ལ་འབྲེལ་བ་ཡོད་པའི་དོན་ཚན་ཁག་ཕྱིར་བསྡུ་བྱ་རྒྱུ་ཡིན་ཞེས་བསྒྲགས། ཁུང་ཙིའི་སློབ་གླིང་ནི་ཨ་རིའི་ཕྱི་མི་གཞིས་ཆགས་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་ཚུད། གལ་སྲིད་ཌོ་ནལ་ཊམ་གྱི་གཞུང་གིས་ཁུང་ཙིའི་སློབ་གླིང་རྣམས་དངོས་སུ་ཕྱི་རྒྱལ་ཁབ་ཀྱི་དོན་གཅོད་ལས་ཁུངས་ཁག་གི་ཡན་ལག་ལ་ངོས་འཛིན་བྱེད་ཐུབ་ཡོད་ཚེ། ཁུང་ཙིའི་སློབ་གླིང་རྣམས་ཕྱི་རྒྱལ་ཁབ་ཅིག་གི་སྲིད་གཞུང་གི་སྟངས་འཛིན་འོག་ཏུ་ཡོད་པས་དེ་ལ་ཨ་རིའི་གཞུང་གིས་ཞིབ་འཇུག་བྱེད་ཐུབ་པ་དང་ཨ་རིའི་ཕྱི་སྲིད་ལྷན་ཁང་ལ་ཐོ་འགོད་བྱ་དགོས། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ཆོག་མཆན་མེད་པར་ལས་དོན་སྒྲུབ་མི་ཆོག་པ། ཁུང་ཙིའི་སློབ་གླིང་ཁག་སྒེར་གྱི་སྒྲིག་འཛུགས་ཤིག་གི་ཁྱབ་ཁོངས་སུ་གཏོགས་པས་ཨ་རིའི་དབུས་གཞུང་གིས་ཕྱི་རྒྱལ་གྱི་དོན་གཅོད་ལས་ཁུངས་ལྟར་ཞིབ་འཇུག་དང་སྟངས་འཛིན་བྱེད་ཐུབ་ཀྱི་མེད་པ་རེད།།

XS
SM
MD
LG