ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༢/༠༥/༡༩

ཡུཀ་རེན་གྱི་དམག་ས་ཁག་ཏུ་བྷུ་རི་ཡའི་དམག་མི་༡༡༢་ལ་སྲོག་སྐྱོན། 


༄༅།། ཡུཀ་རེན་གྱི་དམག་ས་ཁག་ཏུ་ཨུ་རུ་སུའི་དམག་མིར་སྲོག་སྐྱོན་འཕོག་གི་ཡོད་པའི་གྲངས་འབོར་ཤིན་ཏུ་མཐོ་ཞིང་། ཨུ་རུ་སུའི་མངའ་ཁོངས་ཀྱི་བྷུ་རི་ཡ་དང་ཐུ་ཝ། ཀལ་མུག་བཅས་བོད་ལ་ལོ་བརྒྱ་ཕྲག་དུ་མའི་ཆོས་གཞུང་གི་འབྲེལ་བ་དམ་ཟབ་ཡོད་པའི་ནང་པའི་ས་ཁུལ་ཁག་གི་གྲངས་ཉུང་མི་རིགས་དང་ཌ་གྷེ་སི་ཐན། ཆེ་ཆི་ཎི་ཡའི་ཁ་ཆེ་སོགས་གྲངས་ཉུང་མི་རིགས་ཀྱི་དམག་མི་ཚོར་སྲོག་སྐྱོན་འཕོག་གི་ཡོད་པའི་གྲངས་འབོར་དེ་བས་ཀྱང་མཐོ་བའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༥་པའི་ཚེས་༡༠་ཉིན་ཡུ་རོབ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ད་ལོའི་ཕྱི་ཟླ་༢་པའི་ཚེས་༢༤་ནས་ཕྱི་ཟླ་༥་པའི་མགོ་སྟོད་བར་དུ་ཉུང་མཐའ་ཡང་བྷུ་རི་ཡའི་དམག་མི་༡༡༢་ཡུཀ་རེན་གྱི་དམག་ས་ཁག་ཏུ་བསད་ཡོད་པའི་གནས་ཚུལ་ཐོན། ཡིན་ནའང་བྷུ་རི་ཡའི་མི་མང་ཁག་ཅིག་ཨུ་རུ་སུའི་དྲིལ་བསྒྲགས་ཀྱིས་ཀླད་པ་བཀྲུས་ཏེ་དམག་འཁྲུག་གི་ལན་ཁག་ཡུཀ་རེན་ལ་ཡོད་པ་རེད། ང་ཚོས་སྲིད་འཛིན་ཕུ་ཊིན་གྱི་དམིགས་བསལ་དམག་དོན་ཞིག་སྒྲུབ་ཀྱི་ཡོད་པར་རྒྱབ་སྐྱོར་ཡོད་ཅེས་གསར་འགོད་པའི་དྲི་བ་ཁག་ལ་ལན་འདེབས་བྱས་འདུག ཕྱི་ཟླ་༥་པའི་ཚེས་༥་ཉིན་ཨུ་རུ་སུའི་མན་རྡུ་ཛ་གསར་འགྱུར་ལས་ཁང་གིས་ཡུཀ་རེན་གྱི་དམག་ས་ཁག་ཏུ་བྷུ་རི་ཡའི་དམག་མི་བསད་པའི་ཕུང་པོ་ཉིན་ལྟར་དུར་འཇུག་བྱེད་དགོས་པ་དང་ཕྱོགས་ཀུན་ཏུ་རོ་དྲི་ཐུལ། ས་གནས་མི་དམངས་ཀྱིས་དམག་འཁྲུག་ལ་འཛིན་པའི་འདུ་ཤེས་དེར་འགྱུར་བ་ཐེབས་རྒྱུ་རེད་དམ། བྷུ་རི་ཡ་ནི་ཨུ་རུ་སུ་རྒྱལ་ཡོངས་ནས་ཡུཀ་རེན་གྱི་དམག་ས་ཁག་ཏུ་དམག་མི་ཤི་བའི་གྲངས་འབོར་ཆེས་མཐོ་ཤོས་ཨང་གཉིས་པ་དེ་ཡིན་ཞིང་། ཡུཀ་རེན་གྱི་དམག་ས་ཁག་ཏུ་དམག་མི་མང་ཤོས་ཤི་བའི་ས་གནས་ནི་ཌ་གྷེ་སི་ཐན་ཡིན་པ་དང་ཌ་གྷེ་སི་ཐན་གྱི་མི་དམངས་རྣམས་ཁ་ཆེ་རེད་ཅེས་གནས་སྤེལ་འདུག

བྷུ་རི་ཡའི་རྒྱལ་ས་ཨུ་ལན་ཨུ་དྷེ་དང་དེ་མིན་གྱི་གྲོང་ཁྱེར་ཁག་ཏུ་དམག་འཁྲུག་ལ་རྒྱབ་སྐྱོར་དང་ཕུ་ཊིན་གྱིས་ཡུཀ་རེན་རྒྱལ་ཁབ་དང་མི་དམངས་རྣམས་ན་ཛི་གསར་པའི་དབང་སྒྱུར་འོག་ནས་བཅིངས་འགྲོལ་གཏོང་གི་ཡོད་ཅེས་དྲིལ་བསྒྲགས་བྱེད་ཀྱི་ཡོད་པར་མགོ་འཁོར་ཡོད་པར་མ་ཟད། ཨུ་རུ་སུའི་གཞུང་གིས་དམག་མི་འདས་པོ་རྣམས་ཀྱི་ཕུང་པོ་ཡུཀ་རེན་གྱི་དམག་ས་ཁག་ཏུ་མ་བཞག་པར་རང་ཡུལ་དུ་ལེན་གྱི་ཡོད་པར་རྗེས་སུ་ཡི་རང་ཞུས། ཕྱི་ཟླ་༣་པའི་ཚེས་༢༨་ཉིན་བྷུ་རི་ཡ་ས་གནས་ཀྱི་བྷ་ཡེ་ཀལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉི་མ་གཅིག་ལ་བྷུ་རི་ཡའི་ལོ་ན་༢༤་ལ་སོན་པའི་ནེ་དྷལ་ཚེ་རི་ནོབ་དང་ལོ་ན་༣༥་ལ་སོན་པའི་བྷུ་ལ་ཏ་ཨོ་ཌོ་ཡེབ། ལོ་ན་༢༠་ཐམ་པར་སོན་པའི་ཝ་ལ་ཌི་སི་ལབ་ཀོ་རིན་བཅས་མི་གསུམ་གྱི་ཕུང་པོ་མཉམ་དུ་དུར་ལ་སྤས། ལོ་ན་༣༥་ལ་སོན་པའི་དམག་མི་འདས་པོ་བྷུ་ལ་ཏ་ཨོ་ཌོ་ཡེབ་ལ་བུ་མོ་ལོ་༥་ལ་སོན་པ་ཞིག་དང་ཆུང་མ་སྦྲུམ་མ་ཞིག་ཤུལ་དུ་ལུས་ཡོད་ཅིང་། ཉིན་དེར་ཨ་ལ་གྲོང་གསེབ་ཏུ་ལོ་ན་༢༢་ལ་སོན་པའི་བྷུ་རི་ཡའི་དམག་མི་འདས་པོ་ཛོ་རིག་ཏོ་ཀོ་ཛ་ཡེབ་དུར་དུ་སྦས། དུས་ཡུན་བདུན་ཕྲག་གཅིག་གི་རིང་ཉིན་ལྟར་བྷུ་རི་ཡའི་ས་གནས་ཁག་ཏུ་དམག་མི་འདས་པོ་རྣམས་ཀྱི་ཕུང་པོ་དུར་འཇུག་དང་མཆོད་འབུལ་སྨོན་ལམ་ཚོགས། སྔ་ལོ་ཚོགས་ཁང་དེ་མདའ་རྩེད་ཁང་ཡིན་པ་དང་ད་ལོའི་ཕྱི་ཟླ་༣་པ་ནས་བྷུ་རི་ཡའི་གྲགས་ཅན་གྱི་མདའ་རྩེད་ཚོགས་ཁང་ཆེན་མོ་དུར་འཇུག་མཆོད་འབུལ་ཁང་དུ་གྱུར། མདའ་རྩེད་ཚོགས་ཁང་དུར་འཇུག་ཁང་དུ་བསྒྱུར་པར་བྷུ་རི་ཡའི་རྒན་རབས་པ་རྣམས་རྣམ་རྟོག་ལངས་ནས་དགའ་མོས་མ་བྱུང་། ཉེ་དུས་ཤིག་ནས་མདའ་རྩེད་ཚོགས་ཁང་དུ་རོ་དྲི་བྲོ་ནས་བཟོད་དཀའ་བ་ཞིག་ཏུ་འགྱུར་གྱི་ཡོད་པ་སྟེ། ཕུང་པོ་རྣམས་ཡུཀ་རེན་གྱི་དམག་ས་ཁག་ནས་རང་ཡུལ་དུ་འབྱོར་བར་ཉུང་མཐའ་ཡང་ཟླ་བ་རེ་ཟུང་ཞིག་འགོར་གྱི་ཡོད་པས་ཕུང་པོ་དེ་ཚོར་རུལ་དྲི་ཁ་ནས་ཨར་བརྟེན་གྱི་མི་འདུག མཆོད་འབུལ་སྨོན་ལམ་སྐབས་སུ་སྤོས་སྒྲོན་པ་དང་བསང་བདུག་བྱས་ནས་རུལ་དྲི་བཀག་སྟེ་དབུགས་ཀྱང་འགག་གྲབས་བྱེད་ཀྱི་འདུག་ཅེས་རྩོམ་ཡིག་བྲིས་འདུག

བྷུ་རི་ཡ་ས་གནས་ཀྱི་བྷ་ཡེ་ཀལ་གསར་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་༣་པའི་ཚེས་༢༩་ཉིན་ཨམ་གྷ་ལན་མཐུ་སྟོབས་དང་ཨེ་ཊུ་ཝར་ཌི་ཞི་ཌིབ་ཡེབ་གཉིས་ལ་མདའ་རྩེ་ཚོགས་ཁང་དུ་དུར་འཇུག་མཆོད་འབུལ་ཚོགས། དེ་ནས་ཉི་མ་གཉིས་ཀྱི་རྗེས་སུ་ལོ་ན་༢༣་ལ་སོན་པའི་བྷ་ཏོར་ཌོན་ཌོ་ཀོབ་དང་ཨན་ཏོན་ཁ་ཏ་ཁེ་ཡེབ་གཉིས་ཀྱི་ཕུང་པོ་འབྱོར་གྱི་ཡོད་པ་རེད། དམག་མི་འདས་པོ་ཞིག་གི་ཕ་མ་གཉིས་ཀྱིས་ང་ཚོ་ལས་ངན་གྲས་ནས་ལས་ཅན་རེད། ཅིའི་ཕྱིར་ཞེ་ན་བུ་ཕྲུག་གི་ཕུང་པོ་རང་ཡུལ་དུ་འབྱོར་ཐུབ་སོང་ཞེས་རྒྱུ་མཚན་བགྲངས། བྷ་ཏོར་གྱི་དུར་འཇུག་རྗེས་སུ་འདས་པོ་དེའི་གྲོགས་པོ་གསུམ་དམག་ཁོངས་སུ་ཞུགས་རྒྱུའི་མིང་ཐོ་བཀོད། དུར་འཇུག་གི་མཆོད་འབུལ་མཛད་སྒོ་ཞིག་གི་ཐོག་ཏུ་ཨུ་རུ་སུའི་དམག་སྡེ་ཨང་༣༦་པའི་མདའ་དཔོན་སོ་ཀོལ་ཞེས་པ་ཞིག་གིས་ང་ཚོའི་ལས་འགན་ནི་རླབས་ཆེན་ཞིག་ཡིན་པ་དང་ང་ཚོར་རྒྱལ་ཁ་འཐོབ་ངེས་རེད། ངས་ཨུ་རུ་སུའི་དམག་མི་ཚང་མའི་ཚབ་ཞུས་ཏེ་ཚེ་སྲོག་ཤོར་བའི་འདས་པོ་ཚོར་དགྲ་ཤ་ལེན་རྒྱུའི་དམ་བཅའ་འཇོག་ཆོག་ཅེས་བཤད། བྷུ་རི་ཡ་སྤྱི་མཐུན་ས་གནས་ཀྱི་འགོ་ཁྲིད་གཞོན་པ་བྷ་ཡིར་ཚེ་རི་ནོབ་ཀྱིས་དམག་མི་རྣམས་རིན་ཐང་མེད་པར་ཤི་བ་མ་རེད། ཁོ་ཚོས་ཚེ་སྲོག་བཏང་ནས་ཨུ་རུ་སུ་རླབས་ཆེན་གྱི་རྒྱལ་ཁབ་ཅིག་ལ་བསྒྱུར་པ་དང་རང་དབང་སྲུང་སྐྱོབ། ང་ཚོའི་རྒྱལ་ཁབ་ཀྱི་མདུན་ལམ་ཆེད་དུ་ཤི་བ་རེད། ཡུཀ་རེན་གྱི་དམག་འཁྲུག་འདི་མཚམས་འཇོག་ཐུབ་པའི་རེ་བ་ཡོད། རྒྱལ་ཁབ་གཅིག་གིས་ཀྱང་ཨུ་རུ་སུ་ཕམ་མྱོང་མེད་པ་དང་མ་འོངས་པར་ཡང་ཕམ་ཐུབ་ཀྱི་མ་རེད་ཅེས་གཏམ་བཤད་བྱས་ཤིང་། ཡིན་ནའང་ཨུ་རུ་སུའི་གཞུང་འབྲེལ་མི་སྣ་དེ་དག་གིས་ཡུཀ་རེན་གྱི་དམག་ས་ཁག་ཏུ་ཨུ་རུ་སུར་ཕམ་ཉེས་ཆེན་པོ་འབྱུང་གི་ཡོད་པ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡུཀ་རེན་ལ་རྒྱབ་སྐྱོར་བྱས་ནས་དམག་འཁྲུག་རྒྱུན་འཁྱོངས་བྱེད་ཀྱི་ཡོད་པའི་དངོས་ཡོད་གནས་ཚུལ་རྣམས་བཤད་མེད་པ་རེད།།

ཕྱི་ཟླ་༥་པའི་ཚེས་༧་ཉིན་དབྱིན་ཇིའི་ཉིན་རེའི་སྦྲག་འཕྲིན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འཛམ་གླིང་ཡོངས་སུ་སྐད་གྲགས་ཡོད་པའི་ཨུ་རུ་སུའི་ལྕགས་ཁྲབ་འཁོར་ལོའི་འཐབ་འཁྲུག་འགྲན་སྡུར་བ་ཨང་དང་པོ་སྟེ། བྷུ་རི་ཡའི་དཔའ་རྒོད་ལོ་ན་༢༥་ལ་སོན་པའི་བྷ་ཏོ་བྷ་ས་ནོབ་ཟེར་བ་དེ་ཡུཀ་རེན་གྱི་དམག་ས་ཞིག་ཏུ་བསད། ཁོ་པའི་ཕུང་པོ་དམག་ས་ནས་རང་ཡུལ་དུ་སྐྱེལ་བར་གཟའ་འཁོར་བདུན་འགོར། འདས་པོ་དེའི་ཕ་མ་དང་གྲོགས་པོ་ཚོས་ཐུན་མོང་གི་གསལ་བསྒྲགས་ཤིག་སྤེལ་ནས་བྷ་ཏོ་མི་ཁོག་རྒྱ་ཡངས་པོ་དང་འགན་འཁྲི་ལེན་པ། མི་འདྲིས་བདེ་པོ། བློ་མཐུན་དང་གྲོགས་པོ་ཚོར་དམ་ཚིག་གཙང་མ། ཁོ་པ་དགའ་སྣང་ཅན་དང་ལྷག་བསམ་རྣམ་དག རྟག་ཏུ་གཞན་ལ་རོགས་སྐྱོར་བྱེད་ཆོག་ཆོག་ཅིག་ཡིན། ཁོ་པ་མི་སེམས་བཟང་དང་ཀུན་གྱིས་དགའ་མོས་བྱ་ཡུལ་ཞིག་ཡིན་ཞེས་བསྔགས་བརྗོད་ཞུས། བུ་ཕྲུག་དམག་སར་ཤི་བའི་བྷུ་རི་ཡའི་ཨ་མ་གཉིས་ཀྱིས་ཕན་ཚུན་སེམས་གསོ་བྱེད་རེས་དང་ཨ་མ་གཅིག་གིས་ངའི་བུའི་ཕུང་པོ་ཆ་ཚང་རང་ཡུལ་དུ་འབྱོར་བྱུང་ཞེས་དགའ་སྣང་བསྟན། ཨ་མ་གཞན་པ་དེས་ངའི་བུའི་མགོ་དང་ལག་པ་གཉིས་རང་ཡུལ་དུ་འབྱོར་སོང་ཞེས་ཕུང་པོ་ཆ་ཚང་མེད་པར་མགོ་དང་ལག་པ་རང་ཡུལ་དུ་འཕྲོད་པར་དགའ་སྣང་བྱེད་དགོས་པ་ཞིག་ཏུ་གྱུར་ཡོད་པའི་གནས་ཚུལ་ཐོན། ཡུཀ་རེན་གྱི་དམག་ས་ཁག་ཏུ་བསད་པའི་ཨུ་རུ་སུའི་དམག་མི་མང་ཆེ་བར་འཕུར་མདེལ་དང་སྒྱོགས་མདེལ་ཕོག་ནས་ལྕགས་ཁྲབ་འཁོར་ལོའི་ནང་དུ་མེར་འཚིག་སྟེ་ཕུང་པོ་ལེན་རྒྱུ་མེད་པའམ། ཡང་ན་ཕུང་པོ་འཚིག་དྲགས་ཏེ་ངོ་ཐག་མི་ཆོད་པ། ཡང་ཕུང་པོ་ཁག་ཅིག་གི་རྒྱུད་རྫས་(DNA)ལ་བརྟག་དཔྱད་བྱས་ནས་ཕ་མ་དང་བཟའ་ཟླ་སོགས་ལ་འཕྲོད་ཐབས་བྱེད་དགོས་པ་དང་ཨུ་རུ་སུའི་དམག་མི་མང་དག་ཅིག་གི་ཕུང་པོ་རྣམས་ཡུཀ་རེན་གྱི་དམག་ས་ཁག་ནས་ལེན་མ་ཐུབ་པར་ལུས་ཡོད་པའི་གནས་ཚུལ་ཐོན། ཕྱི་ཟླ་༥་པའི་ཚེས་༡༡་ཉིན་གནས་ཚུལ་ཐོན་པ་ལྟར་ན། ཡུཀ་རེན་གྱིས་ཨུ་རུ་སུའི་དམག་མི་འདས་པོ་༢༠༠་ལྷག་གི་ཕུང་པོ་འཁྱག་ཁང་ཞིག་གི་ནང་དུ་བཞག་སྟེ་ཨུ་རུ་སུར་ལེན་དུ་ཤོག་ཅེས་བརྡ་སྤྲད་ཀྱང་ཕུ་ཊིན་གྱིས་སྦམ་བཟུང་སྟེ་ལེན་གྱི་མེད་པ་རེད།།

ཉེ་ཆར་ཕྱི་ཟླ་༤་པའི་ཚེས་༢༧་ཉིན་བྷུ་རི་ཡ་རང་དབང་ཐེབས་རྩ་ཚོགས་པའི་ཚོགས་མི་ཝི་ཡུ་ཤི་ཀོ་ཝ་ཞེས་པ་ཞིག་གིས་མོ་སི་ཀོ་དུས་བབ་ཚགས་པར་གྱི་གསར་འགོད་པར་བརྗོད་དོན་ལྟར་ན། ཁོ་ཚོས་ཨུ་རུ་སུའི་དམག་མི་༡༧༠༠་ཡུཀ་རེན་གྱི་དམག་ས་ཁག་ཏུ་བསད་པ་རྩད་གཅོད་ཐུབ་སོང་། དེའི་གྲས་ཀྱི་དམག་མི་༤༨་ནས་༤༩་ཙམ་བྷུ་རི་ཡའི་དམག་མི་རེད། གྲངས་འབོར་དེ་ཨུ་རུ་སུའི་མི་འབོར་ལ་བསྒྱུར་ན་བརྒྱ་ཆ་༠.༣་ཟིན། བྷུ་རི་ཡའི་དམག་མི་ཤི་བའི་གྲངས་འབོར་ནི་ཧ་ཅང་གི་མཐོན་པོ་རེད། ང་ཚོས་དམག་མི་ཤི་བའི་གྲངས་འབོར་རྩད་གཅོད་བྱུང་བ་དེའི་ཁོངས་སུ་རྒྱལ་ས་མོ་སི་ཀོ་མངའ་ཁུལ་གྱི་མི་གཅིག་ཀྱང་ཤི་མི་འདུག མོ་སི་ཀོ་མངའ་ཁུལ་གྱི་མི་མང་རྣམས་འབྱོར་འབྲིང་ཡིན་པ་དང་བྷུ་རི་ཡའི་མི་མང་ལ་ཆ་མཉམ་ཟླ་བ་རེར་ཨ་སྒོར་༥༧༡་ཡས་མས་རེའི་གླ་ཕོགས་ལས་མེད་པས་བྷུ་རི་ཡའི་ན་གཞོན་ཕལ་མོ་ཆེ་དམག་ཁོངས་སུ་མ་ཞུགས་ཐབས་མེད་དུ་འགྱུར་གྱི་ཡོད་པ་རེད་ཅེས་དབྱེ་ཞིབ་བྱས་འདུག བྷུ་རི་ཡ་རང་དབང་ཐེབས་རྩ་ཚོགས་པས་དམག་འཁྲུག་ལ་ངོ་རྒོལ་དང་འཐབ་འཁྲུག་ལ་ཞུགས་འདོད་མེད་པའི་ན་གཞོན་ཚོར་ཁྲིམས་རྩོད་པ་མཚམས་སྦྱོར་བྱས་ནས་ཕན་རོགས་བསྒྲུབས། ད་སྔ་མི་༢༠་ཡས་མས་ཤིག་གིས་བྷུ་རི་ཡའི་རང་དབང་ཐེབས་རྩ་ཚོགས་པར་འབྲེལ་བ་བྱས་འདུག ཡུཀ་རེན་གྱི་དམག་ས་ཁག་ཏུ་བསད་པའི་བྷུ་རི་ཡའི་ན་གཞོན་མང་ཆེ་བ་ནི་སློབ་ཆེན་ཐོན་ཏེ་དགེ་རྒན་དང་ཁྲིམས་རྩོད་པ། ལས་གཞི་འཆར་འགོད་པ་སོགས་ཡིན་པས་དམག་ཁྲལ་རྒྱུག་འདོད་མེད་ཀྱང་ཆེད་ལས་ཡག་པོ་ཞིག་མ་ཐོབ། ལོ་ན་༤༠་པར་སོན་པའི་རིག་གནས་སྒྱུ་རྩལ་དགེ་རྒན་གྱི་ལག་འཁྱེར་ཡོད་པ་ཞིག་ཡུཀ་རེན་གྱི་དམག་སར་ཤི་བ་ནི་བློ་ཡུལ་དུ་ཤོང་དཀའ། ཨུ་རུ་སུའི་དམག་ཁོངས་སུ་མི་རིགས་དབྱེ་འབྱེད་དང་མཐོང་ཆུང་གི་ལམ་སྲོལ་ཤུགས་ཆེན་པོ་ཡོད་པ་རྩད་གཅོད་ཐུབ་སོང་ཞེས་བྷུ་རི་ཡ་རང་དབང་ཐེབས་རྩ་ཚོགས་པའི་ཚོགས་མི་ཝི་ཡུ་ཤི་ཀོ་ཝས་མོ་སི་ཀོ་དུས་བབ་ཚགས་པར་གྱི་གསར་འགོད་པར་གླེང་མོལ་བྱས་འདུག ཟླ་བ་སྔོན་མར་ཨུ་རུ་སུའི་དམག་དོན་ཉམས་ཞིབ་པ་ལུ་ཛིན་ཞེས་པ་ཞིག་གིས་ཀྱང་བྷུ་རི་ཡ་དང་ཐུ་ཝ། ཀལ་མུག་བཅས་ནང་པའི་ས་གནས་ཁག་གི་གྲངས་ཉུང་མི་རིགས་དང་ཌ་གྷེ་སི་ཐན་སོགས་ཀྱི་ཁ་ཆེའི་གྲངས་ཉུང་མི་རིགས་ཁག་གི་དམག་མི་རྣམས་ཤི་ཚེ། ཨུ་རུ་སུའི་མི་དམངས་ཀྱིས་མོ་སི་ཀོ་དང་སན་ཊི་ཕི་ཊར་སི་བྷག་གྲོང་ཁྱེར་སོགས་ཀྱི་མི་རིགས་དཀར་པོ་དང་སྐྲ་སེར་པོ། མིག་མདོག་སྔོན་པོ་རྣམས་ཤི་བ་ལྟར་རིན་ཐང་ཆེན་པོ་རྩི་ཡི་མི་འདུག་ཅེས་གསར་འགོད་པར་འགྲེལ་བརྗོད་བྱས་འདུག

XS
SM
MD
LG