ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༥/༠༨

བཙན་གཡེམ་དང་རྩུབ་སྤྱོད་འགོག་ཐབས་ཀྱི་ཟབ་སྦྱོང་།


༄༅།། བོད་མིའི་སྒྲིག་འཛུགས་ཀྱི་བུད་མེད་ནུས་སྟོབས་གོང་འཕེལ་ཚན་པས་རྒྱ་གར་ལྷོ་ཕྱོགས་གཞིས་ཆགས་ཁག་ཏུ་བཙན་གཡེམ་དང་རྩུབ་སྤྱོད་འགོག་ཐབས་ཚོགས་ཆུང་གསར་འཛུགས་དང་ཟབ་སྦྱོང་ཐེངས་དང་པོ་སྤྲོད་བཞིན་ཡོད་ཅིང་། ཉེ་ལམ་ཕྱི་ཟླ་༤་པའི་ཚེས་༡༢་ནས་སྦེལ་ཀོབ་གཞིས་ཆགས་གཉིས་ཀྱི་སློབ་དགེ་སོགས་སྡེ་ཚན་ཁག་གི་ལས་ཀྱི་སྣེ་མོ་བ་དང་གསར་དུ་བཙུགས་པའི་ཞུ་གཏུགས་ཚོགས་ཆུང་གི་ཚོགས་མི་ཚོར་ཟབ་སྦྱོང་སྤྲོད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག བུད་མེད་ནུས་སྟོབས་ཚན་པའི་འགན་འཛིན་ཚེ་རིང་སྐྱིད་ཀྱིས་དེ་སྔོན་བཙན་གཡེམ་དང་རྩུབ་སྤྱོད་འགོག་ཐབས་ཀྱི་ཞུ་གཏུག་ཚན་པར་ཞུ་གཏུག་གི་འབྲེལ་བ་བྱེད་མཁན་མི་༥༣་བྱུང་བའི་ཁོངས་ནས་༤༠་ལྷག་བཙན་གཡེམ་དང་རྩུབ་སྤྱོད་ཀྱི་གནད་དོན་རེད། ང་ཚོས་བོད་པ་༡༥༠༠་མ་ཟིན་ཙམ་གྱི་བསམ་ཚུལ་བསྡུས་པའི་ཞིབ་འཇུག་སྙན་ཐོ་ཞིག་འདོན་འཆར་ཡོད། སྙན་ཐོ་དེར་མི་བརྒྱ་ཆ་༤༩་ཙམ་གྱིས་བོད་པའི་སྤྱི་ཚོགས་སུ་གནད་དོན་དེ་འབྱུང་གི་ཡོད་པ་གསལ་བསྟན་བྱས་ཤིང་། མི་བརྒྱ་ཆ་༥༦་གིས་བོད་པའི་སྤྱི་ཚོགས་སུ་གནད་དོན་དེ་ཚོ་སྦས་གསང་བྱེད་ཀྱི་འདུག་ཅེས་གསལ་སྟོན་བྱས་འདུག

བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་རང་ལ་མིང་ཤས་ཡོང་བར་སྐྲག་སྟེ་གནད་དོན་དེ་ཚོ་སྦས་གསང་བྱེད་ཀྱི་ཡོད་པ་ནི་རྗེས་ལུས་ཀྱི་བསམ་བློ་གཏོང་སྟངས་ཡིན་པས་དེ་ལ་འགྱུར་བཅོས་བཏང་སྟེ་ཁྲིམས་ལུགས་གཞིར་བཞག་ཐག་གཅོད་བྱེད་ན་དཀའ་ངལ་སེལ་ཐུབ་པར་མ་ཟད། གཞན་ལ་མིག་དཔེ་བཟང་པོ་སྟོན་ཐུབ་པའི་དགེ་མཚན་འདུག་ཅེས་བཀྲལ། སྦེལ་ཀོབ་ཁུལ་གྱི་ཞུ་གཏུག་ཚན་པའི་ཚོགས་མི་སྤྱི་མི་ཟུར་པ་རྣམ་རྒྱལ་བཟོད་པས་སྦེལ་ཀོབ་གཞིས་ཆགས་སུ་གནད་དོན་དེ་འདྲ་ཡོད་པ་ཤེས་རྟོགས་བྱུང་སོང་། ངས་དེ་དག་ལ་གང་ཐུབ་ཀྱིས་རོགས་རམ་བྱ་རྒྱུའི་འདུན་པ་འཆང་ཡོད་ཅེས་བཤད་འདུག

ས་གནས་ཞུ་གཏུག་ཚོགས་ཆུང་ནས་བཙན་གཡེམ་རྩུབ་སྤྱོད་རྣམས་ཐད་ཀར་ཉེན་རྟོག་པར་རྩིས་སྤྲོད་དང་ཡུལ་ཁྲིམས་ལྟར་ཐག་གཅོད་བྱ་དགོས་པའི་རོགས་རམ་བྱེད་ཀྱི་ཡོད། ད་དུང་དུས་སྐབས་དང་འཚམས་པའི་ཐབས་ལམ་གཞན་པའང་འཚོལ་དགོས་ཞེས་བསྟན། བོད་པ་བཙན་བྱོལ་བའི་སྤྱི་ཚོགས་སུ་བཙན་གཡེམ་དང་རྩུབ་སྤྱོད་ཀྱི་གནད་དོན་ཐད་ཕྱི་ལོ་༢༠༡༩་ལོའི་བོད་མིང་མང་སྤྱི་འཐུས་གྲོས་ཚོགས་དང་ཉེ་ཆར་སྐབས་བཅུ་བདུན་པའི་གྲོས་ཚོགས་སུ་གླེང་སློང་ཤུགས་ཆེན་བྱུང་སྟེ་བོད་མིའི་སྒྲིག་འཛུགས་ནས་ད་ལོ་བུད་མེད་ནུས་སྟོབས་གོང་འཕེལ་ཚན་པའི་བཙན་དབང་དང་རྩུབ་སྤྱོད་འགོག་ཐབས་ཀྱི་ལས་གཞིའི་དོན་དུ་ཧིན་སྒོར་ས་ཡ་ལྔ་སྤར་དགོས་ཞེས་གྲོས་ཚོགས་ཀྱིས་ཆོག་མཆན་བཀོད།། སྤྱིར་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་བཙན་གཡེམ་དང་རྩུབ་སྤྱོད་འགོག་ཐབས་ཚན་པ་ནི་བོད་ཀྱི་བུད་མེད་ནུས་སྟོབས་གོང་འཕེལ་ཚན་པ་དང་རོགས་པའི་བདེ་ལམ་ཟུང་འབྲེལ་གྱིས་བཙུགས་ཏེ་ལོ་༤་ཕྱིན་འདུག དེ་སྔ་རྒྱ་གར་བྱང་ཕྱོགས་ས་ཁུལ་ཀུ་ལུ་མ་ན་ལི་དང་ཌ་ལ་ཧོ་སི། སིམ་ལ་དང་སྦིར་གཞིས་ཆགས། ཅོན་ཏ་ར་བཅས་སུ་ཚོགས་ཆུང་གསར་འཛུགས་དང་ཟབ་སྦྱོང་སྤྲད་ཟིན་པས་ད་ལྟ་རྒྱ་གར་ལྷོ་ཕྱོགས་ཀྱི་གཞིས་ཆགས་ཁག་དང་ཌེ་ར་དུན། ལ་དྭགས་བཅས་ལ་རིམ་བཞིན་ཚོགས་ཆུང་གསར་འཛུགས་དང་གོ་རྟོགས་སྤེལ་ཐབས་ཀྱི་ཟབ་སྦྱོང་སྤྲོད་འཆར་ཡོད་པ་བཅས་ཀྱི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG