བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལྷོ་ཨ་ཧྥི་རི་ཀར་ཆིབས་སྒྱུར་གནང་ཐུབ་མེད་ཀྱང་། གཟའ་པ་སངས་ཉིན་༧གོང་ས་མཆོག་གིས་བརྙན་འཕྲིན་བརྒྱུད་ནས་ལྷོ་ཨ་ཧྥི་རི་ཀའི་ཆོས་དཔོན་ཆེན་མོ་ཌེ་སི་མན་ཐུ་ཐུ་དགུང་ལོ་༨༠་ཐམ་པར་ཕེབས་པའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པ་དང་། ༧གོང་ས་མཆོག་གིས་སྐུ་ཉིད་བགྲེས་ཡོལ་ལ་ཕེབས་ནས་བཟུང་། འཛམ་གླིང་གི་ཎོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་མང་པོ་ཞིག་ལྷན་འཛོམས་ཐེངས་འགའ་བྱས་པ་དང་། སྐུ་ཉིད་ལྷན་འཛོམས་དེ་དག་གི་གྲས་སུ་ཕེབས་མེད་པ་དེར་ང་ལ་རྟག་ཏུ་རླབས་ཆེན་གྱི་སྐྱེ་བུ་ཞིག་ཚང་མེད་པའི་ཚོར་བ་ཞིག་ཡོང་གི་ཡོད། ངས་དུས་ཡུན་རིང་པོ་ཞིག་ནས་སྐུ་ཉིད་ཀྱི་འཁྲུངས་སྐར་དུས་ཆེན་སྐབས་སུ་ང་ཚོ་དངོས་སུ་མཇལ་འཛོམས་ཐུབ་པའི་རེ་སྒུག་བྱས་པ་དང་། ངས་ཁེ་ཉིན་བར་དུ་རེ་སྒུག་བྱས་ནས་ལྡི་ལི་གསར་པར་བཅའ་སྡོད་ངའི་སྐུ་ཚབ་ལྷོ་ཨ་ཧྥི་རི་ཀའི་གཞུང་ཚབ་ཁང་ལ་དངོས་སུ་བཅར་ནའང་། ཁོང་ཚོས་ང་ལ་ཐོངས་མཆན་སྤྲོད་རྒྱུ་ཡིན་མིན་གྱི་བརྡ་ལན་གང་ཡང་སྤྲོད་ཀྱི་མེད་པ་དང་། དེར་བརྟེན་ངས་ལྷོ་ཨ་ཧྥི་རི་ཀའི་གཞུང་ལ་ཐོངས་མཆན་སྤྲོད་རྒྱུ་སྟབས་མ་བདེ་ཞིག་ཡོད་པ་འདྲ་སྙམ་སྟེ་ཐེངས་འདིའི་ཆིབས་སྒྱུར་ཕྱིར་འཐེན་བྱས་པ་ཡིན། ང་ད་ཐེངས་ཀྱི་གོ་སྐབས་བརྒྱུད་ནས་སྲིད་འཛིན་ཟུར་པ་ཎེལ་སེན་མན་ཌ་ལའང་མཇལ་འདོད་ཡོད་པ་མ་གྲུབ་པ་དེར་བློ་ཕམ་ཆེན་པོ་ཡོད། ཁོང་དགུང་ལོ་བགྲེས་པོ་དང་མ་འོང་པར་ང་ཚོ་མཇལ་འཕྲད་ཐུབ་བྱེད་རྒྱུ་མིན་ཡང་ཐེ་ཚོམ་ཡིན། རྩ་བའི་མཆེད་གྲོགས་ཐུ་ཐུ་གང་ཉིད་དགུང་ལོ་༨༠་ཐམ་པར་ཕེབས་ནའང་། སྐུ་ཉིད་ཀྱི་ལྟ་བ་དང་བཟང་སྤྱོད་ཀྱི་རྩ་དོན་བརྟན་པོ་བཟུང་ནས་དུས་དང་རྣམ་པ་ཀུན་ཏུ་བྱམས་བརྩེ་དང་ཞི་བདེ། འཚེ་བ་མེད་པའི་ལྟ་གྲུབ་ཅིག་དར་སྤེལ་གཏོང་བཞིན་ཡོད། ངས་སླར་ཡང་ང་ཚོ་མཇལ་འཛོམས་ཡོང་བའི་རེ་བ་འཆང་བ་དང་ཆབས་ཅིག སྐུ་ཉིད་དགུང་ལོ་༨༠་ཐམ་པར་ཕེབས་པའི་འཁྲུངས་སྐར་ཉིན་དཀར་གཙང་གི་ཁ་བཏགས་འདི་དང་། ལག་གཉིས་ཐལ་མོ་སྦྱར་ནས་སྐུ་ཉིད་ཀྱི་འཁྲུངས་སྐར་སྤྲོ་བོ་ཡོང་བར་ཤོག་ཅེས་འཚམས་འདྲི་ཞུ་རྒྱུ་ཡིན། ཧ་ཅང་ཕངས་པ་ཞིག་ལ་འཛམ་གླིང་འདིར་སྐུ་ཉིད་ལྟ་བུའི་སྐྱེ་འགྲོ་ཡོངས་ལ་རེ་བ་སྟེར་ཐུབ་པའི་རླབས་ཆེན་གྱི་སྐྱེ་བུ་དེ་འདྲ་དཀོན་ཞིང་་། ངས་རྒྱུན་དུ་ང་ཚོའི་མི་རབས་འདི་དུས་རབས་༢༠་བའི་མི་རབས་ཡིན་ཞེས་འགྲེལ་བཤད་རྒྱག་བཞིན་ཡོད། ང་ཚོའི་དུས་རབས་དེ་རྫོགས་ཚར་པ་དང་ང་ཚོ་ཡང་ལོ་ན་རྒས་བཞིན་ཡོད། འོན་ཀྱང་སྐུ་ཉིད་ལྟ་བུའི་སྐྱེ་བུ་ཞིག་གིས་དུས་རབས་༢༡་པ་འདི་ལའང་ཤུགས་རྐྱེན་བཟང་པོ་ཞིག་ཐེབས་ཐུབ་པ་མ་ཟད། ངས་ཀྱང་དུས་རབས་༢༡་པ་འདི་ཞི་བདེ་དང་གྲོས་མོལ། བྱམས་བརྩེ་དང་འགྲོ་བ་མི་ལ་བརྩེ་སེམས་ལྡན་པའི་དུས་རབས་ཤིག་ཡིན་དགོས་ཞེས་ནན་བརྗོད་བྱེད་བཞིན་ཡོད། སྐུ་ཉིད་ཀྱིས་སྔོན་ཆད་དངོས་སུ་མྱོང་ཉམས་མྱོང་བརྒྱུད་ནས་མི་ལ་མདུན་ལམ་ཡང་དག་པ་ཞིག་སྟོན་གྱི་ཡོད་པ་དང་། མཐའ་མ་དེར་་ཆེད་གྲོགས་གང་ཉིད་ཀྱི་སྐུ་གཟུགས་ལ་ཐུགས་བཅགས་དང་སྐུ་ཚེ་ཡུན་རིང་འཚོ་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།