ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

ཧོང་ཀོང་བ་ཏུང་དབྱིང་ཇཱེ་ལ་ལོ་དགུའི་བཙོན་འཇུག་གི་ཁྲིམས་ཐག་བཅད། 


༄༅།། རྒྱ་ནག་གཞུང་གིས་ཧོང་ཀོང་ལ་གཏན་འབེབས་བྱས་པའི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཀྱི་འབྲུ་དོན་ལྟར་ངོ་རྒོལ་ལས་འགུལ་བ་ཏུང་དབྱིན་ཇཱེ་ལ་ལོ་དགུའི་བཙོན་འཇུག་གི་ཁྲིམས་ཐག་བཅད། ཕྱི་ཟླ་༧་པའི་ཚེས་༣༠་ཉིན་ཧྥ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟ་ཁང་གི་སྲི་ཞུ་བ་ཏུང་དབྱིང་ཇཱེ་ལ་ཁྲིམས་ཐག་བཅད་པ་ནི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཀྱི་འབྲུ་དོན་ལྟར་ཧོང་ཀོང་བ་ཞིག་ལ་ཁྲིམས་ཐག་བཅད་པ་ཐེངས་དང་པོ་ཡིན་ཞིང་། བདུན་ཕྲག་འདིའི་གཟའ་མིག་དམར་ཉིན་ཧོང་ཀོང་གི་ཁྲིམས་ཁང་ཞིག་གིས་ལོ་ན་༢༤་ལ་སོན་པའི་ཏུང་དབྱིང་ཇཱིས་ན་ནིང་ཕྱི་ཟླ་༧་པའི་ཚེས་༡་སྟེ། ཧོང་ཀོང་གི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ལག་ལེན་བསྟར་པའི་ཕྱི་ཉིན་དེར་ཉེན་རྟོག་པ་གསུམ་གྱི་སྟེང་དུ་འཕྲུལ་རྟ་བཏང་ནས་འཇིགས་སྐུལ་རིང་ལུགས་ཀྱི་གཏོར་རྒོལ་བྱས་པ་རེད། ཁོ་པས་ཁ་བྲལ་གྱི་དར་ཆ་འཕྱར་པ་རེད་ཅེས་ནག་ཉེས་བཀལ། ཏུང་དབྱིང་ཇཱེས་འཕྱར་པའི་དར་ཆའི་ཐོག་ཏུ་ཧོང་ཀོང་བཅིངས་འགྲོལ་གཏོང་དགོས། ང་ཚོའི་དུས་ཀྱི་གསར་བརྗེ་ཞེས་བཀོད། དར་ཆའི་ཐོག་གི་རྗོད་ཚིག་རྣམས་༢༠༡༩་ལོར་ཧོང་ཀོང་ལ་དམངས་གཙོའི་ལས་འགུལ་ལངས་པའི་སྐབས་སུ་ཀུན་གྱིས་བསྒྲགས་པའི་འབོད་ཚིག་ཅིག་ཡིན་འདུག དེ་རིང་ཏུང་དབྱིང་ཇཱེ་ལ་བཤེར་དཔང་མེད་པར་ཁྲིམས་ཐག་བཅད་པ་ནི་ཧོང་ཀོང་གི་ཁྲིམས་འཛིན་ལམ་སྲོལ་ལ་འགྱུར་བཅོས་ཆེན་པོ་བཏང་བ་ཞིག་མཚོན་ཐུབ། ཁྲིམས་ཞིབ་པ་ཚོས་ཏུང་དབྱིང་ཇཱེས་ཉེན་རྟོག་པའི་སྟེང་དུ་འཕྲུལ་རྟ་བཏང་ནས་འཇིགས་སྐུལ་རིང་ལུགས་གཏོར་རྒོལ་བྱས་པ་དང་དར་ཆ་འཕྱར་ཏེ་ཁ་བྲལ་གྱི་ངན་སྐུལ་བྱས་འདུག་ཅེས་སྒྲུབ་བྱེད་བཀོད།།

ཏུང་དབྱིང་ཇཱེས་འཕྱར་པའི་དར་ཆའི་ཐོག་ཏུ་ཧོང་ཀོང་བཅིངས་འགྲོལ་གཏོང་དགོས། ང་ཚོའི་དུས་ཀྱི་གསར་བརྗེ་ཞེས་བཀོད་ཡོད།
ཏུང་དབྱིང་ཇཱེས་འཕྱར་པའི་དར་ཆའི་ཐོག་ཏུ་ཧོང་ཀོང་བཅིངས་འགྲོལ་གཏོང་དགོས། ང་ཚོའི་དུས་ཀྱི་གསར་བརྗེ་ཞེས་བཀོད་ཡོད།

ཧོང་ཀོང་ཁྲིམས་ཁང་གིས་ཏུང་དབྱིང་ཇཱེ་ལ་ནག་ཉེས་དང་པོའི་ཐོག་ཏུ་ལོ་༨་ཀྱི་བཙོན་འཇུག་གི་ཉེས་ཆད་འབབ་ཀྱི་འདུག ནག་ཉེས་གཉིས་པའི་ཐོག་ཏུ་ལོ་༦་དང་ཕྱེད་ཀའི་ནག་ཉེས་འབབ་ཀྱི་འདུག བཙོན་འཇུག་གི་ལོ་དུས་ཁག་ཅིག་མཉམ་དུ་བརྩི་ཆོག ཁོ་པའི་ནག་ཉེས་ནི་ཚབས་ཆེན་ཞིག་ཡིན་རུང་ཉེས་དོན་དེ་དག་ཧ་ཅང་གི་ཐབས་རྡུགས་ཤིག་མ་རེད་ཅེས་ལོ་དགུའི་བཙོན་འཇུག་གི་བཅད་ཁྲ་བསྒྲགས། ཧོང་ཀོང་གཞུང་གི་ཁྲིམས་སྦྱོར་བ་ཚོས་ཏུང་དབྱིང་ཇཱེ་ལ་ལོ་གསུམ་གྱི་ཁྲིམས་གཅོད་དགོས་ཞེས་ཁྲིམས་ཁང་ལ་ཞུས། འོན་ཀྱང་ཁྲིམས་ཞིབ་པ་ཚོས་ལོ་དགུའི་ཁྲིམས་ཐག་བཅད་པ་ནི་ཧ་ཅང་གི་ཁྲིམས་གཅོད་ལྕི་མོ་ཞིག་ཡིན་འདུག ཏུང་དབྱིང་ཇཱེའི་ཁྲིམས་རྩོད་པ་ཚོས་ཉེན་རྟོག་པའི་སྟེང་དུ་འཕྲུལ་རྟ་བཏང་བ་བསམ་བཞིན་བྱས་པ་ཞིག་མ་རེད། ཏུང་དབྱིང་ཇཱེས་ཉེན་རྟོག་པའི་སྟེང་དུ་འཕྲུལ་རྟ་བཏང་བའི་ཀུན་སློང་ལ་ཁྲིམས་ཞིབ་པ་གསུམ་ལྟ་ཚུལ་གཅིག་མཚུངས་མ་རེད། སུ་གཅིག་ལའང་རྨས་སྐྱོན་ཕོག་མེད་པ་དང་ཁ་བྲལ་གྱི་འབོད་ཚིག་བསྒྲགས་པ་ནག་ཉེས་ཆུང་ཆུང་ཞིག་རེད་ཅེས་རྩོད་པ་བརྒྱབ། ཧོང་ཀོང་རང་དབང་གསར་ཁང་གིས་གནས་ཚུལ་སྤེལ་ལྟར་ན། མངའ་ཁུལ་དེར་ཁྲིམས་ཞིབ་པ་ཇི་སྙེད་ཅིག་ཡོད་ཀྱང་ཧོང་ཀོང་གི་སྤྱི་ཁྱབ་འགན་འཛིན་ཁེ་རི་ལམ་གྱིས་དངོས་སུ་ཏུང་དབྱིང་ཇཱེ་ལ་ཁྲིམས་ཐག་གཅོད་མཁན་ཁྲིམས་ཞིབ་པ་གསུམ་བསྐོ་བཞག་བྱས་པ་རེད་ཅེས་བསྟན། ཧོང་ཀོང་གི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ནང་དུ་ཁ་བྲལ་དང་གྱེན་ལོག ཕྱི་རྒྱལ་ལ་ངན་འབྲེལ་དང་འཇིགས་སྐུལ་རིང་ལུགས་སོགས་དོན་ཚན་མང་པོ་ཞིག་བཀོད་ཡོད་པས་དོན་ཚན་དེ་དག་ལ་ཚེ་བཙོན་བར་དུ་ཁྲིམས་ཐག་གཅོད་ཆོག ནུབ་ཕྱོགས་པ་ཚོས་རྒྱ་ནག་གཞུང་གིས་ཧོང་ཀོང་གི་རང་སྐྱོང་ཐོབ་ཐང་དང་ཁྲིམས་འཛིན་ལམ་ལུགས་མེད་པར་གཏོང་གི་འདུག་ཅེས་སྐྱོན་བརྗོད་དྲག་པོ་བྱས་འདུག

ཏུང་དབྱིན་ཇཱེ་ལ་ཁྲིམས་ཐག་བཅད་ནས་མ་འོངས་པར་རྒྱ་ནག་གཞུང་གིས་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་བ་དང་དམངས་གཙོ་དོན་གཉེར་བ་སོགས་ལ་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ལྟར་འཇིགས་སྐུལ་རིང་ལུགས་དང་ཁ་བྲལ་རིང་ལུགས་ཀྱི་ནག་ཉེས་འདྲ་མིན་ཞིག་བཙུགས་ནས་བཙོན་འཇུག་གི་ཁྲིམས་ཐག་གཅོད་རྒྱུ་སྟབས་བདེ་རུ་སོང་ཡོད་པར་མ་ཟད། ཧོང་ཀོང་གི་ཀུ་ཤུ་ཉིན་རེའི་ཚགས་པར་གྱི་བདག་པོ་ཇཱི་མཱི་ལེ་ཚུད་པའི་ཧོང་ཀོང་བ་༡༠༠་ལྷག་གིས་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ལ་འགལ་འཛོལ་བྱས་སོང་ཞེས་ནག་ཉེས་བཙུགས། ཁོ་ཚོ་མང་ཆེ་བ་བཙོན་ཁང་དུ་བཅུག་ནས་ཁྲིམས་ཐག་གཅོད་རྒྱུ་དེར་སྒུག་ཡོད་ཅིང་། སྔ་ལོ་ནས་རྒྱ་ནག་གཞུང་གིས་སྐམ་ས་ཆེན་མོའི་ཁྲིམས་འཛིན་ལམ་ལུགས་རྣམས་ཧོང་ཀོང་ལ་ལག་ལེན་བསྟར་ནས་སྲིད་དོན་གྱི་ལྟ་བ་མི་མཐུན་པ་ཚོར་དྲག་གནོན་དང་བཙོན་འཇུག རྒྱལ་གཅེས་རིང་ལུགས་པ་མིན་པའི་ཧོང་ཀོང་བ་རྣམས་རྩ་མེད་གཏོང་རྒྱུ་མགོ་བརྩམས། ཏུང་དབྱིང་ཇཱེ་ལ་ཁྲིམས་ཐག་མ་བཅད་པའི་ཆུ་ཚོད་འགའ་ཞིག་གི་སྔོན་དེར་ཁྲིམས་རྩོད་པ་དང་དམངས་གཙོ་དོན་གཉེར་བ་ཆའོ་ཧང་ཏུང་ཁྲིམས་ཁང་ལ་ཁྲིད། ཆའོ་ཧང་ཏུང་གིས་ལོ་འདིའི་ཕྱི་ཟླ་༧་པའི་ཚེས་༤་ཉིན་རྒྱ་ནག་གི་དྲུག་བཞིའི་ལས་འགུལ་ལ་རྗེས་དྲན་གྱི་ལས་འགུལ་སྤེལ། ཁོ་མོས་ཁྲིམས་ཞིབ་པ་ཚོར་༡༩༨༩་ལོའི་གནམ་བདེ་སྒོ་མོ་ཆེའི་ནང་གི་དམངས་གཙོའི་ལས་འགུལ་ནང་དུ་གྲོངས་པའི་སློབ་ཕྲུག་ཚོར་མྱ་ངན་བྱས་པ་ནི་ཁྲིམས་འགལ་མ་རེད། ང་ལ་ནག་ཉེས་ཡོད་པའི་ངོས་ལེན་བྱ་རྒྱུ་མིན་ཞེས་ཁྲིམས་ཁང་གི་འདྲི་གཅོད་ལ་ལན་བཏབ། དེ་རིང་གཟའ་པ་སངས་ཉིན་ཧོང་ཀོང་གི་ཁྲིམས་ཁང་གཞན་ཞིག་ཏུ་ཁྲིམས་ལུགས་སློབ་དཔོན་བྷེ་ཎི་ཐེའི་གྱོད་གཞི་ལ་ཉན་ཞིབ་བྱས་འདུག སློབ་དཔོན་ཐེ་༢༠༡༤་ལོར་ཧོང་ཀོང་ལ་སློབ་ཕྲུག་གིས་སྣེ་ཁྲིད་པའི་དམངས་གཙོའི་ལས་འགུལ་ལངས་པའི་སྐབས་ཀྱི་འགོ་ཁྲིད་གཙོ་གྲས་ཤིག་ཡིན་ཞིང་། ཁོང་ལ་ཧོང་ཀོང་གི་ལྐོག་ཟ་རུལ་སུངས་ཞིབ་རྟོག་ཞིབ་ཁང་གིས་ཉེས་འགེལ་གསར་པ་བྱས་ཡོད་པ་སྟེ། སློབ་དཔོན་ཐེ་དང་མི་གཞན་པ་གཉིས་ཀྱིས་ལོ་ལྔའི་གོང་དུ་ས་གནས་ཀྱི་འོས་འདེམས་དུས་སུ་དམངས་གཙོ་ཚོགས་པའི་འོས་མི་ཚོས་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་སྤེལ་བ་དེར་གླ་རིན་མང་བ་བླངས་འདུག་ཅེས་ནག་ཉེས་བཙུགས།།

ཏུང་དབྱིང་ཇཱེ་ལ་ཁྲིམས་བཤེར་བྱེད་སར་གསར་འགོད་པ་སོགས་མང་པོ་འདུས་ཡོད་པ། ༢༠༢༡།༠༧།༢༧
ཏུང་དབྱིང་ཇཱེ་ལ་ཁྲིམས་བཤེར་བྱེད་སར་གསར་འགོད་པ་སོགས་མང་པོ་འདུས་ཡོད་པ། ༢༠༢༡།༠༧།༢༧

ལོ་ན་༥༧་ལ་སོན་པའི་སློབ་དཔོན་ཐེ་དམངས་གཙོ་དོན་གཉེར་དང་རང་དབང་གི་ཆེད་དུ་བཙོན་ཁང་ལ་ལན་མང་སོང་། ད་ལྟ་ཧོང་ཀོང་གཞུང་གིས་སློབ་དཔོན་ཐེ་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ལ་འགལ་འཛོལ་བྱུང་ཡོད་པའི་ནག་ཉེས་བཙུགས་ནས་བཀག་ཉར་ཁང་དུ་བཅུག ཧོང་ཀོང་གི་རླུང་འཕྲིན་མདོ་འཛིན་པ་ཏམ་ཏཀ་ཊི་ལའང་ཧོང་ཀོང་བཅིངས་འགྲོལ་དང་ང་ཚོའི་དུས་ཀྱི་གསར་བརྗེ། ལྐོག་ཟ་རུལ་སུངས་སུ་གྱུར་པའི་ཧོང་ཀོང་གི་ཉེན་རྟོག་པ་ཚོ་བཟའ་མི་འཁོར་དང་བཅས་པ་དམྱལ་བར་འགྲིམ་པར་ཤོག ཧོང་ཀོང་གི་ཉེན་རྟོག་སྒྲིག་འཛུགས་གཏོར་དགོས། ནར་འགྱངས་མེད་པར་གཏོར་དགོས། རྒྱ་ནག་དམར་ཤོག་ཚོགས་པ་ཕམ་པར་རྒྱོབ་ཅེས་སྐད་འབོད་བྱས་པའི་ནག་ཉེས་ཐོག་ཏུ་བཙོན་ལ་བཅུག ཕྱི་ཟླ་༧་པའི་༣༠་ཉིན་ཧོང་ཀོང་གི་ཉེན་རྟོག་པས་གསལ་བསྒྲགས་སྤེལ་བ་ལྟར་ན། གཟའ་ཟླ་བའི་ཉིན་མོར་མི་ཚོགས་ཆེ་ཞིག་ཏུ་ཨོ་ལིམ་ཕིཀ་རྩེད་འགྲན་ལ་བལྟས་པའི་སྐབས་དེར་རྒྱ་ནག་གི་རྒྱལ་གླུ་བཏང་བར་ཧོང་ཀོང་བ་མང་པོ་ཞིག་གིས་མི་དགའ་བའི་རྣམ་འགྱུར་བསྟན་ནས་ཀུ་ཅོ་སྒྲོགས་སོང་། མི་དེ་ཚོ་ཉེན་རྟོག་པས་རྩད་གཅོད་བྱེད་ཀྱི་ཡོད། སྔ་ལོ་ཧོང་ཀོང་གཞུང་གིས་རྒྱ་ནག་གི་རྒྱལ་དར་དང་རྒྱལ་གླུ་ལ་ཁྱད་གསོད་བྱེད་མི་ཆོག་པའི་ཁྲིམས་གཏན་འབེབས་བྱས་པ་རེད་ཅེས་བཤད། ཧོང་ཀོང་གི་ཕོ་གསར་ལོ་ན་༢༦་ཅན་དང་རྒད་པོ་ཞིག་གིས་ཧོང་ཀོང་གཞུང་གི་ཕྱོགས་གཏོགས་དང་རྒྱ་ནག་གི་ཕྱོགས་གཏོགས་ཚོང་པ་ཚོས་ཚགས་པར་ནང་དུ་ཚོང་ལས་ཀྱི་དྲིལ་བསྒྲགས་སྤེལ་ན་ཁྱབ་བསྒྲགས་མ་བྱོས་ཞེས་ངོ་དེབ་ནང་དུ་དྲིལ་བསྒྲགས་ལས་འགུལ་སྤེལ། ཁོ་ཚོ་ཧོང་ཀོང་གི་ཉེན་རྟོག་པས་འཛིན་བཟུང་བྱས་ནས་ཁྲིམས་འགལ་དང་འཇིགས་སྐུལ་གྱི་ནག་ཉེས་བསགས་པ་རེད་ཅེས་སྐྱོན་བཏགས།།

ཧོང་ཀོང་གི་བདེ་འཇགས་སྤྱི་ཁྱབ་ཀྱིས་ཏུང་དབྱིང་ཇཱེ་ལ་ནག་ཉེས་ཐོན་པར་དགའ་བསུ་ཡོད། ང་ཚོས་ཁོ་པར་ཁྲིམས་ཐག་ཇི་ལྟར་གཅོད་དགོས་མིན་བསམ་ཞིབ་བྱེད་ཆོག་ཅེས་གསར་འགོད་པ་ཚོར་བཤད། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཏུང་དབྱིང་ཇཱེ་ལ་ཁྲིམས་ཐག་བཅད་པ་ནི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ལག་ལེན་བསྟར་ནས་ཧོང་ཀོང་གཞུང་ལ་སྐྱོན་བརྗོད་བྱེད་མཁན་རྣམས་ཁ་འགོག་ཐབས་ཁོ་ན་མ་རེད། དེ་ནི་ཧོང་ཀོང་གཞུང་གི་ཉེས་སྐྱོན་ཐེར་འདོན་བྱེད་མཁན་རྣམས་བཙོན་འཇུག་བྱ་རྒྱུའི་དམིགས་ཡུལ་རེད། ད་ཐེངས་ཀྱི་ཁྲིམས་གཅོད་འདིས་ཧོང་ཀོང་བ་ཚོས་དམངས་གཙོའི་དོན་དུ་ཡོངས་གྲགས་སུ་སྒྲོགས་ཀྱི་ཡོད་པའི་འབོད་ཚིག་རྣམས་ཁྲིམས་འགལ་དུ་བསྒྱུར་བ་རེད། མ་འོངས་པར་རང་དབང་དང་དམངས་གཙོའི་དོན་དུ་ངོ་རྒོལ་ཁྲོམ་སྐོར་བ་ཚོས་འབོད་ཚིག་དེ་རྣམས་སྒྲོགས་མི་ཕོད་པ་ཞིག་ལ་འགྱུར་ངེས་རེད། འདི་ནི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཞེས་པ་དེའི་མཐར་ཐུག་གི་དམིགས་ཡུལ་རེད། ཏུང་དབྱིང་ཇཱེ་ལ་བཙོན་འཇུག་གི་ནག་ཉེས་གཏན་ནས་འབབ་ཀྱི་མི་འདུག་ཅེས་སྐྱོན་བརྗོད་བྱས་འདུག ན་ནིང་ཕྱི་ཟླ་༦་པའི་ཚེས་༣༠་ནས་རྒྱ་ནག་གཞུང་གིས་ཧོང་ཀོང་ལ་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ལག་ལེན་བསྟར། ཧོང་ཀོང་གི་ཉེན་རྟོག་པ་ཚོར་དམངས་གཙོ་དང་སྤྱི་དམངས་ཐོབ་ཐང་། ལས་རྩོལ་བའི་ཐོབ་ཐང་རྩོད་པའི་ངོ་རྒོལ་ལས་འགུལ་ཁག་ལ་དྲག་གནོན་བྱེད་ཆོག་པའི་དབང་ཚད་ཆེན་པོ་སྤྲད། རྒྱ་ནག་གི་ཕྱོགས་གཏོགས་ཧོང་ཀོང་གི་ཚོང་པ་དང་འབྱོར་ལྡན་པ་ཚོས་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ལ་རྒྱབ་སྐྱོར་དང་དགའ་བསུ་ཞུས་འདུག

XS
SM
MD
LG