ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

༧གོང་ས་མཆོག་ལ་ཊེམ་ཕུལ་ཀྲོན་གཟེངས་རྟོགས་ཐོབ།


ཕྱི་ལོ་༢༠་༡༢་ལོའི་འཇོན་ཊེམ་ཕུལ་ཀྲོན་གཟེངས་རྟགས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་རྒྱུའི་གསལ་བསྒྲགས་སྤེལ་ཡོད་པ་དང་། དེ་རིང་ཕྱི་ཟླ་༣་ཚེས་༢༩་ཊེམ་ཕུལ་ཀྲོན་ཐེབས་རྩ་ཁང་གིས་གསར་འགོད་གསལ་བསྒྲགས་སྤེལ་ཡོད་པ་དེར་འཁོད་པ་ལྟར་ན། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་འདས་པའི་དུས་རབས་ཕྱེད་ཀ་ལྷག་ལ་འཛམ་གླིང་ཞི་བདེ་དང་ཆོས་ལུགས་མཐུན་སྒྲིལ། འགྲོ་བ་མིའི་བཟང་སྤྱོད་གོང་འཕེལ། ཚན་རིག་དང་ཆོས་ལུགས་ཀྱི་ལྟ་གྲུབ་གཉིས་མཉམ་འབྲེལ་བྱས་ཏེ། འཛམ་གླིང་འདི་ཡར་རྒྱས་གཏོང་བར་མཛད་རྗེས་ཆེན་པོ་བཞག་ཡོད་པ་དང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་འགྲོ་བ་མིའི་བསམ་བློ་བཟང་དུ་གཏོང་བའི་ཐབས་ལམ་ཞིག་བྱམས་བརྩེ་ཟེར་པ་དེ་སྦྱངས་ནས་སློབ་རྒྱུ་ཡོད་མེད་དང་། བྱམས་བརྩེ་སྦྱངས་ནས་སློབ་རྒྱུ་ཡོད་ན་འགྲོ་བ་མིའི་སྤྱི་ཚོགས་ལ་དངོས་སུ་ལག་ལེན་བསྟར་རྒྱུ་ཡོད་མེད་ལ་ཞིབ་འཇུག་ཟབ་མོ་གནང་ཡོད། འདི་ནི་ཐེབས་རྩ་ཁང་འདིའི་རྩ་འཛུགས་པ་སྐུ་ཞབས་འཇོན་ཊེམ་ཕུལ་ཀྲོན་དམ་པ་དེ་ཉིད་ཀྱི་དགོངས་བཞེད་ལའང་ཡོངས་སུ་མཐུན་ཞིང་། འཇོན་ཊེམ་ཕུལ་ཀྲོན་དམ་པ་དེ་ཉིད་ཀྱིས་ཚན་རིག་གི་ཐབས་ལམ་བརྒྱུད་ནས་ཆོས་ལུགས་ཀྱི་ལྟ་གྲུབ་དེ་རྣམས་ཡར་རྒྱས་བཏང་སྟེ། འགྲོ་བ་མིའི་སྤྱི་ཚོགས་འདི་སྔར་ལས་ལྷག་པའི་ཞི་བདེ་བག་ཕེབས་ཤིག་ལ་འགྱུར་ཐུབ་པའི་དགོངས་པ་ཟབ་མོ་བཞེས་ཡོད་ཅེས་འཁོད་ཡོད་པ་རེད།

XS
SM
MD
LG