ངོ་འཕྲད་བདེ་བའི་དྲ་འབྲེལ།

 ཨ་རིའི་དམངས་གཙོ་སྲིད་དོན་ཚོགས་པ་དང་རྒྱ་ནག་གི་ཕྱི་འབྲེལ་སྲིད་ཇུས། 


བདུན་ཕྲག་འདིའི་རིང་ཨ་རིའི་དམངས་གཙོ་སྲིད་དོན་ཚོགས་པས་དུས་ཡུན་ཉིན་གྲངས་བཞིའི་རིང་གི་རྒྱས་འཛོམས་ཚོགས་ཆེན་འཚོགས་ཏེ་དམངས་གཙོ་སྲིད་དོན་ཚོགས་པའི་སྲིད་འཛིན་འོས་མི་དངོས་སུ་ཁྱབ་བསྒྲགས་བྱེད་ཀྱི་ཡོད་པ་མ་ཟད། སྲིད་དོན་ཚོགས་པ་འདིའི་ཕྱི་སྲིད་ནང་སྲིད་གཉིས་ཀྱི་ངོས་ནས་སྲིད་ཇུས་གང་དག་འདོན་རྒྱུ་ཡིན་མིན་གྱི་རྩ་འཛིན་སྒྲིག་གཞི་ཡང་གཏན་འབེབས་བྱས་ཡོད་ཅིང་། ཐེངས་འདིའི་དམངས་གཙོ་སྲིད་དོན་ཚོགས་པའི་རྩ་འཛིན་སྒྲིག་གཞི་ལྟར་ན། ད་ལྟའི་ཨ་རིས་རྒྱ་ནག་ལ་འཛིན་པའི་ཉོ་ཚོང་སྲིད་ཇུས་ཀྱི་ཐད་ནས་འདྲ་མཉམ་དྲང་གཞག་ཡོང་དགོས་པའི་རེ་འདུན་འདོན་དགོས་ནའང་ཕྱོགས་གཅིག་ནས་མཐའ་གཅིག་ཏུ་སྒོ་ཁྲལ་སྤར་བཞིན་པའི་གནས་སྟངས་ལ་སྐྱོན་བརྗོད་བྱེད་བཞིན་ཡོད་པ་དང་། དེ་མིན་ཨ་རིའི་རྒྱལ་སྲུང་དམག་དོན་གྱི་ཐད་ཀྱི་འགྲོ་སོང་ཉུང་རུ་གཏོང་དགོས་པ་དང་། ནམ་ཡང་དམག་འཁྲུག་ལ་ངོ་རྒོལ་བྱེད་རྒྱུ་བཅས་ཀྱི་ཐད་ནས་ད་ལྟའི་སྲིད་འཛིན་ཊམ་འཛིན་སྐྱོང་གཞུང་གི་ལངས་ཕྱོགས་དང་ཁྱད་པར་ཤོར་གྱི་ཡོད།

འདས་པའི་ལོ་གཉིས་ལྷག་གི་རིང་ཨ་རི་དང་རྒྱ་ནག་བར་དུ་ཕན་ཚུན་སྒོ་ཁྲལ་སྤར་རེས་བྱས་ཏེ་ཉོ་ཚོང་གི་འགལ་ཟླ་ཆེན་པོ་བྱུང་ཡོད་པ་དང་། ད་ལོར་རྒྱ་ནག་ཝུའུ་ཧན་ནས་མཆེད་འོང་བའི་ཏོག་དབྱིབས་རིམས་ནད་ཀྱིས་ཨ་རི་གཙོས་པའི་འཛམ་གླིང་རྒྱལ་ཁབ་ཡོངས་ལ་དཀའ་ངལ་ཆེན་པོ་སྤྲད་ཡོད་པ་སོགས་ཀྱི་རྒྱུ་མཚན་ཁག་ལ་བརྟེན་ནས་རྒྱ་ནག་དེ་ད་ལོའི་ཨ་རིའི་སྲིད་འཛིན་འོས་བསྡུའི་ཕྱི་འབྲེལ་སྲིད་ཇུས་ཐད་ཀྱི་གནད་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད་ལ། ད་ལོའི་ཨ་རིའི་དམངས་གཙོ་སྲིད་དོན་ཚོགས་པའི་ངོས་ནས་ཀྱང་རྒྱ་ནག་གི་ཉོ་ཚོང་སྲིད་ཇུས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་ནག་གིས་ཨ་རིའི་རིག་དངོས་བདག་དབང་བརྐུ་འཁྱེར་བྱེད་བཞིན་ཡོད་པ་དང་། རྒྱ་ནག་སོགས་རྒྱལ་ཁབ་གཞན་གྱིས་དྲ་ལམ་བརྒྱུད་ནས་ཨ་རིའི་ནང་གསང་མྱུལ་གྱི་ལས་ཀ་བྱེད་བཞིན་པ་བཅས་གཏན་འགོག་བྱ་དགོས་པའི་དགོས་འདུན་བཏོན་ཡོད་པ་དང་། ཨ་རིའི་ཊམ་འཛིན་སྐྱོང་གཞུང་གིས་རྒྱ་ནག་དང་མཉམ་དུ་ཉོ་ཚོང་སྲིད་ཇུས་འཛིན་སྟངས་ཀྱིས་ཨ་རིའི་ཞིང་བ་མང་པོར་གྱོང་གུད་ཕོག་ཡོད་པའི་ཐད་ནས་ཀྱང་སྐྱོན་བརྗོད་བྱས་ཡོད་པ་རེད།

གཞན་ཨ་རིའི་བོ་སྀ་ཁྲི་རོས་ཁྲི་ཇོར་ནོ་ཅེས་པའི་ནོར་སྲིད་ཚགས་ཤོག་བརྒྱུད་ལམ་དུ་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་རྒྱ་ནག་དང་འབྲེལ་བའི་ཕྱི་འབྲེལ་སྲིད་ཇུས་ཀྱི་ཐད་ནས་གནད་འགག་གི་དྲི་བ་ལྔ་བཏོན་ཡོད་པའི་ནང་དུ།

ད་ལྟའི་སྲིད་འཛིན་ཊམ་འཛིན་སྐྱོང་གཞུང་གིས་སྒོ་ཁྲལ་སྤར་རྒྱུ་དེ་རྒྱ་ནག་ལ་གནོན་ཤུགས་སྤྲོད་རྒྱུའི་ཐབས་ལམ་གལ་ཆེན་ཞིག་ཏུ་སྤྱོད་ཀྱི་ཡོད་པ་མ་ཟད་དེའི་ཆེད་ད་བར་དུ་དུས་ཚོད་དང་ལས་སྒོ་མང་བོ་ཞིག་བློས་གཏོང་བྱས་ཡོད་པས། ཨ་རིས་རྒྱ་ནག་གི་སྒོ་ཁྲལ་སྤར་རྒྱུའི་སྲིད་ཇུས་དེ་རྒྱུན་འཁྱོངས་བྱ་ཐུབ་མིན་དང་། ཡང་སྲིད་འཛིན་ཊམ་འཛིན་སྐྱོང་གཞུང་གིས་ཕྱིར་འཐེན་བྱས་པའི་TPPསམ་ཞི་བདེ་རྒྱ་མཚོ་བརྒལ་བའི་མཉམ་འབྲེལ་གྲོས་ཆོད་དེ་རྒྱ་ནག་གི་ཕྱོགས་གཏོགས་མིན་པའི་ཨ་མེ་རི་ཁ་དང་ཡ་གླིང་གི་རྒྱལ་ཁབ་ཁག་ཅིག་གིས་གྲུབ་པའི་ཚོགས་པ་ཞིག་ཡིན་པས་ན། རྗེས་སུ་ཡང་བསྐྱར་ཚོགས་པ་དེའི་ནང་ཞུགས་འཆར་ཡོད་མེད་ཀྱི་སྐོར། གཞན་ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་གི་ཐད་ནས་རྒྱ་ནག་ལ་ཅི་ལྟར་ཁ་གཏད་གཅོག་ཐུབ་མིན་དང་། ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་དང་ཡུ་གུར་བ་རྣམས་ལ་མུ་མཐུད་ནས་ཅི་ལྟར་རོགས་རམ་བྱེད་མིན། ཐེ་ཝན་མ་འོངས་བར་ཧོང་ཀོང་ལྟ་བུ་ཞིག་ཏུ་མི་འགྱུར་བར་ཅི་ལྟར་ཁག་ཐེག་བྱ་ཐུབ་མིན། ཨུ་རུ་སུ་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་ཐད་ནས་ཨ་རིས་ཕྱི་འབྲེལ་གྱི་འབྲེལ་ལམ་ཅི་ལྟ་བུ་ཞིག་འཛུགས་མིན་བཅས་ནི་མ་འོངས་བར་དམངས་གཙོ་ཚོགས་པའི་སྲིད་འཛིན་གྱིས་ཐག་གཅོད་བྱ་དགོས་པའི་ཨ་རི་དང་རྒྱ་ནག་བར་གྱི་ཕྱི་འབྲེལ་གྱི་འབྲེལ་ལམ་གནད་འགག་ཅན་དག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

ཡང་ཨ་རིའི་སྲིད་ཇུས་ཉམས་ཞིབ་པ་ཁག་ཅིག་གིས་དབྱེ་ཞིབ་བྱས་པ་ལྟར་ན། སྲིད་འཛིན་ཊམ་དང་སྲིད་འཛིན་འོས་གཞི་ཇོ་བྷ་ཌན་གཉིས་ཀྱི་ཕྱི་འབྲེལ་སྲིད་ཇུས་ཐད་ཀྱི་མི་འདྲ་ས་གཙོ་བོ་ནི། ཊམ་གྱིས་ཕྱོགས་གཅིག་གཙོ་བོར་བཟུང་བའི་སྲིད་ཇུས་ཤིག་ལག་བསྟར་བྱེད་བཞིན་པ་དང་། བྷ་ཌན་གྱིས་རྒྱལ་སྤྱི་ཅན་དང་། མཉམ་ལས་ཅན། འབྲེལ་ལམ་ཅན་གྱི་ཕྱི་འབྲེལ་སྲིད་ཇུས་ཤིག་འདོན་གྱི་འདུག་ཅེས་ཀྱང་དབྱེ་ཞིབ་བྱས་འདུག

XS
SM
MD
LG