ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་ནག་གི་ཀྲེང་ཀྲུག་གྲོང་ཁྱེར་གྱི་ཆུ་ལོག་སྐབས་སུ་མི་༣༠༠་ལྷག་ལ་འཆི་སྐྱོན།


༄༅།། ཉེ་ཆར་རྒྱ་ནག་གི་ཧེ་ནན་ཞིག་ཆེན་གྱི་ཀྲེང་ཀྲུག་གྲོང་ཁྱེར་ལ་ཆུ་ལོག་བརྒྱུགས་ནས་མི་མང་གི་ཁང་པ་བསྣུབས་པ་དང་ས་འོག་མེ་འཁོར་ནང་དུ་ཆུ་བླུགས། ཀྲེང་ཀྲུག་གྲོང་ཁྱེར་ལ་ཤར་ནུབ་གཉིས་སུ་སྐྱོད་པའི་ས་འོག་ཕུག་ལམ་རིང་ཚད་སྤྱི་ལེ་བདུན་ཅན་ཞིག་ཡོད་པ་དེའི་ཁོག་ཏུ་རླངས་བརྒྱ་ཕྲག་མང་པོ་ཆུ་ལོག་གིས་མནན། རྒྱ་ནག་གཞུང་གིས་མི་ལྔ་ལ་མ་གཏོགས་འཆི་སྐྱོན་བྱུང་མེད་ཅེས་ཉིན་མང་རིང་གཞུང་འབྲེལ་གྱི་གྲངས་ཐོ་དེ་བསྒྲགས། ཕྱི་ཟླ་༨་པའི་ཚེས་༢་ཉིན་ཨ་རིའི་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་ཟླ་བའི་ཉིན་རྒྱ་ནག་གཞུང་གིས་ཧེ་ནན་ཞིང་ཆེན་གྱི་ཆུ་ལོག་ནང་དུ་མི་༣༠༢་ལ་འཆི་སྐྱོན་བྱུང་སོང་། ད་དུང་ཡང་མི་༥༠་ཐམ་པ་འཆི་གསོན་ཅི་ཡང་རྙེད་ཀྱི་མི་འདུག ཀྲེང་ཀྲུག་གྲོང་ཁྱེར་གཅིག་པུར་༢༩༢་ལ་འཆི་སྐྱོན་དང་མི་༤༧་རྙེད་ཀྱི་མེད་པ། གྲོང་ཁྱེར་གཞན་པ་གསུམ་གྱི་ནང་དུ་མི་༡༠་ལ་ཆུ་ལོག་གི་སྐབས་སུ་འཆི་སྐྱོན་བྱུང་སོང་ཞེས་གསར་འགོད་གསལ་བསྒྲགས་སྤེལ། ཧེ་ནན་ཞིང་ཆེན་གྱི་འགོ་ཁྲིད་ཝང་ཁེ་ཞེས་པ་ཞིག་གིས་ཞིང་ཆེན་གྱི་དམར་ཤོག་ཚོགས་པའི་ཚབ་ཞུས་ཏེ་ཆུ་ལོག་ནང་དུ་གནོད་འཚེ་ཐེབས་པའི་མི་མང་ལ་བཟོད་གསོལ་ཞུས་པ་དང་གདུང་སེམས་མཉམ་སྐྱེད་ཀྱི་གཏམ་བཤད་བྱས་ཤིང་། ཀྲེང་ཀྲུག་གྲོང་ཁྱེར་གྱི་སྤྱི་ཁྱབ་ཧུག་ཧུང་གིས་ས་འོག་གི་རླངས་འཇོག་ས་ཞིག་ཏུའང་མི་༣༩་ཆུ་ལོག་ནང་དུ་ཐིམ་ནས་ཤི་འདུག་ཅེས་བཤད།།

ཉེ་ཆར་ཕྱི་ཟླ་༧་པའི་ཚེས་༢༠་ཉིན་གྱི་ཕྱི་དྲོར་རྒྱ་ནག་དབུས་ཕྱོགས་ཀྱི་ཧེ་ནན་ཞིང་ཆེན་གྱི་ཀྲེང་ཀྲུག་དང་ཧེ་པི། ཨན་དབྱང་དང་ཞིན་ཤང་བཅས་གྲོང་ཁྱེར་བཞི་ལ་ཆུ་ལོག་བརྒྱུགས། ཧེ་ནན་ཞིང་ཆེན་གྱི་གཞུང་འབྲེལ་མི་སྣ་ཚོས་ས་ཞིང་ཨེ་ཀ་༦༢༥༠༠༠་ལྷག་ལ་བཏབ་པའི་སྟོན་ཐོག་རྣམས་བསྣུབས་པ་དང་མི་མང་ལ་ཨ་སྒོར་དུང་ཕྱུར་༡༤༠་ལྷག་གི་དཔལ་འབྱོར་ཡོང་འབབ་མེད་པར་གྱོང་གུད་ཕོག་སོང་། མི་གྲངས་ས་ཡ་༡་དང་ཕྱེད་ལྷག་རང་ཁྱིམ་ནས་ཉེན་སྐྱོབ་བྱས་པ་ཡིན་ཞེས་བཀོད། རྒྱ་ནག་གི་དྲྭ་ལམ་ཁག་ཏུ་ས་གནས་ཀྱི་འགོ་ཁྲིད་ཚོས་ཆུ་ལོག་གི་ཉེན་སྐྱོབ་དང་ཛ་དྲག་གི་ལས་དོན་ཚུལ་བཞིན་བསྒྲུབས་མ་སོང་། ཆུ་ལོག་གི་ཉེན་ཚབས་ཆེན་པོ་ཡོད་ཀྱང་སྤྱི་སྒེར་གྱི་ལས་ཁུངས་ཁག་དང་སློབ་གྲྭ འགྲིམ་འགྲུལ་དང་བཟོ་གྲྭ་སོགས་སྒོ་རྒྱག་དགོས་པའི་བཀོད་ཁྱབ་བཏང་མ་སོང་ཞེས་སྐྱོན་བརྗོད་བྱ་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་ཅིང་། རྒྱ་ནག་དབུས་གཞུང་གིས་ཀྲེང་ཀྲུག་གྲོང་ཁྱེར་གྱི་འགོ་ཁྲིད་ཚོས་ཆུ་ལོག་སྐབས་སུ་ཛ་དྲག་གི་ལས་དོན་དུས་ཐོག་ཏུ་བསྒྲུབས་ཐུབ་ཡོད་མེད་ཞིབ་འཇུག་རུ་ཁག་གཏོང་རྒྱུའི་གནས་ཚུལ་ཐོན་འདུག བདུན་ཕྲག་སྔོན་མར་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་བྷི་བྷི་སི་གསར་འགྱུར་ལས་ཁང་གིས་ཀྲེང་ཀྲུག་གྲོང་ཁྱེར་ལ་ཆུ་ལོག་བརྒྱུགས་པའི་གསར་འགྱུར་རྫུན་མ་སྤེལ་བ་རེད་ཅེས་སྐྱོན་བཙུགས།།

རྒྱ་ནག་གཞུང་གིས་ཀྲེང་ཀྲུག་གྲོང་ཁྱེར་གྱི་ས་འོག་མེ་འཁོར་ནང་དུ་ཆུ་བླུགས་ཏེ་མི་༡༤་ལ་འཆི་སྐྱོན་བྱུང་སོང་ཞེས་འགྲེལ་འཤད་རྒྱག་གི་ཡོད་མོད། འོན་ཀྱང་ཕ་མ་སྤུན་མཆེད་སོགས་ཀྱི་ས་འོག་མེ་འཁོར་འབབ་ཚུགས་ཀྱི་སྒོ་མདུན་དུ་མེ་ཏོག་གིས་འདས་མཆོད་འབུལ་བ་དང་གར་སོང་རྙེད་ཀྱི་མེད་པའི་མི་རྣམས་ཀྱི་འདྲ་པར་དང་མིང་། ཁ་པར་ཨང་གྲངས་བཞག་ནས་འབྲེལ་བ་བྱ་དགོས་ཞེས་རྩོད་གཅོད་བྱེད་ཀྱི་ཡོད་པར་བལྟས་ན་ཉུང་མཐར་ཡང་ཀྲེང་ཀྲུག་གྲོང་ཁྱེར་གྱི་ས་འོག་མེ་འཁོར་གཅིག་པུའི་ནང་དུ་མི་བརྒྱ་ཕྲག་འགའ་ཞིག་ལ་འཆི་སྐྱོན་བྱུང་ཡོད་པའི་རྟགས་མཚན་མངོན། རྒྱ་ནག་གཞུང་གིས་ས་འོག་མེ་འཁོར་སྒོ་འགྲམ་དེར་མེ་ཏོག་བཤམས་ནས་འདས་མཆོད་འབུལ་གྱི་ཡོད་པ་མང་ཚོགས་ལ་མཐོང་དུ་མི་འཇུག་པའི་ཆེད་དུ་འགྱིག་སྒྲོམ་སེར་པོའི་ལྕགས་རི་བསྐོར་ཡང་མང་ཚོགས་ཀྱིས་ལྕགས་རི་བཤིག ས་འོག་ནས་མེ་འཁོར་ཕྱི་ལ་དྲུད་ཡོང་གི་ཡོད་པ་དེ་དག་གི་སྒེའུ་ཁུང་ཚང་མ་རས་ནག་པོས་བསྒྲིབས་ཏེ་ཅི་ཞིག་ཕྱི་ལ་འཁྱེར་ཡོང་གི་ཡོད་པ་མི་མཐོང་བར་བསྒྲིབས། དེ་བཞིན་ཆུ་ལོག་བརྒྱུགས་ཡུལ་ས་འོག་ཕུག་ལམ་དེ་རྒྱ་ནག་གི་དམག་གིས་སྲུང་སྐྱོབ་བྱས་ནས་འཁྲིས་སུ་བཅར་ས་མེད་པར་མ་ཟད། ས་འོག་ཕུག་ལམ་ནང་ནས་བླངས་པའི་རླངས་འཁོར་བརྒྱ་ཕྲག་འགའ་ཞིག་འདམ་ཉོག་ནང་དུ་བརྩིགས་ཡོད་པར་དེ་ལ་བལྟས་ཚེ། ཉུང་མཐར་ཡང་མི་སྟོང་ཕྲག་འགའ་ཞིག་ལ་འཆི་སྐྱོན་བྱུང་ཡོད་སྲིད་པའི་དོགས་པ་སློང་། རྒྱ་ནག་གཞུང་གིས་ས་འོག་ཕུག་ལམ་དེ་ནས་སྤྱི་སྤྱོད་རླངས་འཁོར་ནང་དུ་སྐྱེལ་འདྲེན་བྱེད་ཡོང་གི་ཡོད་པ་རྣམས་ཀྱང་མི་མང་ལ་མཐོང་ཏུ་མི་འཇུག་པའི་ཆེད་དུ་སྒེའུ་ཁུངས་རྣམས་རས་ནག་པོས་བཀབ།།

རྒྱ་ནག་གཞུང་གིས་ཀྲེང་ཀྲུག་གྲོང་ཁྱེར་ལ་ལོ་སྟོང་ཕྲག་གཅིག་གི་ནང་དུ་བྱུང་མྱོང་མེད་པའི་དྲག་ཆར་བབས་ཏེ་ཆུ་ལོག་བརྒྱུགས་པ་རེད་ཅེས་བཀྲལ། རྒྱ་ནག་ནང་ཁུལ་དང་ཕྱི་ལོགས་ཀྱི་རྒྱ་ནག་པའི་དྲྭ་དམངས་ཚོས་རྩོམ་ཡིག་བྲིས་པ་དང་ཕྱི་ལོགས་ཀྱི་རྒྱ་སྐད་གསར་འགྱུར་ལས་ཁང་ཁག་ལ་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཧེ་ནན་ཞིང་ཆེན་གྱི་ལས་སྣེ་ཚོས་ཀྲེང་ཀྲུག་གྲོང་ཁྱེར་གྱི་ཉེ་འཁོར་དུ་ཆུ་ཚོད་ཆེན་པོ་ཞིག་ཡོད་པ་སྐྱོབ་ཐབས་སུ་མི་དམངས་ལ་སྔོན་བརྡ་མ་བཏང་བར་མཚན་མོར་ཆུ་མཛོད་ནང་གི་བཀག་ཆུ་གློད་དེ་ཀྲེང་ཀྲུག་གྲོང་ཁྱེར་ལ་གློ་བུར་དུ་ཆུ་ལོག་བརྒྱུགས་ནས་གནད་འཚེ་ཚབས་ཆེན་ཐེབས་པ་རེད། རྒྱ་ནག་གཞུང་གིས་ཆུ་མཛོད་ནང་གི་བཀག་ཆུ་གློད་ནས་ཆུ་ལོག་བརྒྱུགས་པ་རེད་ཅེས་ཁས་ལེན་བྱེད་ན་མི་དམངས་ལ་དངུལ་སྒོར་གུན་གསབ་སྤྲོད་དགོས་ཤིང་། དེར་བརྟེན་རྒྱ་ནག་གཞུང་གིས་ཧྲེང་ཀྲུག་གྲོང་ཁྱེར་ལ་ཆུ་ལོག་བརྒྱུགས་པ་ནི་ཆར་ཞོད་ཆེ་དྲགས་པས་རེད་ཅེས་ཨུ་ཚུགས་རྒྱག་གི་ཡོད་པའི་གནས་ཚུལ་སྤེལ་འདུག རྒྱ་ནག་གི་མི་རིགས་རིང་ལུགས་པ་ཚོས་འཇར་མན་ཎིའི་གསར་འགོད་པ་ཞིག་ལ་རུབ་བརྒྱབ་ནས་གསར་འགྱུར་རྫུན་སྒྲོགས་བྱེད་མི་ཆོག ཕྱི་རྒྱལ་གྱི་གསར་འགོད་པ་ཚོས་རྒྱ་ནག་ལ་མིང་ཤས་ངན་པ་གཡོག་ཐབས་ཀྱི་གསར་འགྱུར་ཁོ་ན་སྤེལ་གྱི་འདུག་ཅེས་རྡུང་གྲབས་བྱས་ནས་འཇིགས་སྣང་བསྐུལ། ཧྥ་རན་སི་གསར་འགྱུར་ལས་ཁང་གིས་གསར་འགོད་པས་ཀྲེང་ཀྲུག་གྲོང་ཁྱེར་ཆུ་ནང་དུ་ཐིམ་ཡོད་པའི་བརྙན་འཕྲིན་བླངས་པ་རྣམས་བསུབ་ཏུ་བཅུག རྒྱ་ནག་མི་དམངས་ཀྱིས་ཀྱང་ཀྲེང་ཀྲུག་གྲོང་ཁྱེར་ལ་ཆུ་ལོག་བརྒྱུགས་པའི་དཀྲོག་གཏམ་སྒྲོགས་མི་ཆོག སྲིད་གཞུང་གིས་སྤེལ་བའི་གསར་འགྱུར་ལ་མི་མཐུན་པའི་གནས་ཚུལ་སྤེལ་མི་ཆོག་ཅེས་དམ་དྲག་ནན་པོ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG