ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༢/༠༥/༢༤

ཕུ་ཊིན་གྱིས་དམག་འཁྲུག་ཡུན་བསྲིང་རྒྱུའི་ཉེན་ཁ།


༄༅།། ཨ་རིའི་གསང་བའི་ལས་ཁུངས་ཁག་གི་སྤྱི་ཁྱབ་འགན་འཛིན་ཨ་ཝ་རེལ་ཧེ་ཛེས་གྲོས་ཚོགས་གོང་མའི་དམག་དོན་ཚོགས་ཆུང་ལ་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་དམག་འཁྲུག་ཡུན་བསྲིང་རྒྱུའི་ཉེན་ཁ་འདུག མ་འོངས་པའི་ཟླ་ཤས་ནང་ཡུཀ་རེན་གྱི་དམག་འཁྲུག་དེ་སྔར་ལས་ཛ་དྲག་ཆེ་བ་དང་མི་གསོད་ཁྲག་སྦྱོར་ཚབས་ཆེན་ཞིག་ཏུ་འབྱུང་རྒྱུའི་ཉེན་ཁ་ཆེ། ཕུ་ཊིན་ལ་ཡུཀ་རེན་གྱི་ཤར་ཕྱོགས་གྱེན་ལོག་པའི་ཌོན་བྷ་སི་མངའ་ཁུལ་ནས་རྒྱ་བསྐྱེད་དེ་དམག་འཁྲུག་རྒྱག་རྒྱུའི་དམིགས་ཡུལ་ཡོད་པ་དོར་མི་འདུག་ཅེས་སྙན་སེང་ཞུས། ཕྱི་ཟླ་༥་པའི་ཚེས་༡༠་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་གསང་བའི་ལས་ཁུངས་ཁག་གི་སྤྱི་ཁྱབ་འགན་འཛིན་གྱིས་ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་རྒྱལ་ས་ཀིབ་ལེན་མ་ཐུབ་པར་ཕྱིར་འཐེན་བྱས་པ་ནི་གནས་སྐབས་ཀྱི་གཡོ་ཐབས་ཤིག་ཡིན་ཞིང་། ཕུ་ཊིན་གྱི་ཐོག་མའི་དམིགས་ཡུལ་ལ་འགྱུར་བ་ཐེབས་མེད་ཀྱང་ཨུ་རུ་སུའི་དམག་གི་སྟོབས་ཤུགས་ཉམས་དམས་སུ་འགྲོ་བཞིན་མཆིས། ཕུ་ཊིན་གྱི་ཧམ་སེམས་དང་དོན་དངོས་ཀྱི་སྟོབས་ཤུགས་གཉིས་ཆ་མཉམ་འབྱུང་གི་མེད་པའི་སྟབས་ཀྱིས་དམག་འཁྲུག་འདི་ཁ་ཕྱོགས་གང་འདྲ་ཞིག་ལ་འགྱུར་རྒྱུ་ཡིན་མིན་ངེས་གཏན་བྲལ། ང་ཚོས་མ་མཐའ་ཡང་ཕུ་ཊིན་འུ་ཐུག་སྟེ་སྔར་ལས་ལྷག་པའི་གཏོར་རྒོལ་ཤུགས་ཆེ་རུ་གཏོང་རྒྱུ་དང་ཡུཀ་རེན་ལ་གཏོར་བཤིག་ཆེན་པོ་འཕོག་རྒྱུའི་ཚོད་དཔག་བྱེད་ཐུབ། ཕུ་ཊིན་འུ་ཐུག་ན་རྒྱལ་ནང་དང་ཕྱིའི་དམག་འཁྲུག་གཉིས་ཀར་འཐབ་ཇུས་དྲག་པོ་ཁག་ཅིག་ལག་ལེན་བསྟར་སྲིད། དཔེར་ན་ཨུ་རུ་སུའི་རྒྱལ་ནང་དུ་དམག་ཁྲིམས་བསྡམས་ནས་འཐབ་འཁྲུག་ལ་ངོ་རྒོལ་བྱེད་མི་ཐུབ་པ་དང་རྒྱལ་ཁབ་ཀྱི་བཟོ་ལས་ཐམས་ཅད་དམག་འཁྲུག་གི་ཐོན་སྐྱེད་བཟོ་སྐྲུན་ལ་བཀོལ་སྤྱོད། ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་མཚོན་ཆ་དང་དཔལ་འབྱོར་རོགས་རམ་སྤྲོད་ཀྱི་ཡོད་པ་འགོག་ཐབས་སུ་ཕུ་ཊིན་གྱིས་སླར་ཡང་རྡུལ་ཕྲན་མཚོན་ཆས་འཇིགས་སྐུལ་བྱེད་པའམ། ཡང་ན་ཨུ་རུ་སུས་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་བྱས་ནས་སྡིགས་སྐུལ་བྱེད་སྲིད། གལ་སྲིད་ཨུ་རུ་སུའི་བདེ་འཇགས་ལ་ཉེན་ཁ་འཕྲད་ཀྱི་འདུག་བསམས་ན་ཕུ་ཊིན་གྱིས་རྡུལ་ཕྲན་མཚོན་ཆ་བཀོལ་སྤྱོད་བྱེད་དགོས་པའི་བཀའ་གཏོང་རྒྱུའི་ཉེན་ཁ་འདུག་ཅེས་བཀྲལ།།

ཨ་རིའི་གསང་བའི་ལས་ཁུངས་ཁག་གི་སྤྱི་ཁྱབ་འགན་འཛིན་ཧེ་ཛིས་གྲོས་ཚོགས་གོང་མའི་འཐུས་མི་ཚོར་འདས་པའི་ལོ་མང་རིང་ཡུཀ་རེན་གྱི་དམག་གིས་ཨུ་རུ་སུས་རྒྱབ་སྐྱོར་བྱེད་བཞིན་པའི་ཌོན་བྷ་སི་མངའ་ཁུལ་གྱི་གྱེན་ལོག་པ་ཚོར་འཐབ་འཁྲུག་བརྒྱབ་པ་རེད། ཕུ་ཊིན་ལ་ཡུཀ་རེན་གྱི་ལྷོ་ཕྱོགས་དང་བཟོ་ལས་ས་ཁུལ་རྣམས་བཙན་འཕྲོག་བྱས་ཏེ་ཁེ་རི་མཱི་ཡ་ནས་མོལ་ཌོ་ཝའི་མངའ་ཁོངས་སུ་གཏོགས་པའི་ཊན་སི་ཎི་སི་ཊི་རི་ཡ་བར་དུ་མཐུད་འདོད་ཡོད་པ་བརྗོད་ག་ལ་དགོས། ཡིན་ནའང་ཕུ་ཊིན་གྱིས་དམག་དཔུང་གསར་བསྡུ་དང་དམག་སྐུལ་ཆེན་པོ་ཞིག་མ་བྱས་པར་དམིགས་ཡུལ་དེ་འགྲུབ་ཐུབ་རྒྱུ་ཁག་པོ་རེད། གལ་ཏེ་མོལ་ཌོ་ཝའི་ཊན་སི་ཎི་སི་ཊི་རི་ཡ་བར་དུ་མཐུད་ཐུབ་པའི་དབང་དུ་བཏང་རུང་ཕུ་ཊིན་ལ་དམག་འཁྲུག་མཚམས་འཇོག་བྱེད་འདོད་ཡོད་པའི་རྟགས་མཚན་དབེན། ཁོ་པས་ཡུཀ་རེན་གྱི་དམག་འཁྲུག་རྒྱུན་བསྲིངས་ནས་ཌོན་བྷ་སི་མངའ་ཁུལ་ནས་ས་མཚམས་བརྒལ་ཏེ་རྒྱ་བསྐྱེད་རྒྱུའི་ཀུན་སློང་འཆང་འདུག་ཅེས་བསྟན། ཨ་རིའི་གསང་བའི་ལས་ཁུངས་ཁག་གི་སྤྱི་ཁྱབ་འགན་འཛིན་གྱི་ལྷན་དུ་རྒྱལ་སྲུང་ལྷན་ཁང་གི་གསང་བའི་སྡེ་ཚན་གྱི་འགན་འཛིན་དམག་སྤྱི་བྷེ་རཱིར་གྱིས་ཀྱང་གྲོས་ཚོགས་འཐུས་མི་ཚོར་འཛམ་གླིང་སྤྱིའི་གནས་སྟངས་དང་ཡུཀ་རེན་གྱི་དམག་འཁྲུག་གི་གནས་སྟངས་རྣམས་སྙན་སེང་ཞུས། གྲོས་ཚོགས་འཐུས་མི་ཚོས་ཡུཀ་རེན་གྱི་དམག་འཁྲུག་དང་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུའི་རྟགས་མཚན་ཡོད་མེད། ཨི་རན་དང་བྱང་ཀོ་རི་ཡ། རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་བཅས་ཀྱི་ཉེན་ཁ་སོགས་ལ་འདྲི་ཞིབ་བྱས་ཤིང་། སྲིད་འཛིན་བྷ་ཌན་གྱི་གཞུང་གིས་ཡུཀ་རེན་ལ་སླར་ཡང་དམག་དོན་དང་མི་ཆོས་རིང་ལུགས་ཀྱི་རོགས་རམ་ཨ་སྒོར་དུང་ཕྱུར་༣༣༠་སྤྲོད་རྒྱུའི་བསམ་ཞིབ་བྱེད་ཀྱི་ཡོད་པར་མ་ཟད། ཕོ་བྲང་དཀར་པོའི་ལས་སྣེ་ཚོས་གྲོས་ཚོགས་འཐུས་མི་ཚོར་མྱུར་དུ་ཡུཀ་རེན་གྱི་རོགས་སྐྱོར་དངུལ་སྒོར་དེར་གྲོས་ཆོད་བཞག་ནས་སྲིད་འཛིན་བྷ་ཌན་ལ་མཚན་རྟགས་འགོད་དུ་འབུལ་དགོས་ཞེས་སྐུལ་ལྕག་བཏང་འདུག

ཕྱི་ཟླ་༥་པའི་ཚེས་༧་ཉིན་ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ཝི་ལིམ་བྷན་སིས་དངུལ་རྩའི་ཚགས་པར་གྱི་གསར་འགོད་པར་བཤད་པ་ལྟར་ན། སྲིད་འཛིན་ཕུ་ཊིན་ལ་ཨུ་རུ་སུར་ཡུཀ་རེན་གྱི་དམག་འཁྲུག་སྐབས་སུ་ཕམ་ཉེས་བྱུང་བ་ནམ་ཡང་ངོས་ལེན་བྱེད་འདོད་མེད་ཅིང་། ཁོ་པས་དམག་དཔུང་མང་དུ་བཏང་སྟེ་རྒོལ་རྡུང་བྱ་རྒྱུ་ཤུགས་ཆེ་རུ་བཏང་ན་ཨུ་རུ་སུར་རྒྱལ་ཁ་འཐོབ་རྒྱུའི་ཡིད་ཆེས་བྱེད་ཀྱི་ཡོད་ཀྱང་རྡུལ་ཕྲན་མཚོན་ཆ་བཀོལ་སྤྱོད་བྱ་རྒྱུའི་རྟགས་མཚན་མི་འདུག ཡུཀ་རེན་གྱི་རྒྱལ་ས་ཀིབ་ལེན་མ་ཐུབ་པར་ཇུས་ཉེས་བྱུང་རུང་ཨུ་རུ་སུའི་དམག་གིས་ཌོན་བྷ་སི་མངའ་ཁུལ་དུ་ཡུཀ་རེན་གྱི་དམག་དཔུང་ཕམ་ཉེས་གཏོང་ཐུབ་རྒྱུའི་རྩིས་རྒྱག་གི་ཡོད་པ་རེད། ཕུ་ཊིན་གྱིས་དམག་འཁྲུག་ཡུན་བསྲིངས་ནས་ཡུཀ་རེན་གྱི་དམག་དཔུང་སྟོབས་ཟད་དུ་གཏོང་འདོད་ཡོད་པའི་ཀུན་སློང་འདོར་མེད་པར་སྣང་། ཕུ་ཊིན་གྱི་རང་གཤིས་ནི་ཕམ་ཁ་ངོས་ལེན་བྱེད་མི་ཐུབ་མཁན་ཞིག་ཡིན་པ་རེད། ཁོ་པས་ཡུཀ་རེན་སྔོན་ཆད་ཨུ་རུ་སུ་དམར་ཤོག་གི་ཆ་ཤས་ཤིག་ཡིན་པ་དང་ཡུཀ་རེན་བསྐྱར་དུ་ཨུ་རུ་སུའི་མངའ་འོག་ཏུ་བསྡུ་རྒྱུའི་ངན་སེམས་བཅངས་ནས་ལོ་མང་ཕྱིན་པ་རེད། ཕུ་ཊིན་གྱི་བསམ་བློའི་འཁྱེར་སོ་ནི་སྡུག་བསྔལ་དང་ཧམ་སེམས། གདེང་ཚོད་མེད་པ་བཅས་འདྲེས་མ་ཞིག་ཡིན་ཞིང་། ཁོ་པས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་དམག་འཁྲུག་བསླངས་ནས་གོ་ལོག་ཆེན་པོ་རྩེད་ཡོད་པས་འཕྲལ་དུ་དམག་འཁྲུག་མཚམས་འཇོག་བྱེད་སྟངས་ཀྱང་མ་ཤེས་པར་ལུས་ཡོད་པ་རེད། ཕུ་ཊིན་ལ་ཨུ་རུ་སུར་རྒྱལ་ཁ་འཐོབ་རྒྱུའི་འཁྲུལ་སྣང་ཞིག་ཡོད་པ་ཡལ་མི་འདུག དེར་བརྟེན་ཁོ་པས་ཡུཀ་རེན་གྱི་ལྷོ་ཕྱོགས་དང་ཤར་ཕྱོགས་ཀྱི་ས་གནས་ཁག་ལ་གཏོར་རྒོལ་བྱ་རྒྱུ་ཤུགས་ཆེ་རུ་བཏང་ཡོད་པ་རེད་ཅེས་བཤད།།

ཕྱི་ཟླ་༥་པའི་ཚེས་༡༠་ཉིན་ཨ་རིའི་གཟའ་འཁོར་གསར་འགྱུར་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། ད་ལྟའི་བར་དུ་ཡུཀ་རེན་གྱི་དམག་ས་ཁག་ཏུ་ཨུ་རུ་སུའི་དམག་སྤྱི་༡༢་དང་མདའ་དཔོན་༤༢་བསད། ཨུ་རུ་སུའི་དམག་མི་༢༤༠༠༠་ཡས་མས་ཤིག་གི་ཚེ་སྲོག་ཤོར། ཨུ་རུ་སུའི་དམག་དཔུང་བཀོད་འདོམས་པ་ཚོའི་ཁ་པར་དང་བརྡ་འཕྲིན་ཁག་ལ་ཡུཀ་རེན་གྱིས་ལྐོག་ཉན་བྱས་ནས་ཉིན་ལྟར་གཏོར་རྒོལ་ཕོག ཨུ་རུ་སུའི་དམག་གི་དབང་བསྒྱུར་འོག་ཏུ་ཚུད་པའི་ཡུཀ་རེན་གྱི་གྲོང་གསེབ་དང་རྫོང་སྡེ་ཁག་རིམ་བཞིན་ཡུཀ་རེན་གྱི་དམག་གིས་བླངས། ཡུཀ་རེན་གྱི་དམག་དཔུང་གིས་ཨུ་རུ་སུའི་དམག་ལ་ཕར་རྒོལ་བྱས་ནས་མཐར་སྐྲོད་གཏོང་ཐུབ་པའི་སྟོབས་ཤུགས་རྒྱས། ཨུ་རུ་སུའི་གཞུང་གིས་དམག་སར་བསད་པའི་དམག་མི་རྣམས་གར་སོང་ཆ་དུ་གྱུར་པའི་ཁོངས་སུ་བརྩིས། གཟའ་མིག་དམར་ཉིན་ཡུཀ་རེན་གྱི་བདེ་འཇགས་ལྷན་ཁང་གིས་ཌོན་བྷ་སི་མངའ་ཁུལ་གྱི་ཌོ་ནེ་ཛིཀ་གྲོང་ཁྱེར་དུ་ཨུ་རུ་སུའི་དམག་མིའི་ཕུང་པོ་༢༠༠་ལྷག་སྤུང་གསོག་བྱས་འདུག ཡུཀ་རེན་གྱི་དམག་ས་ཁག་ཏུ་ཨུ་རུ་སུའི་དམག་མི་བསད་པའི་ཕུང་པོ་སྟོང་ཕྲག་མང་པོ་ལུས་ཡོད་པ་དང་དམག་མི་བསད་པ་རྣམས་གར་སོང་ཆ་མེད་དུ་གྱུར་པ་རེད་ཅེས་གོང་རིམ་ལ་སྙན་སེང་ཞུ་ཡི་ཡོད་པ་རེད། ཁོ་ཚོས་དེ་ལྟར་བྱེད་དོན་ནི་འཐབ་གྲོགས་འདས་པོ་དེ་དག་གི་ཕུང་པོར་བདག་པོ་རྒྱག་མི་དགོས་པའི་ཁྱད་པར་ཡོད་པ་རེད། ཨུ་རུ་སུའི་དམག་མི་ཞིག་གིས་ཁ་པར་ནང་དུ་ཕུང་པོར་བདག་པོ་བརྒྱབ་ནས་འཇོག་ས་དང་འཁྱེར་ས་མི་འདུག དེར་བརྟེན་ང་ཚོས་མིའི་གཟུགས་ཚད་ལོང་བའི་ས་དོང་བྲུས་ནས་ཕུང་པོ་རྣམས་དེའི་ནང་དུ་སྡེབ་འཕེན་བྱ་རྒྱུ་མ་གཏོགས་བྱ་ཐབས་གཞན་པ་མི་འདུག་ཅེས་ཁ་བརྡ་བྱེད་ཀྱི་ཡོད་པ་ཡུཀ་རེན་གྱིས་སྒྲ་འབེབས་བྱས་ནས་དྲྭ་ལམ་དུ་བཀྲམ།།

ཨ་རིའི་གཟའ་འཁོར་གསར་འགྱུར་དུས་དེབ་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། དུས་ཡུན་ཟླ་བ་གཉིས་ལྷག་གི་རིང་ཨུ་རུ་སུའི་དམག་དཔོན་ཆེས་མང་པོ་ཞིག་ལ་སྲོག་སྐྱོན་འཕོག་གི་ཡོད་པ་ནི་ཉེ་རབས་ཀྱི་དམག་འཁྲུག་གི་ལོ་རྒྱུས་ནང་དུ་བྱུང་མྱོང་མེད་པ་ཞིག་ཡིན་ཞིང་། གཟའ་འཁོར་སྔོན་མར་ཡུཀ་རེན་གྱི་དམག་དོན་ལྷན་ཁང་གིས་ཨུ་རུ་སུའི་དམག་མི་ཁག་ཅིག་གིས་སོ་སོའི་མཚོན་ཆ་བཅག་ནས་དམག་སར་དཔུང་སྐྱོད་བྱེད་ཀྱི་མི་འདུག་ཅེས་གནས་ཚུལ་སྤེལ། ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་མཐོ་རིམ་ལས་སྣེ་ཞིག་གིས་ཀྱང་གཟའ་འཁོར་གསར་འགྱུར་དུས་དེབ་ཀྱི་གསར་འགོད་པར་ཨུ་རུ་སུའི་དམག་མི་རྣམས་གཉའ་ཆག་སྟེ་དཔའ་ཞུམ། ཨུ་རུ་སུའི་དམག་དཔོན་ཁག་ཅིག་གིས་གོང་རིམ་གྱི་བཀའ་ལ་གྱེན་ལྡོག་བྱེད་ཀྱི་ཡོད་པའི་གནས་ཚུལ་གོ་ཐོས་བྱུང་སོང་ཞེས་གནས་ཚུལ་མཁོ་སྤྲོད་བྱས་འདུག ཨུ་རུ་སུའི་T-90་རྟགས་ཅན་གྱི་ལྕགས་ཁྲབ་འཁོར་ལོ་ནི་ཨུ་རུ་སུའི་དམག་གི་ཆེས་དེང་རབས་ཀྱི་འཐབ་འཁོར་རྩེ་ཕུད་དེ་ཡིན་མོད། འོན་ཀྱང་ཡུ་རོབ་རྒྱལ་ཁབ་སུད་ཌེན་གྱིས་རོགས་རམ་སྤྲད་པའི་མེ་ཤུགས་མདེལ་གྱིས་ཨུ་རུ་སུའི་ལྕགས་ཁྲབ་འཁོར་ལོ་དེ་རྩ་གཏོར་གཏོང་རྒྱུ་མགོ་བརྩམས། ཡུཀ་རེན་ལ་ཨ་རི་དང་དབྱིན་ཇི། ཡུ་རོབ་མཉམ་འབྲེལ་གྱི་རྒྱལ་ཁབ་༢༧་དང་ཨོ་གླིང་རྒྱལ་ཁབ། ཁེ་ན་ཌ་སོགས་ཀྱིས་མེ་སྒྱོགས་དང་ལྕགས་ཁྲབ་འཁོར་ལོ། འཕུར་མདེལ། མཚོན་ལྡན་རླངས་འཁོར་སོགས་རོགས་རམ་སྤྲད་པའི་རྗེས་སུ་ཡུཀ་རེན་གྱི་དམག་གིས་གནམ་ས་གཉིས་ནས་ཨུ་རུ་སུའི་ལྕགས་ཁྲབ་འཁོར་ལོ་དང་མཚོན་ལྡན་རླངས་འཁོར། ཨུ་རུ་སུའི་དམག་སྒར་ཁག་དང་སྐུང་ཡུལ་ཁག་ལ་གཏོར་རྒོལ་བྱས་ནས་ཕམ་ཉེས་ཆེན་པོ་བྱུང་། དེས་ན་ཕུ་ཊིན་གྱིས་དམག་འཁྲུག་ཡུན་བསྲིངས་ནས་ཡུཀ་རེན་ཕམ་དགོས་བསམས་ཀྱང་དོན་དངོས་སུ་ཨུ་རུ་སུའི་དམག་གིས་རྒྱལ་ཁབ་༣༠་ལྷག་གིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་ཡུཀ་རེན་ལ་ཁ་གཏད་གཅོག་ཐུབ་རྒྱུ་ཡིན་མིན་ངེས་གཏན་མེད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG