ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

ཇོ་མོ་གླང་མའི་སྟེང་དུ་ཤི་བའི་རི་འཛེག་པ་ཚོའི་ཕུང་པོ། 


༄༅།། འཛམ་གླིང་གི་གངས་རི་མཐོ་ཤོས་ཇོ་མོ་གླང་མའི་སྟེང་དུ་རི་འཛེག་པ་ཤི་བའི་ཕུང་པོ་ལུས་ཡོད་པ་རྣམས་ལེན་རྒྱུ་དེར་དཀའ་ངལ་དང་འགྲོ་གྲོན་གཉིས་ཀ་ཆེ་ཞིང་། ཕྱི་ཟླ་༡༢་པའི་ཚེས་༢༤་ཉིན་ཡ་ཧུ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ལོ་རབས་༩༠་བའི་མགོ་སྟོད་ནས་ཇོ་མོ་གླང་མའི་གངས་རིར་འཛེགས་ཏེ་མི་༣༠༠་ལྷག་ཤི། ད་དུང་ཡང་རི་འཛེག་པ་ཤི་བའི་ཕུ་པོ་ཁག་ཅིག་ལེན་མ་ཐུབ་པར་གངས་ཁྲོད་དུ་ལུས། མི་ཚོས་རི་འཛེག་པ་ཇེ་མང་དུ་སོང་སྟེ་གངས་རིའི་སྟེང་དུ་འཚང་ཁ་ཐེབས་ནས་མི་ལ་འཆི་སྐྱོན་འཕོག་གི་ཡོད་པ་རེད་ཅེས་འཁང་ར་བཤད། དེང་སྐབས་ཇོ་མོ་གླང་མའི་སྟེང་དུ་མི་ཤི་བའི་ཕུང་པོ་མཐོང་རྒྱུ་ཡོད་པ་ནི་རྒྱུན་ལྡན་ཞིག་ཏུ་གྱུར། གློག་བརྙན་བཟོ་སྐྲུན་པ་ས་ཡེ་ཀེ་ལིས་ངས་༢༠༡༩་ལོའི་ཕྱི་ཟླ་༥་པའི་ནང་དུ་ཇོ་མོ་གླང་མའི་སྟེང་དུ་མི་ཤི་བའི་ཕུང་པོ་ལུས་ཡོད་པ་དང་མི་སྡེབ་ཤི་བྱུང་བ། འུར་ཟིང་ཆེ་བ་དང་མི་རྣམས་རུ་བསྒྲིགས་ཏེ་གངས་རིར་འཛེག་གི་ཡོད་པ་རྣམས་མཐོང་ཐོས་བྱུང་བར་ཡིད་བྱེད་ཆེས་ཐུབ་པ་ཞིག་མ་རེད་ཅེས་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། ལོ་དེའི་དཔྱིད་ཀར་རི་འཛེག་པ་༡༡་ཤི། དེ་ནི་ཇོ་མོ་གླང་མའི་ཡང་རྩེར་འཛེགས་ཏེ་མི་ཤི་བའི་གྲངས་འབོར་མང་ཤོས་སུ་གྱུར། ༢༠༡༥་ལོའི་རི་འཛེག་དུས་སུ་ཇོ་མོ་གླང་མའི་གངས་རི་ཉིལ་ནས་མི་༡༩་བསད། ན་ནིང་དཔྱིད་ཀར་རི་འཛེག་པ་༣་ལ་སྲོག་སྐྱོན་ཕོག་ཡོད་པའི་གནས་ཚུལ་ཐོན།།

རི་འཛེག་པ་ཞིག་ཇོ་མོ་གླང་མའི་སྟེང་དུ་ཤི་ན་ཕུང་པོ་ལེན་རྒྱུ་དེར་དཀའ་ངལ་ཤིན་ཏུ་ཆེ། དཔེར་ན་ཕུང་པོ་ཞིག་ལེན་པར་ཨ་སྒོར་སྟོང་ཕྲག་མང་པོ་འགྲོ་གྲོན་གཏོང་དགོས་པ་དང་སྐབས་འགར་ཨ་སྒོར་ཁྲི་ཚོ་༧་ཡས་མས་རེ་འགྲོ་གཏོང་དགོས། དེ་བཞིན་ཕུང་པོ་ལེན་རྒྱུར་ཉེན་ཁ་ཡང་ཤིན་ཏུ་ཆེ། ༡༩༨༤་ལོར་ཇོ་མོ་གླང་མའི་སྟེང་དུ་ཕུང་པོ་ལེན་དུ་བསྐྱོད་དེ་ཤར་པ་རི་འཛེག་པ་གཉིས་ཤི། རི་འཛེག་པ་ཁག་ཅིག་གི་ཕུང་པོ་མ་བླངས་པར་གངས་རིའི་སྟེང་དུ་རང་སོར་བཞག ཤར་པ་ལྷག་པ་ནི་བུད་མེད་རི་འཛེག་པ་ཟིན་ཐོ་འཛིན་མཁན་དེ་ཡིན་ཞིང་། ཁོ་མོ་༢༠༡༨་ལོར་ཇོ་མོ་གླང་མའི་རི་རྩེར་འཛེགས་པའི་སྐབས་དེར་ལམ་དུ་མི་ཤི་ཡོད་པའི་ཕུང་པོ་༧་མཐོང་བྱུང་། རི་རྩེར་སླེབས་གྲབས་ཡོད་པའི་མཚམས་སུ་སྐྱེས་པ་ཞིག་ཤི་བའི་ཕུང་པོ་འདུག ཕུང་པོ་དེའི་མགོ་སྐྲ་རྣམས་རླུང་གིས་སྐྱོད་ཀྱི་ཡོད་པ་དང་ཕར་བལྟས་ན་གསོན་པ་ཡིན་པ་ལྟར་དུ་སྣང་བ་ངས་གསལ་པོར་དྲན་གྱིས་འདུག་ཅེས་དངོས་མཐོང་བྱུང་བ་རྣམས་གསར་འགོད་པར་བཤད། ཤར་པ་ལྷག་པའི་ཉམས་མྱོང་གིས་ཇོ་མོ་གླང་མའི་སྟེང་དུ་མི་ཤི་བའི་ཕུང་པོ་རྣམས་ལེན་མི་ཐུབ་པ་དང་འགྲོ་གྲོན་ཆེ་བ་སོགས་འཕྲོད། དེས་ན་ཇོ་མོ་གླང་མའི་སྟེང་དུ་ཤི་བའི་མིའི་ཕུང་པོ་རྣམས་མ་བླངས་པར་རང་སར་བཞག་ན་དཀའ་ངལ་དང་ཉེན་ཁ། འགྲོ་གྲོན་ཆུང་ཞེས་གསར་འགྱུར་སྤེལ་འདུག

ཡ་ཧུ་གསར་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། ཇོ་མོ་གླང་མའི་སྟེང་དུ་མི་༣༠༦་ཤི་བ་གཞི་གྲངས་སུ་འཁོད་ཡོད་པ་རྣམས་ཇི་ལྟར་ཤི་མིན་ཤེས་རྟོགས་མི་ཐུབ་མོད། འོན་ཀྱང་དེ་དག་གི་མང་ཆེ་བ་གངས་རིའི་སྟེང་ནས་འབབ་མ་ཐུབ་པར་ཤི་བ་གསལ་པོ་ཡིན་པ་དང་འགའ་ཞིག་ནི་གཏིང་ཚད་སྤྱི་ཁྲུ་༡༡༣༠་ཡས་མས་ཡོད་པའི་གངས་སྲུབས་སུ་ལྷུང་ཡོད་ཅིང་། འགའ་ཤས་ཀྱིས་གངས་རིའི་སྟེང་དུ་མི་ཚོགས་འཚང་ཁ་མེད་ན་འཆི་སྐྱོན་འབྱུང་རྒྱུ་བཟློག་ཐུབ་ཟེར། ཕྱི་ཟླ་༥་པའི་ནང་དུ་གནམ་གཤིས་དྲོད་བབ་སྟེ་རླུང་འཚུབ་འཇམ། དཔྱིད་ཀྱི་རི་འཛེག་ནམ་ཟླ་འགོ་ཚུགས་ན་མི་རྣམས་ཐག་གདང་སྦྲེལ་ནས་གངས་རིའི་སྟེང་དུ་འཁྲིད་ཀྱི་ཡོད་པ་ནི་ཉེན་ཁ་ཆེན་པོ་ཡིན་རུང་མི་རྣམས་ཇོ་མོ་གླང་མའི་རི་རྩེར་འཛེག་རྒྱུར་སྲོག་ལ་འཛེམ་གྱི་མེད་པར་མ་ཟད། གལ་སྲིད་རི་འཛེག་པ་ཞིག་འདྲེད་བརྡར་ཤོར་ན་ཐག་གདང་སྦྲེལ་ཡོད་པའི་མི་གཞན་རྣམས་དྲུད་ནས་ཆག་སྒོ་འབྱུང་། རི་འཛེག་པ་ཚོས་མི་ཊར་༨༠༠༠་ཡན་ཆད་ཀྱི་གངས་ཁྲོད་དེར་འཆི་བའི་བསྟི་གནས་ཞེས་མིང་བཏགས། མི་ཊར་༨༠༠༠་ཡན་ཆད་དུ་འཚོ་རླུང་སྲབ་པ་དང་རི་འཛེག་པ་ཇི་སྙེད་ཅིག་ལ་འཚོ་རླུང་མ་བཏང་བར་གངས་རིའི་རྩེ་མོར་འཛེག་དཀའ་བའི་གནས་ཚུལ་ཐོན་འདུག

རི་འཛེག་པ་ཚོས་ཨ་སྒོར་༢༥༠༠༠་ནས་༧༥༠༠༠་ཡས་མས་རེ་འགྲོ་གྲོན་བཏང་ནས་ཇོ་མོ་གླང་མའི་རི་རྩེར་འཛེགས། ཨར་ནེ་ཊི་ཞེས་པའི་རི་འཛེག་པ་ཞིག་གིས་ང་གངས་རི་འཛེག་ཏུ་མ་བསྐྱོད་སྔོན་ལ་ཇོ་མོ་གླང་མའི་སྟེང་དུ་ཤི་བ་ཡིན་ན་ཕུང་པོ་ལེན་མི་དགོས། ཕུང་པོ་གངས་རིའི་ཁྲོད་དུ་བཞག་ཞོག་ཅེས་ཁ་ཆེམས་ཀྱི་ཡི་གེ་བྲིས་ཏེ་ཆུང་མར་ཁ་ཆེམས་ཡིག་ཆ་དེར་མིང་རྟགས་འགོད་དུ་འཇུག་པའམ། ཡང་ན་ངའི་ཕུང་པོ་གངས་རིའི་ཁྲོད་ནས་བླངས་ཏེ་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་རྡུར་ཞུགས་འབུལ་བྱ་དགོས། དེ་མིན་ན་ཕུང་པོ་རང་ཡུལ་དུ་ལེན་དགོས་པ་སོགས་ཅི་འགབ་ལ་གྲོས་སྡུར་བྱས་ནས་སྐད་ཆ་གསལ་པོ་བཤད་ནས་འགྲོ་ཡི་ཡོད་ཅེས་བཤད། གློག་བརྙན་འཁྲབ་ཁྲིད་པ་ཇཱེ་ནི་ཧྥར་ཕི་ཌོན་གྱིས་བཟོས་པའི་རི་བོ་ཞེས་བའི་གློག་བརྙན་བསྟན་པའི་སྐབས་དེར་ནུབ་ཕྱོགས་པ་ཚོས་འཛམ་གླིང་འདིར་གནད་འགག་ཅན་གྱི་གངས་རི་གཅིག་ལས་མེད་པ་ལྟར་གྱི་འདུ་ཤེས་ཤིག་འཛིན་གྱི་འདུག ང་ཇོ་མོ་གླང་མའི་རྩེ་མོར་ཐེངས་༤་འཛེགས་པ་ཡིན། རི་རྩེར་བསླེབས་པའི་ཚོར་སྣང་ནི་བྱུང་རབས་ཀྱི་དཔེ་དེབ་ཁག་ཏུ་སྒྲོ་འདོགས་བྱས་ཡོད་པ་ལྟར་མ་རེད། རི་འཛེག་པ་ཚོར་རྩལ་སྦྱོང་གི་མྱོང་ཚོར་ཞིག་ལས་མི་འཐོབ། ཇོ་མོ་གླང་མར་མི་རྣམས་འགུགས་ཤུགས་ཁྱད་མཚར་ཞིག་འདུག ཇོ་མོ་གླང་མའི་སྟེང་དུ་མི་ཚོགས་ཅི་ཙམ་མང་ན་དེ་ཙམ་གྱིས་ཉེན་ཁ་ཆེ། ལོ་རེ་བཞིན་ཇོ་མོ་གླང་མའི་སྟེང་དུ་མི་ཚོགས་འདུ་རྒྱུ་ཇེ་མང་རེད་ཅེས་བཀྲལ།

ཉེ་ཆར་ཕྱི་ཟླ་༨་པའི་ཚེས་༡༧་ཉིན་ཊིལ་མན་གྷོ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཇོ་མོ་གླང་མའི་གངས་རི་ཉིལ་བ་དང་འཁྱག་པའི་མཆོད་རྟེན་ལྟ་བུའི་གངས་རིའི་རྩེ་མོ་རྣམས་ཆག མི་ལ་ནད་མནར་དང་འཁྱག་ཕྱིད་ཐེབས་པ། གངས་སྲུབས་སུ་ལྷུང་བ་སོགས་ཀྱི་འཆི་རྐྱེན་སྣ་ཚོགས་ཤིག་འབྱུང་གི་འདུག ཇོ་མོ་གླང་མ་ནི་འཛམ་གླིང་འདིར་གངས་རི་མཐོན་པོ་༡༤་ཡོད་པའི་གྲས་ཀྱི་གཅིག་ཡིན་ཞིང་། གངས་རི་དེར་འཛེག་རྒྱུ་དཀའ་ངལ་ཆེ་བ་དང་མིའི་ལུས་པོར་ངལ་ཚགས་ཆེ་བ། ལྷག་པར་དུ་སྙིང་དང་གློ་བོ་ལ་གནོད་ཚབས་ཆེ། ལུས་སེམས་གཉིས་ཀ་བདེ་ཐང་མིན་པའི་མི་ཞིག་ཇོ་མོ་གླང་མར་འཛེག་ཐུབ་རྒྱུ་ཁག་པོ་རེད། ༢༠༢༡་ལོའི་ཕྱི་ཟླ་དང་པོ་བར་དུ་ཇོ་མོ་གླང་མའི་རྩེ་རུ་འཛེགས་ཐུབ་མཁན་མི་༡༠༡༨༤་བྱུང་འདུག དེ་དག་གི་གྲས་ནས་མི་༥༧༣༩་ཐེངས་འགའ་ཤས་ལ་ཇོ་མོ་གླང་མའི་རྩེ་རུ་འཛེགས། གོང་གི་རི་འཛེག་པའི་ཁོངས་ནས་མི་བརྒྱ་ཆ་༣་ལ་གངས་རིའི་སྟེང་དུ་འཆི་སྐྱོན་ཕོག འདས་པོ་དེ་དག་གི་གྲས་སུ་ཚེ་དབང་དཔལ་འབྱོར་དང་སར་གྷེ། ཧྥ་རན་སེ་སི་ཨར་སེན་ཊི་ཡེབ། འཇོར་ཇཱི་མེ་ལོ་རི་དང་རོ་བྷ་ཧོལ། སི་ཀོ་ཊི་ཧྥི་ཤེར་དང་ཧ་ནེ་ལོར་ཤཱི་མ་ཛི། ཤ་རི་ཡ་ཤཱ་ཀ་ལོར་ཧྥ་ཡེན་སོགས་འཛམ་གླིང་གི་རི་འཛེག་པ་གྲགས་ཅན་རྣམས་འདུས་ཞེས་བཀོད། སྨན་པ་མཁས་པ་ཚོས་རི་འཛེག་པ་ཁག་ཅིག་ལ་རྫ་དུག་ཕོག་ནས་འཆི་ཡི་ཡོད་པ་དང་རི་འཛེག་པ་ཁག་ཅིག་ངལ་དུབ་ཀྱིས་མནར་ནས་འགུལ་མ་ཐུབ་པར་འཚོ་རླུང་ཟད། མིའི་ཀླད་པའི་ནང་དུ་འཚོ་རླུང་ཉུང་དུ་ཕྱིན་ན་ངལ་དུབ་ཆེ་རུ་འགྲོ་ཡི་རེད་ཅེས་གནས་ཚུལ་སྤེལ་འདུག

XS
SM
MD
LG