ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་རིར་ནད་དུག་ཁྱབ་ཀྱི་ཡོད་པའི་བརྒྱ་ཆ་༨༣་ཌེལ་ཊ་ནད་དུག་ཡིན་འདུག


༄༅།། དེང་སྐབས་ཨ་རི་རྒྱལ་ཡོངས་སུ་སླར་ཡང་ཁྱབ་གདལ་འགྲོ་བཞིན་པའི་ཏོག་དབྱིབས་ནད་དུག་ནི་ངོ་བོ་ཉིས་འགྱུར་རམ། ཡང་ན་ཕྱི་ཟླ་༤་པའི་ནང་དུ་རྒྱ་གར་ལ་ཁྱབ་པའི་ཌེལ་ཊ་ཞེས་འབོད་པའི་ཏོག་དབྱིབས་ནད་དུག་དེ་ཡིན་ཞིང་། ཁ་སང་གཟའ་མིག་དམར་ཉིན་ཨ་མི་རི་ཀའི་ནད་རིགས་སྔོན་འགོག་དང་བཀག་སྡོམ་ཁང་གི་འགན་འཛིན་སྨན་པ་ཝ་ལཱེན་སི་ཀིས་གྲོས་ཚོགས་གོང་མའི་ཚོགས་ཆུང་ཞིག་གི་འཐུས་མི་ཚོར་སྙན་གསེང་ཞུས་པ་ལྟར་ན། ཕྱི་ཟླ་༧་པའི་ཚེས་༣་ཉིན་ཨ་རྒྱལ་ཡོངས་སུ་ཌེལ་ཊ་ཏོག་དབྱིབས་ནད་དུག་བརྒྱ་ཆ་༥༠་ལས་ཁྱབ་མེད་ཀྱང་དུས་ཡུན་བདུན་ཕྲག་གཉིས་ལྷག་གི་རྗེས་སུ་ཨ་མི་རི་ཀར་ཏོག་དབྱིབས་ནད་དུག་བརྒྱ་ཆ་༨༣་ཁྱབ་ཀྱི་འདུག འདི་ནི་ཧ་ཅང་གི་གྲངས་ཚད་མང་པོ་ཞིག་རེད། ཌེལ་ཊ་ཏོག་དབྱིབས་ནད་དུག་དེ་འགོ་སླ་བ་དང་ཁྱབ་མྱུར་བ་ཞིག་རེད་ཅེས་གྲོས་ཚོགས་འཐུས་མི་ཚོའི་དྲི་བ་ཁག་ལ་ལན་བཏབ། སྲིད་འཛིན་ཇཱོ་བྷ་ཌན་གྱི་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གི་སློབ་སྟོན་པ་ཟུར་པ་ཨན་ཌི་སི་ལཱ་ཝྭི་ཊིས་ངོ་བོ་ཉིས་འགྱུར་གྱི་ཏོག་དབྱིབས་ནད་དུག་ནི་ལྡབ་གཉིས་ཀྱིས་འགོ་སླ་བ་ཞིག་རེད། སྟབས་ལེགས་པ་ཞིག་ལ་༢༠༢༠་དང་མ་འདྲ་བར་ང་ཚོར་ནད་དུག་སྔོན་འགོག་གི་སྨན་ཁབ་ཡོད་པ་རེད་ཅེས་སི་ཨེན་ཨེན་གསར་འགྱུར་ལས་ཁང་ལ་བཤད་འདུག

ཨ་མི་རི་ཀའི་ནད་རིགས་སྔོན་འགོག་དང་བཀག་སྡོམ་ཁང་གི་གཞི་གྲངས་ལྟར་ན། ཨ་མི་རི་ཀར་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་འབེལ་པོ་ཡོད་ཀྱང་མི་མང་བརྒྱ་ཆ་༤༠་ལྷག་སྨན་ཁབ་ལ་དོགས་པ་ཡོད་པ་སེལ་མ་ཐུབ། ཨ་རི་བ་བརྒྱ་ཆ་༤༩་ཡས་མས་ཤིག་གིས་མ་གཏོགས་སྨན་ཐུན་གཉིས་ཀྱི་འགོག་ཁབ་བརྒྱབ་མེད་ཅིང་། འགོག་ཁབ་རྒྱག་གི་མེད་པ་དེ་དག་ལ་འགོག་ཁབ་རྒྱག་རྒྱུའི་རྟགས་མཚན་བྲལ། ཕྱི་ཟླ་༧་པའི་ཚེས་༡༦་ནས་༡༩་བར་དུ་ཨ་མི་རི་ཀའི་གསར་འགྱུར་ལས་ཁང་ཁག་གིས་ཨ་རི་བ་འགོག་ཁབ་བརྒྱབ་མེད་པའི་ནར་སོན་པ་༡༠༤༨་ལ་བསམ་ཚུལ་འདྲི་ཞིབ་བྱས་པ་ལྟར་ན། མི་མང་སྐད་ཆ་འདྲི་ཡུལ་དེའི་བཞི་ཆའི་གཅིག་གིས་འུ་ཐུག་ཐབས་ཟད་ཀྱི་གནས་སུ་ལྷུང་ན་འགོག་ཁབ་རྒྱག་རྒྱུ་ཡིན་ཞེས་ལན་བཏབ། སྲིད་འཛིན་བྷ་ཌན་གྱི་ཏོག་དབྱིབས་ནད་དུག་སྔོན་འགོག་སློབ་སྟོན་པ་སྨན་པ་ཧྥའོ་ཆིས་མི་གྲངས་དེ་འདྲ་མང་པོ་ཞིག་གིས་འགོག་ཁབ་མ་བརྒྱབ་ན་ཨ་མི་རི་ཀར་ནད་ཡམས་ཁྱབ་གདལ་འགྲོ་བཞིན་པ་ཡུན་རིང་ཞིག་ལ་འཇོམས་ཐུབ་རྒྱུ་ཁག་པོ་རེད་ཅེས་བསྟན། ཨ་མི་རི་ཀར་མངའ་སྡེ་༥༠་ཐམ་པ་ཡོད་པ་དེའི་ཁོངས་ནས་མངའ་སྡེ་༤༦་གི་ནང་དུ་ཌེལ་ཊ་ཏོག་དབྱིབས་ནད་དུག་ཁྱབ་རྒྱུ་ཉིན་རེ་བཞིན་ཇེ་མང་དུ་སོང་།།

ཇཱོན་སི་ཧོབ་ཀིན་སི་སློབ་གྲྭ་ཆེན་མོའི་གཞི་གྲངས་ལྟར་ན། བདུན་ཕྲག་གཉིས་ཀྱི་གོང་ནས་ཨ་མི་རི་ཀའི་སྨན་ཁང་ཁག་ཏུ་ཌེལ་ཊ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་བརྒྱ་ཆ་༢༢་མང་དུ་སོང་ཞིང་། དེ་བཞིན་ཨ་རིའི་ནད་རིགས་སྔོན་འགོག་དང་བཀག་སྡོམ་ཁང་གི་གཞི་གྲངས་སུའང་ཨ་མི་རི་ཀའི་མི་འབོར་བརྒྱ་ཆ་༢༢་ཏེ། ཨ་རི་བ་ས་ཡ་༧༣་ཡས་མས་ཤིག་ངོ་བོ་འགྱུར་བའི་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཚབས་ཆེ་འགྲོ་ཡུལ་ཁག་ཏུ་འཚོ་གནས་བྱེད་བཞིན་འདུག ས་གནས་གང་ཞིག་ཏུ་མི་༡༠༠༠༠༠་རེའི་ནང་དུ་མི་༡༠༠་རེར་ཏོག་དབྱིབས་ནད་དུག་འགོ་ཡི་ཡོད་ཚེ། ས་གནས་དེ་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཆེན་པོ་ཡོད་པའི་ས་ཁུལ་ཁག་ཏུ་བརྩི་ཆོག མི་༡༠༠༠༠༠་རེའི་ནང་དུ་མི་༡༠་ཡས་མས་རེར་ངོ་བོ་འགྱུར་བའི་ཏོག་དབྱིབས་ནད་དུག་འགོ་ཡི་ཡོད་ན་ས་ཁུལ་དེ་ཉེན་ཁ་ཆུང་བར་བརྩི་ཆོག་ཅེས་རེའུ་མིག་བཏོན། ཉེ་དུས་ཤིག་ནས་ཨ་མི་རི་ཀར་ཏོག་དབྱིབས་ནད་དུག་འགོས་ནས་སྨན་ཁང་དུ་ལུས་པ་དང་འཆི་སྐྱོན་བྱུང་བ་བརྒྱ་ཆ་༩༠་ཡས་མས་ཤིག་སྔོན་འགོག་སྨན་ཁབ་མ་བརྒྱབ་པ་དང་ཁ་རས་མ་གྱོན་པ། ང་ལ་ནད་དུག་འགོ་ཡི་མ་རེད་ཅེས་ནད་ཡམས་ལ་སྣང་ཆུང་བྱས་པ་དང་མི་ཚོགས་གྲས་སུ་བསྐྱོད་ནས་རང་གཞན་གཉིས་ཀར་ནད་དུག་བགོ་ཡི་ཡོད་པའི་ན་གཞོན་ཚོ་ཡིན་འདུག

གཟའ་མིག་དམར་གྱི་ཕྱི་དྲོར་ཕོ་བྲང་དཀར་པོའི་གསར་འགོད་དྲུང་ཆེ་ཇཱན་ས་ཀིས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བརྒྱབ་ཟིན་པའི་ལས་བྱེད་པ་རེ་ཟུང་ཞིག་ལ་བསྐྱར་དུ་ནད་རྟགས་ཐོན་སོང་། ཡིན་ནའང་སྨན་ཁབ་བརྒྱབ་པའི་མི་ཚོར་བསྐྱར་དུ་ཏོག་དབྱིབས་ནད་དུག་འགོ་རྒྱུ་ཧང་ཅང་ཉུང་ཉུང་རེད། ཕོ་བྲང་དཀར་པོའི་ལས་བྱེད་པ་ཚོར་རྟག་ཏུ་བརྟག་དཔྱད་བྱས་ནས་སྨན་ཁབ་ཀྱི་ནད་འགོག་ནུས་པ་ཉམས་ཡོད་མེད་ལྟ་བཞིན་ཡོད་ཅེས་སྤྱི་དམངས་རྒྱང་སྲིང་ཁང་ལ་བཤད། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ནན་སི་ཕེ་ལོ་སིའི་གཤམ་འོག་ལས་བྱེད་པ་འགོག་ཁབ་བརྒྱབ་ཟིན་པ་ཞིག་ལའང་བསྐྱར་དུ་ནད་རྟགས་ཐོན་ཡོད་པར་མ་ཟད། ཊེཀ་སེ་སི་མངའ་སྡེའི་དམངས་གཙོ་ཚོགས་པའི་འཐུས་མི་རྣམས་རྒྱལ་ས་ཝ་ཤིང་ཊོན་ལ་བསླེབས་ཡོད་པ་དེ་དག་གི་གྲས་ཀྱི་མི་༦་ལ་ནད་རྟགས་ཐོན། གྲོས་ཚོགས་འོག་མའི་ཚོགས་གཙོ་ནན་སི་ཕེ་ལོ་སིའི་གཤམ་འོག་ལས་བྱེད་པ་དེར་ཊེཀ་སེ་སི་མངའ་སྡེ་ནས་འབྱོར་བའི་དམངས་གཙོ་ཚོགས་པའི་འཐུས་མི་དེ་དག་གི་གྲས་ཀྱི་གཅིག་ནས་འགོས། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་གྲངས་ཉུང་གི་འགོ་ཁྲིད་མཱི་ཆི་མཱེ་ཁ་ནོལ་གྱིས་འགོག་ཁབ་བརྒྱབ་མེད་པའི་ཨ་མི་རི་ཀ་བ་ཚོར་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྒྱག་དགོས་པའི་འབོད་སྐུལ་ཞུས། ཨ་རིའི་སྤྱི་ཚོགས་སུ་ངོ་དེབ་སོགས་དྲྭ་ལམ་ཁག་ཏུ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་ལ་གནོད་ཚབས་ཆེ་བ་དང་ནད་འགོག་གི་ནུས་པ་མེད་པའི་ལོག་བཤད་མང་དག་ཅིག་འགྲེམ་སྤེལ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ད་ལྟ་ཨ་མི་རི་ཀ་ནི་འགོག་ཁབ་བརྒྱབ་པའི་ཨ་མི་རི་ཀ་དང་འགོག་ཁབ་མ་བརྒྱབ་པའི་ཨ་མི་རི་ཀ་ཞེས་རྒྱལ་ཁབ་གཉིས་ལྟ་བུ་ཞིག་ཏུ་གྱུར། འགོག་ཁབ་བརྒྱབ་ཟིན་པའི་ཨ་མི་རི་ཀ་བ་ཚོ་རྒྱལ་ཁབ་ཕྱི་ནང་གཉིས་སུ་བྲེལ་འཚུབ་ཀྱིས་སྤྲོ་འཆམ་དུ་བསྐྱོད། འགོག་ཁབ་མ་བརྒྱབ་པའི་ཨ་མི་རི་ཀ་བ་ཚོར་ནད་དུག་འགོས་ནས་ནད་མནར་དང་འཆི་སྐྱོན་ཕོག ཨ་རིའི་རྒྱལ་ཡོངས་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་༨་པའི་ཚེས་༩་ནས་ཁེ་ན་ཌའི་གཞུང་གིས་ཨ་མི་རི་ཀའི་ཡུལ་སྐོར་སྤྲོ་འཆམ་པ་ཚོར་སྒོ་འབྱེད་རྒྱུ། ༢༠༢༠་ལོའི་ཕྱི་ཟླ་༣་པ་ནས་ཨ་རི་དང་ཁེ་ན་ཌའི་ས་མཚམས་སྒོ་བརྒྱབ་སྟེ་འགྲིམ་འགྲུལ་དང་ཚོང་ལས་བཀག གཟའ་འཁོར་འདིར་ཨ་རིའི་ནད་རིགས་སྔོན་འགོག་དང་བཀག་སྡོམ། ཨ་རིའི་ཕྱི་སྲིད་ལྷན་ཁང་གཉིས་ཀྱིས་ཨ་མི་རི་ཀ་བ་རྣམས་དབྱིན་ཡུལ་དང་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཛིམ་བྷབ་ཝེ། ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཨིན་རྡུ་ནེ་ཤི་ཡ། ཧྥི་ཇཱི་དང་དབྱིན་ཇིའི་མངའ་ཁོངས་ཝྭིར་ཇཱིན་གླིང་ཕྲན་ཁག་ལ་འགྲིམ་འགྲུལ་མ་བྱས་ན་ལེགས་ཞེས་ལམ་སྟོན་བྱས་འདུག ཨ་མི་རི་ཀར་ཡོང་གི་ཡོད་པའི་ཕྱི་རྒྱལ་གྱི་འགྲུལ་བ་ཚོས་ཉི་མ་གསུམ་གྱི་སྔོན་དུ་བརྟག་དཔྱད་བྱས་ནས་ནད་རྟགས་མེད་པའི་དཔང་ཡིག་སྟོན་དགོས། དེ་མིན་ན་མི་དེར་ཉི་མ་༩༠་ཐམ་པའི་ནང་ཚུད་དུ་ཏོག་དབྱིབས་ནད་དུག་འགོས་ནས་དྲག་སྐྱེད་བྱུང་བའི་དཔང་ཡིག་སྟོན་དགོས། འཛམ་གླིང་ཡུལ་གྲུ་གང་སར་ཏོག་དབྱིབས་ནད་དུག་ཁྱབ་ཀྱི་ཡོད་ཀྱང་བསྐྱར་དུ་སྒོ་འབྱེད་ཀྱི་ལས་དོན་ཁག་འགོག་གི་མིན་ཞེས་བཀོད།།

XS
SM
MD
LG