ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༢/༠༥/༢༩

ཤར་པ་ཀརྨ་སྲི་ཐར་ཇོ་མོ་གླང་མོའི་རྩེར་ཐེངས་༢༦་འཛེགས།


༄༅།། ཕྱི་ཟླ་༥་པའི་ཚེས་༨་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་བ་ལྟར་ན། བལ་ཡུལ་གྱི་ཤར་པ་ཀརྨ་སྲི་ཐར་འཛམ་གླིང་གི་གངས་རི་མཐོ་ཤོས་ཇོ་མོ་གླང་མའི་རྩེར་ཐེངས་༢༦་འཛེགས་ཏེ་ཁོ་པ་རང་གི་ཟིན་ཐོ་བརྒལ། གཟའ་སྤེན་པའི་ཉིན་ལོ་ན་༥༢་ལ་སོན་པའི་ཤར་པ་ཀརྨ་མ་སྲི་ཐར་ཚུད་པའི་ཤར་པ་བཅུ་ཐམ་པ་ཇོ་མོ་གླང་མོའི་ལྷོ་ཕྱོགས་ནས་ཡང་རྩེར་འཛེགས། བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་རྡུའི་ཡུལ་སྐོར་ལྷན་ཁང་གི་སྤྱི་ཁྱབ་འགན་འཛིན་ཏ་ར་ན་ཐ་ཨ་དྷི་ཀ་རིས་ཤར་པ་ཀརྨ་སྲི་ཐར་གྱིས་འཛམ་གླིང་ལ་ཟིན་ཐོ་གསར་པ་ཞིག་བཀོད་པ་རེད་ཅེས་བསྒྲགས། ཤར་པ་ཀརྨ་སྲི་ཐར་གྱི་ཆུང་མ་འཇང་མོས་ཀྱང་ཁྱོ་གའི་གྲུབ་འབྲས་ལ་དགའ་མོས་ཆེན་པོ་བྱུང་ཞེས་གསར་འགོད་པའི་དྲི་བར་ལན་བཏབ། ༡༩༥༣་ལོར་ནེའུ་ཛི་ལན་ཌིའི་རི་འཛེག་པ་ཨེ་ཌི་མུན་ཌི་ཧི་ལ་རི་དང་ཤར་པ་བསྟན་འཛིན་ནོར་རྒྱས་གཉིས་ཐེངས་དང་པོར་ཇོ་མོ་གླང་མའི་རྩེ་རུ་འཛེགས་ནས་བཟུང་། ཤར་པ་ཀརྨ་སྲི་ཐར་ཡང་ཨི་ཌི་མུན་ཌི་ཧི་ལ་རི་དང་ཤར་པ་བསྟན་འཛིན་ནོར་རྒྱས་གཉིས་ཀྱི་ཤུལ་ལམ་དེད་ནས་ཇོ་མོ་གླང་མའི་རྩེ་རུ་འཛེགས།།

ཨ་རིའི་རྒྱལ་ཡོངས་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཤར་པ་ཀརྨ་སྲི་ཐར་ལ་ལོ་༣༥་ལྷག་གི་རི་འཛེགས་ཀྱི་ཉམས་མྱོང་ཡོད་པར་མ་ཟད། ཁོ་པ་འཛམ་གླིང་གི་རི་འཛེག་པ་མིང་གྲགས་ཅན་ཞིག་ཀྱང་ཡིན་འདུག ཤར་པ་ཀརྨ་སྲི་ཐར་༢༠༡༨་ལོའི་ཕྱི་ཟླ་༥་པའི་ནང་དུ་ཇོ་མོ་གླང་མའི་རྩེར་ཐེངས་༢༢་པ་འཛེགས་ཏེ་འཛམ་གླིང་ལ་ཟིན་ཐོ་གསར་པ་ཞིག་བཀོད། ༢༠༡༩་ལོའི་ཕྱི་ཟླ་༥་པར་ཇོ་མོ་གླང་མའི་སྟེང་དུ་ཐེངས་༢༣་པ་འཛེགས། ཁོ་པ་ཉིན་༦་གི་རྗེས་སུ་སླར་ཡང་ཇོ་མོ་གླང་མའི་རྩེ་རུ་འཛེགས་ཏེ་ཟིན་ཐོ་ཐེངས་༢༤་བཀོད་མོད། འོན་ཀྱང་༢༠༢༠་ལོར་འཛམ་གླིང་ཡོངས་སུ་ཏོག་དབྱིབས་ནད་དུག་ཁྱབ་མེད་ཚེ། ཤར་པ་ཀརྨ་སྲི་ཐར་གྱིས་ཟིན་ཐོ་འདི་ལས་ལྷག་པ་ཞིག་འགོད་ཐུབ་ཡོད་ཤས་ཆེ། སྔ་ལོ་བལ་ཡུལ་གཞུང་གིས་རི་འཛེག་གི་དུས་ཚིགས་མགོ་ཚུགས་པའི་རྗེས་སུ་ཤར་པ་ཀརྨ་སྲི་ཐང་ཇོ་མོ་གླང་མའི་སྟེང་དུ་ཐེངས་༢༥་པ་འཛེགས། ༡༩༩༢་ལོར་ཀརྨ་སྲི་ཐར་ཇོ་མོ་གླང་མོའི་རྩེ་མོར་ཐེངས་དང་པོ་བསླེབས། ཁོ་པས་འཛམ་གླིང་གི་ཟིན་ཐོ་སྔོན་མ་རྣམས་བརྒལ་རྒྱུའི་དམའ་བཅའ་བཞག་སྟེ་ལོ་གཉིས་ཀྱི་རྗེས་སུ་གྲུབ། ཤར་པ་ཀརྨ་སྲི་ཐར་གྱི་ཨ་ཕ་ཤར་པ་མིག་དམར་ཡང་རི་འཛེག་པ་གྲགས་ཅན་ཞིག་ཡིན་ཞིང་། དུས་རབས་སྔོན་མའི་ལོ་རབས་༥༠་པ་ནས་བལ་ཡུལ་གཞུང་གིས་རྒྱལ་སྤྱིའི་གངས་འཛེག་པ་ཚོར་ཇོ་མོ་གླང་མ་སྒོ་མོ་ཕྱེ་པའི་རྗེས་སུ་ཤར་པ་མིག་དམར་རི་འཛེག་པ་དང་པོའི་གྲས་སུ་གྱུར། ཤར་པ་ཀརྨ་སྲི་ཐར་གྱིས་ལོ་༡༢་ནས་ཇོ་མོ་གླང་མའི་གངས་འབས་སུ་དོ་སྐྱེལ་བའི་གླ་གཡོག་བརྒྱུགས་ནས་རི་འཛེག་པའི་ཆེད་ལས་མགོ་ཚུགས་ཡོད་པའི་གནས་ཙུལ་ཐོན་འདུག

ད་ལོ་བལ་ཡུལ་གཞུང་གིས་ཇོ་མོ་གླང་མའི་རྩེ་རུ་འཛེགས་པའི་ཆོག་མཆན་༣༡༦་བཀོད་ཟིན་ཡོད་ཅིང་། ལོ་ལྟར་ཕྱི་ཟླ་༥་པ་ནས་སྟོན་མཇུག་བར་དུ་ཇོ་མོ་གླང་མར་འཛེག་པའི་དུས་ཚིགས་ཡིན་ཞིང་། སྔ་ལོ་བལ་ཡུལ་གཞུང་གིས་རི་འཛེག་གི་ཆོག་མཆན་༤༠༨་བཀོད། ཇོ་མོ་གླང་མའི་སྟེང་དུ་འཛེག་མཁན་ཁག་ཅིག་གངས་རྩེར་མ་སླེབས་གོང་ངམ། ཡང་ན་ཕྱིར་ལམ་གངས་སྲུབས་སུ་ལྷུང་བ་དང་གངས་རི་ཉིལ་ནས་སྲོག་སྐྱོན་འཕོག་གི་ཡོད་པའང་ཇི་སྙེད་ཅིག་འབྱུང་། ༢༠༡༩་ལོར་ཇོ་མོ་གླང་མའི་སྟེང་དུ་འཛེག་མཁན་མང་དྲགས་ཏེ་རི་འཛེག་པ་ཁག་ཅིག་ལ་སྲོག་སྐྱོན་ཕོག ༡༩༥༣་ནས་ད་ལྟའི་བར་དུ་བལ་ཡུལ་ཕྱོགས་ནས་ཇོ་མོ་གླང་མའི་སྟེང་དུ་ཐེངས་༡༠༦༥༧་འཛེགས། བོད་ཀྱི་ཕྱོགས་ནས་ཐེངས་མང་འཛེགས་ཏེ་མི་༣༡༡་ཇོ་མོ་གླང་མ་འཛེགས་ནས་སྲོག་སྐྱོན་ཕོག་པ་རེད་ཅེས་ཧི་མ་ལ་ཡའི་གཞི་གྲངས་སུ་འཁོད་འདུག

XS
SM
MD
LG