ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ལྕམ་ཀ་པི་ལཱ་ནི་བོད་མི་དམངས་ཀྱི་བློས་ཐུབ་གྲོགས་པོ་ཡིན་ཞེས་གསུངས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ལྕམ་ཀ་པི་ལཱ་ནི་བོད་མི་དམངས་ཀྱི་བློས་ཐུབ་གྲོགས་པོ་ཡིན་ཞེས་གསུངས།

༄༅།། བོད་དོན་རྒྱབ་སྐྱོར་བ་དང་བོད་བརྒྱུད་ནང་བསྟན་གཅེས་འཛིན་པ་སྟེ། རྒྱ་གར་གྱི་མཁས་པ་རྒན་གྲས་ལྕམ་ཀ་པི་ལཱ་ཝྭ་ཏ་སི་ཡ་ཡན་རེས་གཟའ་ལྷག་པའི་ཉིན་དགུང་ལོ་༩༢་སྟེང་དུ་རྒྱལ་ས་ལྡི་ལིའི་རང་ཁྱིམ་དུ་སྐུ་ཚེའི་འཕེན་པ་རྫོགས་པའི་གནས་ཚུལ་ཐོན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དམ་པ་དེ་ཉིད་ནི་བོད་མི་དམངས་ཀྱི་བློས་ཐུབ་གྲོགས་པོ་ཞིག་ཡིན། ཁོང་གི་སྐུ་ཚེ་མ་ཟིན་པ་ནི་ཧ་ཅང་གི་ཕངས་པོ་ཞིག་རེད་ཅེས་ཤུལ་ལུས་བཟའ་མི་ཚོར་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་འདུག

༧གོང་ས་མཆོག་གི་ཐུགས་གསོའི་གསུང་འཕྲིན་དེར་ལྕམ་ཀ་པི་ལཱ་ཝྭ་ཏ་སི་ཡ་ཡན་དམ་པ་དེ་ཉིད་ཀྱིས་ངོས་དང་བོད་པ་ཚོར་ཨ་མ་ལྟར་བྱམས་ཀྱིས་བསྐྱངས་པར་ང་ཚོས་དམ་པ་དེར་ཨ་མ་ལགས་ཞེས་འབོད་ཀྱི་ཡོད། ཁོང་འཚོ་བཞུགས་དུས་སུ་བོད་བརྒྱུད་ནང་བསྟན་སྲུང་སྐྱོབ་དང་མི་ཉམས་རྒྱུན་འཛིན་ཡོང་སླད་དམིགས་བསལ་གྱི་ཐུགས་སྣང་དང་འགན་ཁུར་བཞེས་ཡོད་པར་མ་ཟད། དེ་སྔ་ལོ་རབས་༧༠་ནང་དུ་རྒྱ་གར་གཞུང་གི་རིག་གཞུང་ལྷན་ཁང་གི་དྲུང་ཆེ་སོགས་ཀྱི་ཐུགས་འགན་བཞེས་པའི་སྐབས་སུ་ཝ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གསར་འཛུགས་ལ་དམིགས་བསལ་གྱི་ཐུགས་འགན་ཆེན་པོ་བཞེས་ཡོད་ཅིང་། ཁོང་རྒན་ཡོལ་ལ་མ་ཕེབས་བར་ཤེས་ཡོན་གྱི་ལྟེ་གནས་ཁང་དེའི་འགན་འཛིན་ལྷན་ཚོགས་སུ་ཞུགས་ཏེ་སྐུ་ལས་ཆེན་པོ་བསྐྱོན་ཡོད། དམ་པ་དེ་ཉིད་སྐུ་འཚོ་བཞུགས་དུས་སུ་བོད་པ་དང་བོད་དོན་ལ་རྒྱབ་སྐྱོར་གནང་སྟེ་བཀའ་དྲིན་ཆེན་པོ་ཡིན་ཞེས་བཀོད།།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེས་དམ་པ་དེ་ཉིད་ཀྱི་བཀའ་དྲིན་རྗེས་སུ་དྲན་པ་དང་སྦྲགས། ཁོང་གི་སྐུ་ཡོན་ལ་ཆེ་བསྟོད་དང་དེ་སྔ་གཞུང་གི་ལས་འགན་འདྲ་མིན་འགན་བཞེས་གནང་བའི་རིང་ལ་བོད་ཀྱི་རིག་གཞུང་མི་ཉམས་རྒྱུན་འཛིན་ཡོང་སླད་དམིགས་བསལ་གྱི་ཐུགས་ཁུར་བཞེས་ནས་བོད་དོན་རྒྱབ་སྐྱོར་བ་གལ་གནད་ཅན་ཞིག་རེད་ཅེས་ཆེ་བསྟོད་ཞུས། ཝ་ཎ་དབུས་
བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་རིགས་བདག་དགེ་བཤེས་ངག་དབང་བསམ་གཏན་གྱིས་དམ་པ་དེ་ཉིད་ལ་མྱ་ངན་དང་རྗེས་དྲན། ཁོང་ནི་གཙུག་ལག་སློབ་གཉེར་ཁང་དེའི་ཕྱིའི་བཀོད་པ་དང་ནང་གི་སློབ་གཉེར་ཡག་པོ་ཡོང་ཆེད་ཕྱི་ནང་གསང་གསུམ་དུ་སྐུ་ལས་བསྐྱོན་མཁན་གྱི་རླབས་ཆེན་མི་སྣ་ཞིག་རེད་ཅེས་བཀྲལ།།

དེང་སྐབས་ཏོག་དབྱིབས་ནད་དུག་གིས་རྒྱ་གར་རྒྱལ་ཡོངས་སུ་རྗེས་དྲན་གྱི་བྱེད་སྒོ་ཁག་སྤེལ་ཐུབ་ཀྱི་མེད་ཀྱང་ཝ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གིས་མ་འོངས་པར་ལྕམ་ཀ་པི་ལཱ་ཝྭ་ཏ་སི་ཡ་ཡན་རྗེས་དྲན་གྱི་གསུང་བཤད་དང་བགྲོ་གླེང་གི་ལས་རིམ་སོགས་གོ་སྒྲིག་ཞུ་འཆར་འདུག ལྕམ་ཀ་པི་ལཱ་ཝྭ་ཏ་སི་ཡ་ཡན་ནི་རྒྱ་གར་གྱི་གནའ་རབས་ཞབས་བྲོའི་རིག་གཞུང་དང་སྒྱུ་རྩལ་ལ་མཁས་པའི་མཚན་གནས་ཡོད་མཁན་ཞིག་ཡིན་ཞིང་། ཁོང་གིས་སྔོན་ཆད་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་དང་རིག་གཞུང་ལྷན་ཁང་གི་དྲུང་ཆེ་སོགས་གཞུང་དང་ཆབ་སྲིད་ཀྱི་ལས་གནས་འདྲ་མིན་ཞིག་བཞེས་མྱོང་མཁན་ཡོད་པའི་མཁས་པའི་གྲས་ཤིག་ཡིན་པས་༢༠༡༡་ལོར་རྒྱ་གར་གྱི་པདྨ་ཝྭིབ་ཧུ་ཤན་གཟེངས་རྟགས་ཕུལ་ཡོད་པའི་སྐོར། ལྡི་ལི་ནས་འདི་གའི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

XS
SM
MD
LG