ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

༧གོང་ས་མཆོག་གིས་ཨུ་རུ་སུའི་སློབ་ཕྲུག་ཚོར་བཀའ་སློབ་སྩལ་བ།


༄༅།། ཨུ་རུ་སུའི་མཐོ་སློབ་ཁག་ལྔས་ཇི་ལྟར་གསོལ་བ་བཏབ་བཞིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་འགྱུར་ལྡོག་གི་དུས་སྐབས་ཀྱི་ང་ཚོའི་འཛམ་གླིང་ཞེས་པའི་བརྗོད་གཞིའི་ཐོག་ཏུ་བཀའ་སློབ་དང་དྲི་བ་དྲིས་ལན་གྱི་མཛད་རིམ་ཞིག་བསྐྱངས་ཡོད་ཅིང་། སྐབས་དེར་མོ་སི་ཀོ་མངའ་སྡེའི་གཙུག་ལག་སློབ་གྲྭའི་རིགས་རྫས་དཔྱད་ཞིབ་རིག་པའི་སློབ་དཔོན་ཎིཀ་ཡན་ཀོབ་སི་ཀིས་ལས་རིམ་མཚམས་སྦྱོར་དང་ཁོང་ཕྱི་ལོ་༢༠༡༧་དང་༡༨་ལོ་༧གོང་ས་མཆོག་གི་ལྷན་དུ་ཚན་རིག་དང་ནང་ཆོས་ཀྱི་བགྲོ་གླེང་ལ་མཉམ་ཞུགས་བྱུང་བ། ཁོང་ཚན་རིག་པ་ཞིག་ལ་ལས་དོན་སྒྲུབ་ཕྱོགས་དང་འཛམ་གླིང་ལ་ལྟ་སྟངས་གསར་པ་ཞིག་ཐོབ་ཚུལ། ༧གོང་ས་མཆོག་གིས་ཚན་རིག་ལ་བཟང་སྤྱོད་སྦྱར་ནས་དཀའ་ངལ་སེལ་དགོས་པའི་ལམ་སྟོན་གནང་བ་སོགས་ཀྱིས་ཕན་ཐོགས་ཧ་ཅང་ཆེན་པོ་བྱུང་སོང་ཞེས་སྙན་གསེང་ཞུས་པར་མ་ཟད། དེ་རིང་གི་ལས་རིམ་དེར་ཨུ་རུ་སུའི་མངའ་སྡེ་འདྲ་མིན་ལྔའི་གཙུག་ལག་སློབ་གྲྭའི་སློབ་ཕྲུག་ཚོ་མཉམ་ཞུགས་བྱས་འདུག

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རབས་༢༡་པ་འདིར་འགྲོ་བ་མི་ཐེར་འབུམ་བདུན་ཡོད་པ་ཐམས་ཅད་ཀྱིས་འགྲོ་བ་མིའི་གཅིག་གྱུར་དང་ཁྱིམ་ཚང་ཆེན་པོ་ཞིག་གི་བཟའ་མིའི་འདུ་ཤེས་འཛིན་དགོས། ཨུ་རུ་སུ་ལྟ་བུའི་མནའ་འབྲེལ་འདྲ་མིན་ཡོད་པའི་རྒྱལ་ཁབ་ཅིག་གིས་འཛམ་གླིང་གི་ཡར་རྒྱས་གོང་འཕེལ་ལ་འབད་བརྩོན་བྱེད་ན་ནུས་ཤུགས་ཆེན་པོ་འཐོན་རྒྱུ་རེད་ཅེས་བཀའ་སློབ་གནང་སོང་། མོ་སི་ཀོ་མངའ་སྡེའི་གཙུག་ལག་སློབ་གྲྭ་དང་སན་ཊི་ཕི་ཊར་སི་བྷག་མངའ་སྡེའི་གཙུག་ལག་སློབ་གྲྭ ཀལ་མུག་སྤྱི་མཐུན་མངའ་ཁུལ་གྱི་གཙུག་ལག་སློབ་གྲྭ། བྷུ་རི་ཡ་ཐེ་སྤྱི་མཐུན་མངའ་ཁུལ་གྱི་གཙུག་ལག་སློབ་གྲྭ དེ་བཞིན་ཐུ་ཝྭ་སྤྱི་མཐུན་མངའ་ཁུལ་གྱི་གཙུག་ལག་སློབ་གྲྭ་བཅས་ཀྱི་སློབ་ཕྲུག་ཚོས་ཏོག་དབྱིབས་ནད་དུག་ལྟ་བུའི་ནད་ཡམས་སྐབས་སུ་གཞན་ལ་རོགས་རམ་བྱ་རྒྱུ་དང་རང་ཉིད་ཀྱི་ཚེ་སྲོག་ལ་ཉེན་ཁ་ཡོད་བཞིན་དུ་སྙིང་རྗེའི་ཉམས་ལེན་བྱེད་དགོས་ཀྱི་ཡོད་མེད། དད་པ་དང་རྨོངས་དད་ལ་ཁྱད་པར་ཅི་ཡོད། དོན་དམ་གྱི་མཛེས་སྡུག་ཅེས་པ་གང་ལ་ངོས་འཛིན་བྱེད་དགོས་མིན། ནང་པ་སངས་རྒྱས་པའི་ཆོས་དེ་ཚན་རིག་ལ་ངོས་འཛིན་ཞུ་ཕྱོགས། འཕྲུལ་རིག་དང་སེམས་ཁམས་ཀྱི་ཡོན་ཏན་གོང་འཕེལ་གཏོང་ཕྱོགས་གཉིས་ལ་འགལ་ཟླ་ཡོད་མེད་བཅས་ལ་བཀའ་འདྲི་ཞུས་སོང་།།

༧གོང་ས་མཆོག་གིས་འཕྲུལ་རིགས་ལ་རང་སྟོབས་ཀྱིས་བསམ་བློ་གཏོང་ཐུབ་པའི་ནུས་པ་སོགས་མེད། ཐམས་ཅད་མིས་བཀོལ་སྤྱོད་བྱེད་ཀྱི་ཡོད་པས་ང་ཚོ་མིས་འཕྲུལ་རིགས་ཤིག་གཞན་ཕན་གྱི་ཆེད་དུ་བྱམས་པ་དང་སྙིང་རྗེའི་བློ་ཞིག་བཅངས་ནས་བེད་སྤྱོད་བྱས་ན་འཕྲུལ་རིགས་དེ་བཟང་ཕྱོགས་ལ་བཀོལ་རྒྱུ་ཡོད་པ་ཞིག་རེད། སང་ཉིན་དེར་ཉོན་མོངས་པའི་བློ་ཞིག་བཅངས་ནས་འཕྲུལ་རིགས་དེ་གཞན་ལ་གནོད་འཚེའི་ཆེད་དུ་བེད་སྤྱོད་བྱས་ན་འཕྲུལ་རིགས་ཀྱང་གནོད་འཚེའི་ལས་སུ་བཀོལ་སྤྱོད་བྱེད་ཐུབ། ཚན་རིག་སོགས་ཀྱིས་སྤྱི་ཚོགས་ལ་བཟང་ཕྱོགས་ཀྱི་འགྱུར་ལྡོག་གཏོང་བར་འཕྲུལ་རིགས་བེད་སྤྱོད་བྱེད་མཁན་གྱི་བསམ་བློ་བཟང་པོ་ཞིག་ཡོད་དགོས། ལུས་ཀྱི་འཕྲོད་བསྟེན་ལ་དོ་སྣང་བྱེད་ཀྱི་ཡོད་པ་ཇི་བཞིན་སེམས་ཀྱི་ཞི་བདེ་དང་བྱམས་པ་གོང་འཕེལ་གཏོང་བར་སེམས་ཁམས་ཀྱི་འཕྲོད་བསྟེན་ལ་དམིགས་བསལ་གྱིས་དོ་སྣང་བྱེད་གལ་ཆེ་ཞེས་བཀའ་ལན་སྩལ།།

༧གོང་ས་མཆོག་གིས་ནང་པ་སངས་རྒྱས་པའི་ཆོས་ལུགས་ནི་ལོ་ངོ་སྟོང་ཕྲག་གཉིས་ལྷག་གོང་དུ་དར་སྤེལ་བྱུང་བའི་ཆོས་ཤིག་རེད། རྒྱ་གར་གྱི་མཁས་པ་ཚོའི་བཀའ་དྲིན་ལ་བརྟེན་ནས་བོད་ལ་དུས་རབས་༧་པ་དང་༨་ནས་ནང་ཆོས་དར་སྤེལ་བྱུང་ཞིང་། ནང་ཆོས་ནི་རྒྱུ་མཚན་ལ་གཞི་བཅོལ་བའི་རིག་པ་ཞིག་ཡིན་པས་ད་ལྟའི་དུས་སྐབས་སུ་ཀླད་ཁམས་ཚན་རིག་པ་ཁག་ཅིག་གིས་ཀླད་རྩའི་ཚན་རིག་འགྲེལ་བཤད་བསྐྱོན་མི་ཐུབ་པའི་གནད་དོན་ཐུགས་དམ་ལྟ་བུར་ཐུགས་སྣང་གནང་ས་ཞིག་ཏུ་གྱུར་འདུག གཙོ་བོ་མིའི་སེམས་ཁམས་དང་ཤེས་པ་འབྲེལ་བ་ཡོད་པ་ནང་པའི་གཞུང་དུ་གཏིང་ཟབ་གསུངས་ཡོད་པ་རྣམས་ཚན་རིག་ལ་ཕན་ཐོག་ཆེན་པོ་འདུག་ཅེས་གསུངས།

ཨུ་རུ་སུའི་སློབ་མ་ཚོས་འཛམ་གླིང་འདིར་ད་ཕྲུག་ཚོས་མྱོང་བཞིན་པའི་དཀའ་སྡུག་དེ་སོ་སོའི་ལས་འབྲས་རེད་ཅེས་འཇོག་དགོས་ཀྱི་ཡོད་མེད་དང་ནང་པའི་གཞུང་དུ་གསུངས་པའི་སངས་རྒྱས་ཀྱི་གོ་འཕང་ཟེར་བའི་གོ་དོན། ད་ལྟའི་དུས་སུ་འཛིན་གྲྭ་དང་ཆོས་འབྲེལ་ཆ་ཚང་དྲྭ་ཐོག་ཏུ་འཚོགས་དགོས་པས་མི་ཕན་ཚུན་ཐུགས་འཕྲད་བྱ་རྒྱུར་དགེ་ཚན་ཡོད་མེད། དེ་བཞིན་བུད་མེད་ཚོ་ཆོས་ཕྱོགས་ལ་དོ་སྣང་ཆེ་བ་ཡོད་པའི་རྒྱུ་མཚན་སོགས་ལ་དོགས་གཅོད་ཞུས་པར་༧གོང་ས་མཆོག་གིས་ཐུགས་བརྩེ་བ་ཆེན་པོས་བཀའ་ལན་གནང་སྟེ་ཨུ་རུ་སུའི་ས་ཁུལ་མང་པོ་ཞིག་ནང་པའི་ས་ཁུལ་ཡིན་པས་འདོན་པ་འདོན་རྒྱུ་གཅིག་པུ་ནང་པའི་ཉམས་ལེན་ལ་ངོས་འཛིན་བྱས་ན་འགྲིག་ཐབས་མེད། དེ་ལས་ལྷག་པར་ཚན་རིག་པ་ཚོས་དོ་སྣང་བྱ་ཡུལ་ནང་པའི་གཞུང་དག་ལ་ཐོས་བསམ་སྒོམ་གསུམ་གྱི་ཉམས་ལེན་ཐུབ་ཐབས་བྱ་དགོས་ཞེས་ལམ་སྟོན་གནང་ཡོད་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG