ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༥/༠༨

བྱང་ཀོ་རི་ཡའི་མི་གྲངས་འབུམ་༣་ལྷག་ལ་ནད་དུག་འགོས། 


༄༅།། ཕྱི་ཟླ་༥་པའི་ཚེས་༡༦་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བྱང་ཀོ་རི་ཡའི་དམར་ཤོག་འགོ་ཁྲིད་ཀིམ་འཇོང་ཨུན་གྱིས་རྒྱལ་ཁབ་དེའི་དམག་གི་སྨན་རྣམས་རྒྱལ་ས་ཕིང་དབྱང་ལ་སྐྱེལ་འདྲེན་བྱ་དགོས། བྱང་ཀོ་རི་ཡའི་གཞུང་གིས་འདུ་འགོད་བྱས་པའི་སྨན་དང་འགོག་ཁབ་རྣམས་མི་དམངས་ལ་རག་གི་མི་འདུག ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་བཞིན་ཡོད་ཀྱང་གཞུང་གི་འབྲེལ་ཡོད་ཚན་པ་ཁག་གིས་འགན་འཁྲི་ལེན་གྱི་མེད་པ་ནི་ཧ་ཅང་གི་ཐབས་རྡུགས་ཤིག་རེད་ཅེས་ཚོགས་གཏམ་བཏང་ཡོད་པའི་གནས་ཚུལ་ཐོན། དེང་སྐབས་བྱང་ཀོ་རི་ཡར་ཏོག་དབྱིབས་ནད་རླབས་གསར་པ་ཞིག་འཕྱུར་ནས་ཁ་སང་གཟའ་ཉི་མ་གཅིག་པུར་མི་༡༥་ལ་འཆི་སྐྱོན་དང་མི་༣༩༢༩༢༠་ཐམ་པར་གསར་དུ་ནད་དུག་འགོས། ད་ལྟ་བྱང་ཀོ་རི་ཡར་ཁྱོན་བསྡོམས་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་ནད་པ་༨༢༠༦༢༠་འདུག་ཅེས་རྒྱལ་ཁབ་དེའི་གཞུང་གཉེར་གསར་འགྱུར་ལས་ཁང་གིས་གསལ་བསྒྲགས་སྤེལ། ཕྱི་ཟླ་༥་པའི་ཚེས་༡༥་ཉིན་ཨ་རིའི་བྷུ་ལུམ་བྷག་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བྱང་ཀོ་རི་ཡའི་གཞུང་གིས་འཕྲོད་བསྟེན་ལས་སྣེ་ས་ཡ་འགའ་ཞིག་སྐུལ་སློང་བྱས་ཏེ་ཏོག་དབྱིབས་ནད་ཡམས་ལ་འགོག་རྒོལ་བྱེད་དུ་འཇུག་གི་ཡོད་ཅིང་། བདུན་ཕྲག་སྔོན་མའི་གཟའ་ཕུར་བུའི་ཉིན་བྱང་ཀོ་རི་ཡའི་གཞུང་གིས་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་དང་པོ་དེ་ཐོན་སོང་ཞེས་ཁྱབ་བསྒྲགས་བྱས་ནས་བཟུང་། ད་ལྟའི་བར་དུ་མི་༤༢་ལ་འཆི་སྐྱོན་དང་ནད་དུག་འགོས་པའི་མི་གྲངས་ནི་སྤང་ལ་མེ་ཤོར་བ་ལྟར་ཇེ་མང་དུ་སོང་། བྱང་ཀོ་རི་ཡར་དཔལ་འབྱོར་ཉམས་རྒུད་དང་འཕྲོད་བསྟེན་མ་ལག་ཚད་ལྡན་མེད་པ། རྒྱལ་ཁབ་དེའི་མི་དམངས་ལ་འགོག་ཁབ་བརྒྱབ་མེད་པ་བཅས་ཀྱིས་ཆག་སྒོ་ཆེན་པོ་ཞིག་འབྱུང་སྲིད་པའི་བློ་འཚབ་བྱེད་དགོས་པ་ཞིག་ཏུ་གྱུར།།

བྱང་ཀོ་རི་ཡའི་གཞུང་གིས་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགོག་ཐབས་སུ་ཞིང་ཆེན་ཁག་དང་གྲོང་ཁྱེར་ཁག རྫོང་སྡེ་ཁག་བཅས་རྒྱལ་ཡོངས་སུ་འགྲིམ་འགྲུལ་བཀག མི་མང་གནས་འཁོད་ས་ཁུལ་ཁག་དང་ཞིང་ལས་རུ་ཁག བཟོ་གྲྭ་ཁག་གིས་ཕན་ཚུན་འབྲེལ་བ་བྱེད་མི་ཆོག་པའི་ཐག་བཅད། བྱང་ཀོ་རི་ཡའི་གཞུང་གཉེར་གསར་འགྱུར་ལས་ཁང་གིས་ཀིམ་འཇོང་ཨུན་གྱིས་འཕྲོད་བསྟེན་ལས་མི་༡༣༥༠༠༠༠་སྐུལ་སློང་བྱས་ནས་ནད་ཡམས་ལ་འཐབ་རྒོལ་བྱེད་དགོས་པའི་ལམ་སྟོན་གནང་གི་ཡོད་པ་རེད། ནད་པ་༣༢༤༥༥༠་ལ་སྨན་བཅོས་བྱེད་བཞིན་ཡོད་པ་དང་ནད་པ་༤༩༦༠༣༠་དྲག་སྐྱེད་བྱུང་སོང་ཞེས་གནས་ཚུལ་སྤེལ། ཕྱི་ཟླ་༥་པའི་ཚེས་༡༢་ཉིན་བྱང་ཀོ་རི་ཡའི་དམར་ཤོག་འགོ་ཁྲིད་ཀིམ་འཇོང་ཨུན་གྱིས་ཨོ་མི་ཁོ་རོན་BA.2་ཞེས་འབོད་པའི་ངོ་བོ་མང་འགྱུར་གྱི་ཏོག་དབྱིབས་ནད་དུག་ཁྱབ་ཡོད་པས་རྒྱལ་ཡོངས་སུ་འགྲོ་འོང་བཀག་སྡོམ་བྱ་དགོས་ཞེས་བཀའ་ཕབ། འདི་ནི་བྱང་ཀོ་རི་ཡས་ཏོག་དབྱིབས་ནད་དུག་ཁྱབ་ཀྱི་ཡོད་པ་གཞུང་འབྲེལ་གྱིས་ངོས་ལེན་བྱས་པ་ཐེངས་དང་པོ་ཡིན་མོད། འོན་ཀྱང་མཁས་པ་ཚོས་བྱང་ཀོ་རི་ཡར་སྔོན་ནས་ཏོག་དབྱིབས་ནད་དུག་ཁྱབ་ཀྱི་ཡོད་པ་དང་གཟའ་འཁོར་སྔོན་མར་ཀིམ་འཇོང་ཨུན་གྱིས་ནད་དུག་ཁྱབ་གདལ་འགྲོ་བཞིན་པའི་གསལ་བསྒྲགས་སྤེལ་བ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ལ་རོགས་སྐྱོར་ཞུ་ཡི་ཡོད་པ་ཡིན་སྲིད། ནད་ཡམས་ཚབས་ཆེན་ཞིག་ཁྱབ་གདལ་ཕྱིན་ན་བྱང་ཀོ་རི་ཡའི་འཕྲོད་བསྟེན་མ་ལག་སྦོ་ལུག་རྒྱུ་ཉག་ཅིག་རེད་ཅེས་བསྟན། སྔོན་ཆད་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་བྱང་ཀོ་རི་ཡར་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བགོ་འགྲེམ་བྱས་ཀྱང་བྱང་ཀོ་རི་ཡས་མ་བླངས། དེའི་རྒྱུ་མཚན་ནི་སྨན་ཁབ་བགོ་འགྲེམ་གྱི་ཞོར་དུ་ཕྱི་ལོགས་ཀྱི་མི་རྣམས་བྱང་ཀོ་རི་ཡར་ཡོང་སྟེ་རྒྱལ་ཁབ་དེའི་གནས་སྟངས་ལ་རྟོག་ཞིབ་བྱེད་སྲིད་པའི་དོགས་པས་རེད་ཅེས་ཚོད་དཔག་བྱས་འདུག བྱང་ཀོ་རི་ཡས་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་བཞིན་པ་བཀག་སྡོམ་བྱེད་དགོས་ཚེ། རྒྱལ་ཁབ་དེའི་མི་གྲངས་ས་ཡ་མང་པོར་བརྟག་དཔྱད་བྱེད་དགོས། བྱང་ཀོ་རི་ཡའི་འཕྲོད་བསྟེན་ལས་སྣེ་ཚོས་མི་ལ་ཚ་བ་འཕར་གྱི་ཡོད་པ་རྣམས་ཏོག་དབྱིབས་ནད་དུག་གི་ནད་རྟགས་སུ་བརྩིས་ནས་བརྟག་དཔྱད་ཞིབ་ཚགས་ཤིག་བྱེད་ཐུབ་ཀྱི་མེད་པའི་གནས་ཚུལ་ཐོན། གལ་སྲིད་བྱང་ཀོ་རི་ཡས་ཏོག་དབྱིབས་ནད་དུག་འགོས་ཡོད་མེད་བརྟག་དཔྱད་ཞིབ་ཚགས་ཤིག་བྱེད་མ་ཐུབ་པ་དང་རྒྱལ་ཁབ་དེའི་ཞིང་ལས་རུ་ཁག་དང་བཟོ་གྲྭ་ཁག་གི་ལས་མཚམས་མ་བཞག་པར་ནད་ཡམས་འགོག་དཀའ། ཁ་སང་གཟའ་ཉི་མའི་ཉིན་ཨ་རིའི་མཉམ་འབྲེལ་གསར་ཁང་གིས་བྱང་ཀོ་རི་ཡར་མི་འབོར་ས་ཡ་༢༦་ཡོད་པ་དེར་འགོག་ཁབ་བརྒྱབ་མེད་པ་དང་ཀིམ་འཇོང་ཨུན་གྱིས་འཕྲལ་དུ་རྒྱལ་སྤྱིའི་སྤྱི་ཚོགས་ལ་འགོག་ཁབ་དང་སྨན། སྨན་ཁང་གི་ཡོ་བྱད་རྣམས་རོགས་སྐྱོར་མ་ཞུས་ན་ཆག་སྒོ་ཆེན་པོ་ཞིག་འབྱུང་ཤས་ཆེ་ཞེས་གནས་ཚུལ་སྤེལ། ལྷོ་ཀོ་རི་ཡའི་སེ་ཇོང་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་ཆེང་སེང་ཆང་གིས་བྱང་ཀོ་རི་ཡར་ཏོག་དབྱིབས་ནད་དུག་བརྟག་དཔྱད་བྱེད་པའི་ཡོ་ཆས་མེད་པར་མིའི་ལུས་པོའི་ཚ་དྲོད་འཇལ་བྱེད་ཀྱིས་བརྟག་དཔྱད་བྱས་ནས་ནད་དུག་འགོས་ཡོད་མེད་ཚོད་དཔག་གིས་ཐག་གཅོད་བྱེད་ཀྱི་འདུག ཁོ་ཚོའི་བརྟག་དཔྱད་ཀྱི་ཡོ་ཆས་ཚད་ལྡན་མིན་པས་ཏོག་དབྱིབས་ནད་དུག་འགོས་ཡོད་མེད་ངེས་གཏན་བྱེད་མི་ཐུབ། དེས་ན་བྱང་ཀོ་རི་ཡར་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་བཞིན་པ་འགོག་ཐབས་བྲལ། བྱང་ཀོ་རི་ཡར་ནད་དུག་འགོས་པའི་མིའི་གྲངས་འབོར་འཕར་གྱི་ཡོད་པ་ལྟར་མི་ལ་འཆི་སྐྱོན་བྱུང་བའི་གྲངས་འབོར་ཡང་འཕར་ངེས་རེད། བྱང་ཀོ་རི་ཡའི་དཔལ་འབྱོར་དང་འཕྲོད་བསྟེན་ལམ་ལུགས། སྨན་པའི་ལག་རྩལ་སོགས་ཀྱིས་ནད་ཡམས་འདིར་འགོག་རྒོལ་བྱེད་ཐུབ་རྒྱུ་ཁག་པོ་རེད་ཅེས་བཀྲལ།།

གཟའ་སྤེན་པའི་ཉིན་བྱང་ཀོ་རི་ཡའི་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་རྣམས་ཛ་དྲག་གི་ཚོགས་འདུ་ཚོགས་ནས་ཀིམ་འཇོང་ཨུན་གྱིས་རྒྱལ་ཁབ་དེའི་ལོ་རྒྱུས་སུ་བྱུང་མྱོང་མེད་པའི་དཀའ་ངལ་ཆེན་པོ་ཞིག་འཕྲད་ཀྱི་འདུག བྱང་ཀོ་རི་ཡའི་གཞུང་དམངས་གཉིས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ནད་ཡམས་འགོག་དགོས། ས་གནས་བྱེ་བྲག་པ་ཞིག་ལ་ཁྱབ་ཀྱི་ཡོད་པའི་ཏོག་དབྱིབས་ནད་དུག་རྒྱ་ཁྱབ་ཏུ་འགོ་ཐུབ་ཀྱི་མེད་པས་མྱུར་དུ་སྔོན་འགོག་བྱེད་ཐུབ་པའི་རེ་བ་ཡོད་ཅེས་གཏམ་བཤད་བྱས་ཤིང་། ད་དུང་ཀིམ་འཇོང་ཨུན་དང་བྱང་ཀོ་རི་ཡའི་མཐོ་རིམ་འགོ་ཁྲིད་ཚོས་སྒེར་གྱི་སྨན་དང་འགོག་ཁབ་ཟུར་འཇོག་བྱེད་ཡོད་པ་རྣམས་མི་དམངས་ལ་ཞལ་འདེབས་སྤྲད་ནས་ནད་ཡམས་བཀག་འགོག་ལ་ལེགས་སྐྱེལ་ཕུལ་བ་རེད་ཅེས་ཁྱབ་བསྒྲགས་བྱས་འདུག བྱང་ཀོ་རི་ཡར་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་བཞིན་ཡོད་ཀྱང་རྒྱལ་ཁབ་ཀྱི་དཔལ་འབྱོར་འཆར་འགོད་ལྟར་འཛུགས་སྐྲུན་དང་ལས་གཞི་གཞན་རྣམས་རྒྱུན་འཁྱོངས་བྱས་ནས་མི་དམངས་རྣམས་རང་ཁྱིམ་དུ་འགོག་གི་མེད་པར་མ་ཟད། བདུན་ཕྲག་སྔོན་མའི་གཟའ་ཕུར་བུའི་ཉིན་བྱང་ཀོ་རི་ཡར་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་ཡི་འདུག་ཅེས་ཁྱབ་བསྒྲགས་བྱས་ནས་ཆུ་ཚོད་འགའ་ཤས་རྗེས་སུ་མཚོ་ནང་དུ་འབེན་ཕོག་འཕུར་མདེལ་འཕངས་ནས་ཚོད་ལྟ་བྱ་རྒྱུ་རྒྱུན་བསྐྱངས། བྱང་ཀོ་རི་ཡའི་གསར་འགྱུར་ལས་ཁང་གིས་རྒྱལ་ཁབ་ཀྱི་མཐོ་རིམ་འགོ་ཁྲིད་དབྱང་ཧུང་སོབ་འདས་གྲོངས་སུ་གྱུར། གཟའ་སྤེན་པའི་ཉིན་ཀིམ་འཇོང་ཨུན་གཙོས་བྱང་ཀོ་རི་ཡའི་མཐོ་རིམ་འགོ་ཁྲིད་ཚོ་རི་མགོ་ཞིག་ཏུ་བློ་མཐུན་འདས་པོ་དེར་མྱ་ངན་ཚོགས་འདུ་ཚོགས། ཁོ་ཚོས་མཐོ་རིམ་འགོ་ཁྲིད་འདས་པོ་དེའི་བཟའ་ཟླ་བུ་ཕྲུག་སོགས་ལ་ཐུག་འཕྲད་དང་སེམས་གསོ་བྱས་པ་རེད། གཟའ་ཉི་མར་བྱང་ཀོ་རི་ཡའི་འགོ་ཁྲིད་ཚོ་རྒྱལ་ཁབ་དེའི་བྱང་ཤར་ཁུལ་དུ་ཐན་པ་འགོག་པར་ཞིང་ཆུ་འདྲེན་པའི་ལས་འགུལ་ལ་ཞུགས་པ་རེད་ཅེས་གནས་ཚུལ་སྤེལ།།

རྒྱ་ནག་དང་ལྷོ་ཀོ་རི་ཡ་གཉིས་ཀས་སྨན་དང་འགོག་ཁབ། སྨན་ཁང་གི་ཡོ་ཆས་སོགས་རོགས་སྐྱོར་སྤྲོད་དགོས་ཞེས་བཤད་ཀྱང་བྱང་ཀོ་རི་ཡས་ཡོངས་གྲགས་སུ་ལེན་གྱི་མེ་ཅིང་། ཕོ་བྲང་དཀར་པོའི་གསར་འགོད་དྲུང་ཆེ་ཇཱེན་ས་ཀིས་གཟའ་ཕུར་བུའི་ཉིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བྱང་ཀོ་རི་ཡར་རོགས་སྐྱོར་བྱེད་ན་ཨ་མི་རི་ཀས་དགའ་བསུ་ཞུ། ཨ་མི་རི་ཀའི་འགོག་ཁབ་རྣམས་བྱང་ཀོ་རི་ཡར་རོགས་རམ་སྤྲོད་འཆར་མེད་ཅེས་གསལ་བཀྲོལ་བྱས་ཤིང་། བདུན་ཕྲག་འདིའི་གཟའ་མཇུག་ཏུ་ལྷོ་ཀོ་རི་ཡའི་སྲིད་འཛིན་གསར་པ་ཡོན་སུཀ་ཡོལ་དང་སྲིད་འཛིན་བྷ་ཌན་གཉིས་ཐུག་འཕྲད་གྲོས་མོལ་བྱེད་པའི་སྐབས་སུ་བྱང་ཀོ་རི་ཡར་ཏོག་དབྱིབས་ནད་དུག་སྔོན་འགོག་གི་རོགས་སྐྱོར་བྱ་རྒྱུ་གནད་དོན་ཆེན་པོ་ཞིག་ལ་འགྱུར་སྲིད། གཟའ་པ་སངས་ཉིན་ལྷོ་ཀོ་རི་ཡའི་གསང་བའི་ལས་ཁུངས་ཀྱི་འགོ་ཁྲིད་ཟུར་པ་པག་ཇཱེ་ཝོན་གྱིས་ངས་༢༠༢༡་ལོའི་ཕྱི་ཟླ་༥་པ་ནས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་བརྒྱུད་ནས་ཨ་མི་རི་ཀས་བྱང་ཀོ་རི་ཡར་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བྱེ་བ་༦་རོགས་སྐྱོར་སྤྲོད་དགོས་པའི་གྲོས་མགོ་བཏོན་པ་ཡིན། མཉམ་འབྲེལ་རྒྱལ་ཚོགས་དང་ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་གདན་ས་ཝ་ཊི་ཁན་གཉིས་ཀྱིས་བྱང་ཀོ་རི་ཡར་སྨན་ཁབ་བྱེ་བ་༦་སྤྲོད་རྒྱུའི་གྲོས་འཆམ་བྱུང་སོང་། འོན་ཀྱང་བྱང་ཀོ་རི་ཡར་དངོས་སུ་སྨན་ཁབ་རོགས་རམ་སྤྲོད་རྒྱུ་དོན་འཁྱོལ་བྱུང་མ་སོང་ཞེས་ངོ་དེབ་ནང་དུ་འཕྲིན་ཐུང་ཞིག་སྤེལ། ལྷོ་ཀོ་རི་ཡའི་སྲིད་འཛིན་གསར་པ་ཡོན་སོཀ་ཡོལ་གྱིས་བྱང་ཀོ་རི་ཡར་དཔལ་འབྱོར་རོགས་རམ་སྤྲོད་དགོས་ཟེར་གྱི་ཡོད་ཀྱང་ཀིམ་འཇོང་ཨུན་ལ་ལེན་འདོད་ཡོད་པའི་རྟགས་མཚན་དབེན། ལྷོ་ཀོ་རི་ཡའི་གསང་བའི་ལས་ཁུངས་ཀྱི་འགོ་ཁྲིད་ཟུར་པ་པག་ཇཱེ་ཝོན་གྱིས་ཀྱང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་འཇོང་ཨུན་གྱིས་སྦམ་བཟུང་སྟེ་ཕྱི་ལོགས་ཀྱི་རོགས་སྐྱོར་ལེན་རྒྱུ་མིན་པའི་ཚོད་དཔག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG