ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ནང་སོག་གི་སྐད་ཡིག་ཐོབ་ཐང་ལས་འགུལ་ལ་དྲག་གནོན་བྱོས་ཟེར། 


༢༠༢༠།༩།༡༥ ཉིན་སོག་པོའི་རྒྱལ་སར་ནང་སོག་ཏུ་སོག་སྐད་ལ་དམ་དྲག་གི་སྲིད་ཇུས་སྤེལ་བར་ངོ་རྒོལ་བྱས་པ།
༢༠༢༠།༩།༡༥ ཉིན་སོག་པོའི་རྒྱལ་སར་ནང་སོག་ཏུ་སོག་སྐད་ལ་དམ་དྲག་གི་སྲིད་ཇུས་སྤེལ་བར་ངོ་རྒོལ་བྱས་པ།

༄༅།། ཞིས་ཅིན་ཕིང་གིས་གྲངས་ཉུང་མི་རིགས་རྣམས་རྒྱ་ནག་དང་རྒྱ་མི་རིགས་ལ་ནམ་ཡང་ཁ་འབྲལ་དུ་འགྲོ་རུ་འཇུག་མི་ཉན། ནང་སོག་གི་འགོ་ཁྲིད་ཚོས་ངེས་པར་དུ་མི་རིགས་འཐེན་འཁྱེར་གྱི་དཀའ་ངལ་རྣམས་སེལ་ནས་རྒྱ་ཡིག་རྒྱ་སྐད་སློབ་དགོས། སོག་པོ་ཚོས་སྐད་ཡིག་གི་ཐོབ་ཐང་བརྩད་ནས་གྱེན་ལོག་བྱེད་ཀྱི་ཡོད་པར་དྲག་གནོན་བྱ་དགོས་ཞེས་བསྒྲགས། ན་ནིང་ཕྱི་ཟླ་༩་པ་ནས་རྒྱ་ནག་གཞུང་གིས་ནང་སོག་ལ་རྒྱ་ཡིག་རྒྱ་སྐད་བསླབས་ནས་སོག་ཡིག་སློབ་ཁྲིད་བྱ་རྒྱུ་མིན་པའི་ཐག་བཅད་ནས་བཟུང་། སོག་པོ་ཚོས་འཛམ་གླིང་ཡུལ་གྲུ་གང་སར་རྒྱ་གཞུང་གི་སྲིད་ཇུས་དེར་ངོ་རྒོལ་བྱེད་ཀྱི་ཡོད་པ་དང་ཕ་མ་ཚོས་རང་གི་བུ་ཕྲུག་རྣམས་སློབ་གྲྭར་མ་བཏང་བར་སོག་སྐད་ཀྱི་ཐོབ་ཐང་རྩོད་ལེན། རྒྱ་ནག་གཞུང་གིས་སོག་པོའི་ཤེས་ཡོན་ཅན་དང་དགེ་རྒན། ཕ་མ་དང་ལས་བྱེད་པ་སོགས་ངོ་རྒོལ་ལས་འགུལ་ཁག་ལ་ཞུགས་མཁན་སྟོང་ཕྲག་མང་པོ་འཛིན་བཟུང་དང་སློབ་གྲྭའི་མཐའ་འཁོར་དུ་དམག་གི་མཚོན་ལྡན་རླངས་འཁོར་བཀྲམ། བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་རྒྱ་ནག་གི་གཙོ་འཛིན་ཞིས་ཅིན་ཕིང་གིས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཐོག་ཏུ་སོག་པོ་རྣམས་རྒྱ་མི་རིགས་ཀྱི་ཁོངས་སུ་མཉམ་འདྲེས་བྱེད་དུ་འཇུག་དགོས། ནང་སོག་ལ་རྒྱལ་ཡོངས་གཅིག་གྱུར་གྱི་སྤྱི་སྐད་སློབ་དེབ་རྣམས་སློབ་ཁྲིད་བྱ་རྒྱུ་དེར་གཡོ་བ་མེད་པར་ལག་ལེན་བསྟར་རྒྱུ། མི་རིགས་དང་རིག་གཞུང་གི་འདུ་ཤེས་ལོག་པ་འཛིན་གྱི་ཡོད་པ་དེར་ནོར་བཅོས་བྱ་དགོས། ས་གནས་འགོ་ཁྲིད་ཚོས་ཡང་དག་པའི་ལམ་ཕྱོགས་སུ་སྐྱོད་པའི་སྲིད་ཇུས་རྒྱུན་འཁྱོངས་བྱས་ཏེ་རྒྱ་ནག་གི་ཁྱད་ཆོས་ལ་རྒྱབ་འགལ་འགྲོ་བའི་མི་རིགས་ཀྱི་གནད་དོན་རྣམས་སེལ་དགོས། ནང་སོག་གི་སོག་པོ་ཚོར་རྒྱ་མི་རིགས་དང་གྲངས་ཉུང་མི་རིགས་ཁག་ཁ་བྲལ་འགྲོ་ཐབས་མེད་པ་བློ་ལ་འཛིན་དུ་འཇུག་དགོས། ནང་སོག་གི་འགོ་ཁྲིད་ཚོས་སྤྱི་སྐད་ཁྱབ་སྤེལ་ལ་ཤུགས་གནོན་རྒྱག་དགོས་ཞེས་གཏམ་བཤད་བྱས་འདུག

རྒྱ་ནག་གཞུང་གིས་ན་ནིང་ནས་སོག་པོའི་སློབ་ཕྲུག་གི་ཕ་མ་ཚོ་དང་དགེ་རྒན། ཉམས་ཞིབ་པ་དང་ཤེས་ཡོན་ཅན། སོག་པོ་རྒྱ་གཞུང་གི་ལས་བྱེད་པ་སོགས་སྐད་ཡིག་གི་ཐོབ་ཐང་རྩོད་པའི་ལས་འགུལ་ལ་ཞུགས་ན་ལས་ཁུངས་ནས་ཕྱིར་འབུད་བྱ་རྒྱུ་དང་དངུལ་སྒོར་གྱི་ཆད་པ་གཅོད་རྒྱུ་ཡིན། སློབ་ཕྲུག་རྣམས་སློབ་གྲྭ་ནས་ཕྱིར་འབུད་གཏོང་རྒྱུའི་སྡིགས་ར་བསྐུལ། ནང་སོག་གི་རྫོང་ཞིག་གི་འགོ་ཁྲིད་ཚོས་སློབ་ཕྲུག་སུ་ཞིག་གིས་རང་གི་ཕ་མ་ཚོར་བུ་ཕྲུག་སློབ་གྲྭར་གཏོང་དུ་འཇུག་ཐུབ་པ་དང་རྒྱ་ཡིག་རྒྱ་སྐད་སློབ་ཏུ་འཇུག་ཐུབ་ན་སློབ་ཕྲུག་དེར་དངུལ་སྒོར་བྱ་དགའ་སྤྲོད་རྒྱུའི་སྲིད་ཇུས་ཤིག་ལག་ལེན་བསྟར། རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་། མི་རིགས་ཀྱི་ངོ་བོ་བཅས་པ་རྩ་མེད་གཏོང་ས་ནི་ནང་སོག་གཅིག་པུ་མིན་པར་བོད་དང་ཞིན་ཅང་ལའང་སྲིད་ཇུས་གཅིག་མཚུངས་ཤིག་ལག་ལེན་བསྟར་ཟིན་ཡོད་ཅིང་། རྒྱ་ནག་གི་དབུས་བརྙན་འཕྲིན་ཁང་གི་ལས་རིམ་ནང་དུ་ཞིས་ཅིན་ཕིང་གིས་ནང་སོག་གི་སྐད་ཡིག་ཐོབ་ཐང་རྩོད་ལེན་གྱི་གྱེན་ལོག་ལ་དྲག་གནོན་བྱ་དགོས། ནང་སོག་ལ་རྒྱ་ཡིག་རྒྱ་སྐད་ཁྱབ་སྤེལ་གཏོང་དགོས་ཞེས་གཏམ་བཤད་བྱས་པར་སོག་ཆས་གྱོན་པའི་རྒྱ་ནག་གི་ཆབ་སྲིད་གྲོས་ཚོགས་དང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཚོགས་འདུར་ཞུགས་པའི་མི་ཁག་ཅིག་གིས་ཐལ་མོ་བརྡབས་ནས་དགའ་བསུ་ཞུ་བཞིན་པའི་བརྙན་འཕྲིན་བསྟན། ཉམས་ཞིབ་པ་ཚོས་ལོ་འདིའི་རྒྱ་ནག་གི་ཆབ་སྲིད་གྲོས་ཚོགས་དང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཐོག་ཏུ་ཞིས་ཅིན་ཕིང་གིས་ནང་སོག་གི་སྐད་ཡིག་ཐོབ་ཐང་རྩོད་མཁན་ཚོར་དྲག་གནོན་བྱ་དགོས། ནང་སོག་ལ་རྒྱ་ཡིག་རྒྱ་སྐད་ཁྱབ་གདལ་གཏོང་དགོས་པའི་གཏམ་བཤད་བྱས་པ་དེས་སོག་པོའི་སྐད་ཡིག་དང་རིག་གཞུང་། མི་རིགས་ཀྱི་ངོ་བོ་བཅས་པ་རྩ་མེད་གཏོང་རྒྱུའི་སྲིད་ཇུས་ལག་ལེན་བསྟར་རྒྱུ་ཤུགས་ཆེ་རུ་གཏོང་རྒྱུའི་ཉེན་ཁ་ཤིན་ཏུ་ཆེ་ཞེས་བཤད།།

ཞིས་ཅིན་ཕིང་གིས་རྒྱ་ནག་ལ་མི་རིགས་མཐུན་སྒྲིལ་ཡོང་དགོས། རྒྱ་ནག་ལ་མི་རིགས་མཐུན་སྒྲིལ་ཡོང་ཐབས་གཙོ་བོ་ནི་གྲངས་ཉུང་མི་རིགས་ཁག་གིས་ཁ་ནས་བཤད་པའི་སྐད་ཆ་དང་ལག་པས་བྲིས་པའི་ཡི་གེ་རྣམས་རྒྱ་ཡིག་རྒྱ་སྐད་ཡིན་དགོས། ནང་སོག་གི་ན་གཞོན་ཚོར་རྒྱ་ནག་དམར་ཤོག་ཚོགས་པའི་གསར་བརྗེའི་ལོ་རྒྱུས་དང་ལྟ་བ། ལངས་ཕྱོགས་རྣམས་ལེགས་པར་སློབ་རྒྱུ་གནད་འགག་ཆེན་པོ་ཡིན། རིག་གཞུང་ནི་མི་རིགས་ཀྱི་ངོ་བོ་གཏིང་ཟབ་ཤོས་དེ་ཡིན། ངོ་བོ་གཅིག་གྱུར་ནི་རྒྱ་ནག་གི་མི་རིགས་གཅིག་སྒྲིལ་དང་འཆམ་མཐུན་གྱི་སྲོག་རྩ་ཡིན། ནང་སོག་གི་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོས་ན་གཞོན་ཚོར་རྒྱ་ནག་གི་རིག་གཞུང་དང་སྲོལ་རྒྱུན། རྒྱ་ཡིག་རྒྱ་སྐད་སློབ་རྒྱུ་གཏིང་ཇེ་ཟབ་དང་རྒྱ་ཇེ་ཆེར་གཏོང་དགོས། ནང་སོག་གི་ན་གཞོན་ཚོར་རྒྱ་ནག་དམར་ཤོག་ཚོགས་པའི་མི་རིགས་སྲིད་ཇུས་རྣམས་བསླབས་ཏེ་རྒྱལ་ཁབ་དང་ལོ་རྒྱུས། ཆོས་ལུགས་བཅས་ཀྱི་ལྟ་བ་ཡང་དག་པ་ཞིག་འཛིན་དུ་འཇུག་དགོས་ཞེས་ནན་བརྗོད་བྱས་ཤིང་། སོག་པོ་ཚོས་རང་གི་བུ་ཕྲུག་ཚོར་སྐད་ཡིག་དང་རྩོམ་རིག ཁྲིམས་ལུགས་དང་ལོ་རྒྱུས་སོགས་རྒྱ་ཡིག་རྒྱ་སྐད་འབའ་ཞིག་གིས་སློབ་ཁྲིད་བྱས་ན་སོག་སྐད་དང་སོག་ཡིག་རྣམས་རྩ་བརླག་འགྲོ་རྒྱུ་ཉག་ཅིག་རེད། རྒྱ་ནག་གཞུང་གིས་མན་ཇུའི་སྐད་ཡིག་དང་མི་རིགས་ཀྱི་ངོ་བོ་བསྣུབས་པ་ཇི་བཞིན་སོག་པོའི་སྐད་ཡིག་དང་རིག་གཞུང་། མི་རིགས་ཀྱི་ངོ་བཅས་པའང་བསྣུབ་རྒྱུ་ཡིན་པའི་བློ་འཚབ་བྱེད་ཀྱི་ཡོད་པར་མ་ཟད། སོག་པོ་ཚོའི་བློ་འཚབ་དེར་རྒྱུ་མཚན་མེད་པ་ཞིག་ཀྱང་མིན་ཞིང་། དུས་རབས་སྔོན་མའི་ལོ་རབས་༥༠་ནང་དུ་རྒྱ་ནག་གི་མངའ་ཁོངས་སུ་མན་ཇུའི་སྐད་ཡིག་ཤེས་མཁན་མི་གྲངས་ས་ཡ་འགའ་ཞིག་ཡོད་ཀྱང་ད་ལྟ་མན་ཇུའི་སྐད་ཡིག་ཤེས་མཁན་མི་བརྒྱ་སྐོར་ཞིག་ལས་མེད་པའི་གནས་ཚུལ་ཐོན་འདུག

རྒྱ་ནག་གཞུང་གིས་སྔ་མོ་ནས་སོག་པོའི་ཕ་མ་ཚོར་རང་གི་བུ་ཕྲུག་རྣམས་རྒྱ་ཕྲུག་སློབ་གྲྭར་གཏོང་བའམ། ཡང་ན་སོག་ཕྲུག་གི་སློབ་གྲྭར་གཏོང་རྒྱུའི་གདམ་ཀ་ཞིག་སྤྲོད་ཀྱི་ཡོད་མོད། སྔ་ལོ་རྒྱ་ནག་གཞུང་གིས་ནང་སོག་གི་ཕ་མ་ཚོར་རང་གི་བུ་ཕྲུག་རྣམས་རྒྱ་ཕྲུག་སློབ་གྲྭར་གཏོང་དགོས། སོག་ཕྲུག་གི་སློབ་གྲྭ་གཏོང་ས་ཡོད་པ་རྣམས་སྒོ་རྒྱག་རྒྱུའི་ཐག་བཅད། རྒྱ་ནག་གི་༢༠༡༠་ལོའི་མི་འབོར་ཞིབ་བཤེར་གྱི་གཞི་གྲངས་ལྟར་ན། ནང་སོག་རང་སྐྱོང་ལྗོངས་ཞེས་པ་དེར་སོག་པོ་མི་གྲངས་༤༢༠༠༠༠༠་ཡས་མས་ཤིག་ཡོད་པ་དེས་མངའ་ཁུལ་དེའི་མི་འབོར་བརྒྱ་ཆ་༡༧་ཟིན། རྒྱ་ནག་གཞུང་གི་མི་རིགས་མ་འདྲ་བ་༥༦་ཡོད། མི་རིགས་དེ་དག་ལ་རང་སྐྱོང་ལྗོངས་དང་རང་སྐྱོང་ཁུལ། རང་སྐྱོང་རྫོང་བཅས་ཀྱི་ཐོབ་ཐང་སྤྲད་ཡོད་ཟེར། ༢༠༢༠་ནས་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཁག་ལ་རྒྱ་ནག་གི་སྤྱི་སྐད་སློབ་དགོས་ཞེས་རྒྱ་ཡིག་རྒྱ་སྐད་ཁོ་ན་སློབ་ཁྲིད་བྱ་དགོས་པའི་བཙན་ཁྲིམས་ཤིག་ལག་ལེན་བསྟར། ༢༠༡༧་ལོ་ནས་བོད་དང་ཞིན་ཅང་གི་སློབ་གྲྭ་ཁག་ཏུ་སློབ་ཚན་ཡོད་ཚད་རྒྱ་ཡིག་རྒྱ་སྐད་ཀྱིས་སློབ་ཁྲིད་བྱ་རྒྱུ་མགོ་བརྩམས། བོད་པ་དང་ཡུ་གུར་བ་ཚོས་རང་གི་སྐད་ཡིག་དོན་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་རབ་དང་རིམ་པ་ཞིག་བྱེད་བཞིན་ཡོད་ཅིང་། རྒྱ་ནག་གཞུང་གིས་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་གི་དོན་དུ་འཐབ་རྩོད་བྱེད་མཁན་རྣམས་འཛིན་བཟུང་དང་བཙོན་འཇུག ཁོ་ཚོར་བཙོན་ཁང་ནང་དུ་རྡུང་རྡེག་བཏང་སྟེ་གློད་གྲོལ་བཏང་བའི་རྗེས་སུ་འཚོ་གནས་མི་ཐུབ་པའི་གནས་སུ་གྱུར། རྒྱ་ནག་གཞུང་གིས་མི་རིགས་༥༦་གིས་སྤྱི་སྐད་སྦྱང་དགོས་ཟེར་གྱི་ཡོད་པའི་ཕུགས་དམིགས་ནི་བོད་པ་དང་ཞིན་ཅང་གི་ཡུ་གུར་བ། ནང་སོག་བཅས་ལ་རང་གི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་སྐད་ཡིག མི་རིགས་ཐ་དད་ཀྱི་ངོ་བོ་ཞིག་ཡོད་པ་རྣམས་རྩ་མེད་གཏོང་རྒྱུའི་ཆེད་དུ་སྐད་ཡིག་གཅིག་གྱུར་གྱི་སྲིད་ཇུས་འདི་ལག་ལེན་བསྟར་གྱི་འདུག་ཅེས་ཉམས་ཞིབ་པ་རྣམས་ཁ་གཅིག་གྲགས་ཡིན་འདུག

ཕྱི་ལོགས་ཀྱི་སོག་པོའི་ཚོགས་པ་ཁག་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། སོག་པོ་ཚོས་རྒྱ་ནག་གི་སྐད་ཡིག་གཅིག་གྱུར་སྲིད་ཇུས་ལ་ངོ་རྒོལ་བྱས་ནས་མི་༤༠༠༠་ནས་༥༠༠༠་ཡས་མས་ཤིག་འཛིན་བཟུང་བྱས་འདུག རྒྱ་ནག་གཞུང་གིས་སོག་པོའི་ཕ་མ་ཚོས་གདོང་པ་དངོས་སུ་བསྟན་ནས་ངོ་རྒོལ་ལས་འགུལ་ཁག་ལ་ཞུགས་པ་དང་པར་རིས་འགྲེམ་སྤེལ་བྱེད་མཁན་རྣམས་འཛིན་བཟུང་བྱ་དགོས་ཞེས་བཀའ་རྒྱ་བཀྲམ། ནང་སོག་གི་ཏུང་ལིའོ་གྲོང་ཁྱེར་ནི་སོག་པོའི་སྐད་ཡིག་གི་ཐོབ་ཐང་རྩོད་པའི་ངོ་རྒོལ་ལས་འགུལ་ལངས་ས་གཙོ་བོ་དེར་གྱུར། རྒྱ་ནག་གཞུང་གིས་ཏུང་ལིའོ་གྲོང་ཁྱེར་དུ་རླངས་འཁོར་བཀག་པ་དང་རྒྱ་ལམ་ནང་དུ་མི་ཚོགས་འདུ་འཛོམ་བྱེད་མི་ཆོག་པའི་བཀག་སྡོམ། སྐད་འཕྲིན་དང་ཝི་པོ་སོགས་རྒྱ་ནག་གི་དྲྭ་ལམ་ཁག་ཏུ་སོག་པོ་ཚོས་སྐད་ཡིག་གི་ཐོབ་ཐང་ཆེད་དུ་རྩོམ་ཡིག་བྲིས་པ་དང་འདྲ་པར་བཀྲམ་པ། བརྙན་ཐུང་སྤེལ་བ་རྣམས་འཕྲལ་དུ་ནག་སུབ་བྱས་ནས་ཕྱི་ལ་ཁྱབ་ཏུ་འཇུག་གི་མེད་པ། རྒྱ་ནག་གཞུང་གིས་ནང་སོག་ལ་སྤྱི་སྐད་དར་སྤེལ་གཏོང་གི་ཡོད་པ་ནི་སོག་པོའི་སྐད་ཡིག་དང་རིག་གཞུང་རྩ་མེད་གཏོང་རྒྱུའི་དམིགས་ཡུལ་མིན། རྒྱ་ཡིག་རྒྱ་སྐད་བསླབས་ན་གྲངས་ཉུང་མི་རིགས་ཁག་ལ་ཤེས་ཡོན་སློབ་གསོ་དང་ལས་ཀ་སོགས་ཀྱི་གོ་སྐབས་ཆེ་རུ་འགྲོ་ཐུབ་པའི་ཕན་ཐོགས་འདུག་ཅེས་བཤད། རྒྱ་ནག་གཞུང་གིས་བོད་དང་ཞིན་ཅང་། ནང་སོག་བཅས་ལ་སྐད་ཡིག་གཅིག་གྱུར་གྱི་སྲིད་ཇུས་ལག་ལེན་བསྟར་པའི་ཞོར་དུ་ཆོས་ལུགས་ཀྱང་རྒྱ་ནག་ཅན་དུ་འགྱུར་དགོས། བོད་ལ་རྒྱ་གར་ནས་དར་བའི་བོད་བརྒྱུད་ནང་བསྟན་ཞིག་དང་ཞིན་ཅང་ལ་ཨ་རབ་ནས་དར་པའི་ཁ་ཆེའི་ཆོས་ལུགས་ཤིག་ཡོད་པ་རྣམས་རྒྱ་ནག་ཅན་དུ་འགྱུར་དགོས་ཞེས་བསྒྲགས། དེའི་གོ་དོན་ནི་བོད་བརྒྱུད་ནང་བསྟན་གྱི་ལྟ་གྲུབ་དང་ཞིན་ཅང་གི་ཁ་ཆེའི་ཆོས་ལུགས་ཀྱི་ལྟ་གྲུབ་རྣམས་རྒྱ་ནག་གི་སྲོལ་རྒྱུན་རིག་གཞུང་གི་ལྟ་བ་དང་རྒྱ་ནག་པའི་བསམ་བློའི་འདུ་ཤེས་ལ་མཐུན་པ་ཞིག་ཏུ་བསྒྱུར་དགོས་ཟེར་གྱི་ཡོད་པར་གོ་དགོས་པ་རེད།།

XS
SM
MD
LG