ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱ་ནག་གི་ཏོག་དབྱིབས་རིམས་ནད་རྒྱལ་སྤྱིའི་ཐོག་ཏུ་ཁྱབ་གདལ།


༄༅།། ཕྱི་ཟླ་༢་པའི་ཚེས་༢༥་ཉིན་རྒྱ་ནག་གི་རྒྱལ་ཡོངས་འཕྲོད་བསྟེན་དང་བདེ་ཐང་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་པ་ལྟར་ན། ཐོག་མར་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་པའི་ཏོག་དབྱིབས་རིམས་ནད་ཀྱིས་རྒྱ་ནག་རྒྱལ་ཡོངས་སུ་མི་༢༦༦༣་ལ་འཆི་སྐྱོན་དང་མི་༧༧༦༥༨་ལ་རིམས་ནད་འགོས་འདུག འདས་པའི་ཉི་མ་གཅིག་ལ་རྒྱ་ནག་ལ་ཏོག་དབྱིབས་རིམས་ནད་འགོས་ཡོད་པའི་ནད་པ་གསར་པ་༥༠༨་དང་མི་༧༡་ལ་འཆི་སྐྱོན་བྱུང་སོང་ཞེས་ཁྱབ་བསྒྲགས་བྱས་ཤིང་། ཁ་སང་གཟའ་ཟླ་བའི་ཉིན་རྒྱ་ནག་གཞུང་གིས་ཏོག་དབྱིབས་རིམས་ནད་ཀྱི་རྐྱེན་པས་ལོ་འདིའི་རྒྱ་ནག་གི་ཆབ་སྲིད་གྲོས་ཚོགས་ཀྱི་ལོ་རེའི་ཚོགས་འདུ་དང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལོ་རེའི་ཚོགས་འདུ་གཉིས་ཀྱང་ཕར་འགྱངས་བྱས་པ་ཡིན་ཞེས་བསྒྲགས། ཁ་སྔོན་གཟའ་ཉི་མར་ཉིན་སྲིད་འཛིན་ཞིས་ཅིན་ཕིང་གིས་རྒྱ་ནག་དམར་ཤོག་སྲིད་གཞུང་ཚུགས་ནས་བཟུང་། ཏོག་དབྱིབས་རིམས་ནད་ལྟ་བུའི་མི་དམངས་ཀྱི་བདེ་ཐང་ལ་གནོད་ཚབས་ཆེ་བའི་ཉེན་ཁ་འདི་འདྲ་ཞིག་འཕྲད་མྱོང་མེད་ཅེས་གཏམ་བཤད་བྱས་ཀྱང་རྒྱ་ནག་གི་རྒྱལ་ཡོངས་འཛུགས་སྐྲུན་དང་ལེགས་བཅོས་ལྷན་ཁང་གི་འགོ་ཁྲིད་ཆུས་ཞའོ་ལིས་ནད་ཡམས་ཀྱི་ཉེན་ཁ་ཆུང་ས་དང་ཏོག་དབྱིབས་རིམས་ནད་ཁྱབ་མེད་པའི་རྒྱ་ནག་གི་ས་ཁུལ་ཁག་གི་འགྲིམ་འགྲུལ་དང་སྐྱེལ་འདྲེན། མང་ཚོགས་ཀྱི་རྒྱུན་ལྡན་འཚོ་བའི་བྱེད་སྒོ་རྣམས་སླར་གསོ་བྱ་དགོས་ཞེས་བཤད། ཡིན་ནའང་ཧོང་ཀོང་དམིགས་བསལ་ས་ཁུལ་གྱིས་ཏོག་དབྱིབས་རིམས་ནད་ལ་དོགས་ཟོན་བྱས་ནས་ཕྱི་ཟླ་༤་པའི་ཚེས་༢༠་བར་དུ་མངའ་ཁུལ་དེའི་སློབ་གྲྭ་ཁག་སྒོ་རྒྱག་རྒྱུ་ཡིན་ཞེས་ཐག་བཅད། དེའི་སྔོན་ལ་ཧོང་ཀོང་ས་གནས་གཞུང་གིས་མངའ་ཁུལ་དེའི་སློབ་གྲྭ་ཁག་ཕྱི་ཟླ་༣་ཚེས་༡༦་ཉིན་སྒོ་འབྱེད་བྱ་རྒྱུའི་དུས་བཀག་བྱས་པ་སླར་ཡང་ཕར་འགྱངས་བྱས་འདུག

དེ་རིང་གཟའ་མིག་དམར་ཉིན་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་ཏོག་དབྱིབས་རིམས་ནད་ཁྱབ་ཡུལ་གཙོ་བོ་ཏཱེ་གུ་གྲོང་ཁྱེར་ལ་གཟིགས་ཞིབ་ཏུ་ཕེབས། ཁོང་གིས་གསར་འགོད་པ་ཚོར་ལྷོ་ཀོ་རི་ཡར་ཏོག་དབྱིབས་རིམས་ནད་འགོས་ཡོད་པའི་ནད་པ་༡༠༠༠་ཡོད་པ་དང་ཉུང་མཐའ་ཡང་མི་༡༠་ལ་འཆི་སྐྱོན་བྱུང་སོང་། ལྷོ་ཀོ་རི་ཡར་ཚབས་ཆེའི་འགོས་ནད་འདི་ཁྱབ་གདལ་འགྲོ་སྲིད་པའི་ཉེན་ཚབས་ཧ་ཅང་ཆེན་པོ་འདུག་ཅེས་བཤད། ལྷོ་ཀོ་རི་ཡའི་ཏོག་དབྱིབས་རིམས་ནད་དེའི་བརྒྱ་ཆ་༦༨་ཡེ་ཤུའི་ཆོས་ཚོགས་ཤིག་གི་བུད་མེད་ལོ་ན་༦༡་ལ་སོན་པ་ཞིག་གིས་བགོས། འོན་ཀྱང་བུད་མེད་དེར་ཏོག་དབྱིབས་རིམས་ནད་ཇི་ལྟར་འགོས་པ་ཡིན་མིན་ནི་རྩད་གཅོད་ཐུབ་མེད། དེར་བརྟེན་ལྷོ་ཀོ་རི་ཡའི་གཞུང་གིས་ཡེ་ཤུའི་ཆོས་ཚོགས་དེར་ཚོགས་མི་༢༠༠༠༠༠་ལྷག་ཡོད་པ་ཚང་མར་བརྟག་དཔྱད་བྱ་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད་པ་དང་ལྷོ་ཀོ་རི་ཡའི་དམག་གི་གྲས་སུའང་མི་༡༣་ལ་ཏོག་དབྱིབས་རིམས་ནད་འགོས། དེས་ན་ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡ་གཉིས་ཀྱིས་ལོ་འདིའི་མཉམ་འབྲེལ་དམག་སྦྱོང་བྱ་རྒྱུ་ཕྱིར་འཐེན་བྱ་དགོས་པའི་བསམ་གཞིག་བྱེད་ཀྱི་ཡོད་པ་དང་ལྷོ་ཀོ་རི་ཡའི་ས་ཐོག་ཏུ་ཨ་མི་རི་ཀའི་དམག་མི་༢༨༠༠༠་ཡས་མས་ཤིག་འགྲེམ་འཇོག་བྱས་ཡོད། ཨ་རིའི་རྒྱལ་སྲུང་དྲུང་ཆེ་དང་ལྷོ་ཀོ་རི་ཡའི་རྒྱལ་སྲུང་བློན་ཆེན་རྣམ་པས་ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡ་གཉིས་ཀྱིས་གསར་འགོད་ལྷན་ཚོགས་བསྡུས་ནས་ང་ཚོར་ཉེན་ཁ་ཅི་ཞིག་འཕྲད་ཀྱང་དེ་ལ་ཐུན་མོང་གི་གདོང་ལེན་བྱེད་ཐུབ་པའི་གྲ་སྒྲིག་ཆ་ཚང་ཡོད། ལྷོ་ཀོ་རི་ཡར་ཏོག་དབྱིབས་རིམས་ནད་ཁྱབ་ཡོད་པས་ཕྱོགས་གཉིས་ཀྱི་དམག་གི་འགོ་ཁྲིད་ཚོས་མཉམ་འབྲེལ་དམག་སྦྱོང་དེ་རྒྱ་ཆེ་ཆུང་དང་དམག་སྦྱོང་བྱ་དགོས་མིན་ལ་ཐག་ཐག་གཅོད་ཡང་དག་པ་ཞིག་བྱ་འཆར་ཡོད་ཅེས་བཤད།

ཉི་ཧོང་གཞུང་གིས་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་༨༥༠་ལ་སྨན་བཅོས་བྱེད་བཞིན་ཡོད། ནད་པ་དེ་དག་གི་གྲས་སུ་ཉི་ཧོང་ས་ཐོག་ཏུ་རིམས་ནད་འགོས་པའི་ནད་པ་༡༥༩་ཡོད། ནད་པ་༦༩༡་རྒྱལ་སྤྱིའི་སྤྲོ་འཆམ་གྲུ་གཟིངས་ཤིག་གི་ནང་དུ་ཏོག་དབྱིབས་རིམས་ནད་འགོས་ནས་ཉི་ཧོང་གི་མཚོ་ཁར་བཀག ནད་པ་དེ་ཚོར་ཉི་ཧོང་གི་སྨན་ཁང་ཁག་གིས་སྨན་བཅོས་བྱེད་ཀྱི་ཡོད་པ་རྣམས་ཡིན། ད་དུང་ཡང་རིམས་ནད་དེར་དོགས་ཟོན་བྱ་དགོས་པ་དང་སྨན་ཁང་ཁག་གིས་སྨན་བཅོས་ནུས་པ་ཐོན་པ་ཞིག་བྱེད་ཐུབ་རྒྱུའི་གྲ་སྒྲིག་བྱ་རྒྱུ་དེར་ནམ་ཡང་ལྷོད་གཡེང་གཏོང་མི་ཉན། ཉི་ཧོང་རྒྱལ་ཡོངས་སུ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་མི་འགྲོ་བའི་ཆེད་དུ་བཟོ་ཚོང་ལས་ཁང་ཁག་གིས་རང་གི་ལས་བྱེད་པ་རྣམས་ལས་ཁུངས་སུ་མཉམ་དུ་འདུ་མི་དགོས་པར་རང་ཁྱིམ་དུ་སྡོད་ཆོག་པ། ཁོ་ཚོར་ཁ་པར་དང་དྲྭ་ལམ་དུ་ཉིན་རེའི་ལས་འགན་བསྒྲུབ་ཏུ་འཇུག་དགོས་ཞེས་འབོད་སྐུལ་ཞུས། ཉེ་ཆར་ཉི་ཧོང་གི་སློབ་ཕྲུག་ཁག་ཅིག་ལའང་ཏོག་དབྱིབས་ནད་དུག་འགོས་ཡོད་པ་ཤེས་རྟོགས་བྱུང་བས་ཉི་ཧོང་གཞུང་གིས་དོ་གཟབ་ནན་ཏན་བྱེད་ཀྱི་ཡོད་ཅིང་། ད་ལྟ་རྒྱལ་ཁབ་མང་པོ་ཞིག་གིས་༢༠༢༠་ལོའི་དབྱར་དུས་ཀྱི་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་རིགས་འགན་སྡུར་ཉི་ཧོང་ལ་འཚོགས་འཆར་ཡོད་པ་དུས་ཐོག་ཏུ་འཚོགས་ཐུབ་རྒྱུ་ཡིན་མིན་ལ་བློ་འཚབ་ཡོད། ཉི་ཧོང་གི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་ཕྱིར་འགྱངས་བྱ་དགོས་མིན་ལ་བསམ་གཞིག་བྱ་དགོས་ཞེས་ནན་སྐུལ་བྱས་འདུག རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཀྲའོ་ལི་ཅཱན་གྱིས་ང་ཚོས་ཉི་ཧོང་དང་ལྷོ་ཀོ་རི་ཡ་གཉིས་ལ་མཉམ་འབྲེལ་བྱས་ནས་ཏོག་དབྱིབས་རིམས་ནད་འགོག་ཐབས་བྱེད་བཞིན་ཡོད་ཅེས་བཤད། ལྷོ་ཨ་ཧྥི་རི་ཀས་ཉི་ཧོང་གི་ས་ཐོག་ཏུ་ན་གཞོན་གྱི་རྩེད་རིགས་འགྲན་སྡུར་ཞིག་འཚོགས་ཀྱི་ཡོད་པ་དེར་མཉམ་ཞུགས་བྱ་རྒྱུ་ཕྱིར་འཐེན་བྱས་འདུག

ཡུ་རོབ་རྒྱལ་ཁབ་ཨི་ཊི་ལིའི་གྲོང་རྡལ་༡༢་ལ་རྒྱ་ནག་གི་ཏོག་དབྱིབས་རིམས་ནད་ཁྱབ་ནས་ཉུང་མཐར་ཡང་མི་༧་ལ་འཆི་སྐྱོན་དང་རིམས་ནད་འགོས་ཡོད་པའི་ནད་པ་༢༢༩་བྱུང་འདུག ཨི་ཊི་ལིའི་གཞུང་གིས་ཏོག་དབྱིབས་རིམས་ནད་ཁྱབ་ཡུལ་གྲོང་རྡལ་ཁག་གི་སྤྱི་དམངས་འདུ་འཛོམས་ཀྱི་བྱེད་སྒོ་ཆེ་ཁག་ཕྱིར་འཐེན་གྱིས་ཆང་ཁང་དང་ཟ་ཁང་རྣམས་སྒོ་བརྒྱབ། ད་དུང་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་ས་མཚམས་སྒོ་རྒྱག་དགོས་མིན་གྲོས་ཁ་བསྡུར། ཨོ་སི་ཊི་རི་ཡའི་གཞུང་གི་སྐབས་གནས་རིང་ཨི་ཊི་ལིར་མེ་འཁོར་ལྕགས་ལམ་སྒོ་བརྒྱབ། ཨི་ཊི་ལིའི་འགོས་ནད་ཁྱབ་ཡུལ་གཙོ་བོ་གཉིས་ནི་རྒྱལ་ཁབ་དེའི་བྱང་ཕྱོགས་ཀྱི་ལམ་བྷར་ཌི་དང་ཝྭེ་ནེ་ཏོ་གཉིས་ཡིན་པས་ཧྥ་རན་སིའི་གཞུང་གིས་ཀྱང་ཨི་ཊི་ལིར་ཏོག་དབྱིབས་རིམས་ནད་ཁྱབ་བཞིན་པར་དོགས་ཟོན་ནན་པོ་བྱེད་ཀྱི་ཡོད་པར་མ་ཟད། དབྱིན་ཇིའི་གཞུང་གིས་ཀྱང་ཨི་ཊི་ལིའི་བྱང་ཕྱོགས་ཀྱི་ཏོག་དབྱིབས་རིམས་ནད་ཁྱབ་ཡུལ་ཁག་ལ་སྤྲོ་འཆམ་དུ་སོང་བའི་དབྱིན་ཇི་བ་རྣམས་རང་ཡུལ་ལ་ཕྱིར་ལོག་བྱས་པའི་རྗེས་སུ་ངེས་པར་དུ་དུས་ཡུན་བདུན་ཕྲག་གཉིས་ལ་རང་ཁྱིམ་དུ་རང་མོས་ཀྱིས་ལོགས་སུ་འདུག་དགོས་ཞེས་བཀོད་ཁྱབ་བཏང་ཞིང་། ཨོ་སི་ཊི་རི་ཡ་དང་ཁུ་རོ་ཤི་ཡ་གཉིས་ལའང་ཏོག་དབྱིབས་རིམས་ནད་ཕོག་པའི་ནད་པ་རེ་ཡོད་པ་རྩད་གཅོད་བྱུང་འདུག དེའི་སྔོན་ལ་འཇར་མན་དང་ཧྥ་རན་སི་སོགས་ལའང་ཏོག་དབྱིབས་རིམས་ནད་འགོས་ཡོད་པའི་ནད་པ་རྩད་གཅོད་བྱུང་བས་ལོ་འདིར་ཡུ་རོབ་རྒྱལ་ཁབ་ཁག་ཏུ་མི་ཚོགས་འདུས་ནས་དཔེ་གསར་གྱོན་གོས་སོགས་ཀྱི་འགྲེམ་སྟོན་འཚོགས་རྒྱུ་ཕྱིར་འཐེན་བྱས་འདུག

ཕྱི་ཚེས་༢༥་ཉིན་ཨི་རན་གྱི་སྲིད་འཛིན་རོ་ཧ་ཎིས་ཁྱབ་བསྒྲགས་བྱས་པ་ལྟར་ན། རྒྱལ་ཁབ་དེར་ཏོག་དབྱིབས་རིམས་ནད་ཁྱབ་ནས་ཉུང་མཐར་ཡང་མི་༡༦་ལ་འཆི་སྐྱོན་བྱུང་དང་ཨི་རན་རྒྱལ་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་ཡོད་པའི་ནད་པ་༩༥་ཡོད་པ་ངེས་གཏན་བྱེད་ཐུབ་ཀྱི་ཡོད་ཅེས་བསྒྲགས། ཉམས་ཞིབ་པ་ཚོས་ཨི་རན་གཞུང་གིས་མི་ལ་འཆི་སྐྱོན་དང་ནད་མནར་གྱི་གྲངས་འབོར་ངོ་མ་ཞིག་ཕྱིར་བསྒྲགས་བྱེད་ཀྱི་མེད་པའི་དོགས་པ་བྱེད་ཀྱི་ཡོད་པས་མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཨི་རན་ལ་སྨན་པ་མཁས་པའི་རུ་ཁག་ཅིག་བཏང་ནས་ཞིབ་འཇུག་བྱ་ཐབས་བྱེད་ཀྱི་ཡོད་པ་རེད། ཨི་རག་ལ་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་༤་གསར་དུ་བྱུང་བས་རྒྱལ་ཁབ་དེར་ཁྱོན་བསྡོམས་འགོས་ནད་ཕོག་པའི་ནད་པ་༥་འདུག ཨི་རཀ་གི་ནད་པ་རྣམས་ཁྱིམ་ཚང་གཅིག་གི་མི་རྣམས་ཡིན་པ་དང་བཟའ་མི་དེ་རྣམས་ཨི་རན་ལ་བསྐྱོད་ནས་འགོས་ནད་ཕོག ད་ལྟ་ཨི་རཀ་གཞུང་གིས་དུས་ཚོད་ངེས་མེད་ཀྱི་བར་དུ་རྒྱ་ནག་ད་ཨི་རན། ཐེ་ལན་ཌི་དང་ལྷོ་ཀོ་རི་ཡ། ཉི་ཧོང་དང་ཨི་ཊི་ལི། སིངྒ་པུར་སོགས་ནས་འགྲུལ་པ་ཡོང་མི་ཆོག་པའི་བཀག་སྡོམ་བྱས་འདུག གོང་གི་རྒྱལ་ཁབ་དེ་དག་ཏུ་བཅའ་སྡོད་ཨི་རཀ་གི་སྤྱི་དམངས་དང་ཕྱི་འབྲེལ་མི་སྣ། གཞུང་འབྲེལ་སྐུ་ཚབ་རྣམས་རང་ཡུལ་ལ་ཕྱིར་ལོག་བྱེད་ཆོག་གི་ཡོད་ཀྱང་ན་ཇབ་གྲོང་ཁྱེར་གྱི་སློབ་གྲྭ་དང་སློབ་ཆེན་ཁག་ཉི་མ་བཅུ་ལ་སྒོ་བརྒྱབ། ཨི་རཀ་གི་མི་དམངས་རྣམས་ཀྱང་ན་ཇབ་གྲོང་ཁྱེར་དུ་བསྐྱོད་རྒྱུ་གཡོལ་ཐབས་བྱ་དགོས་ཞེས་ནན་སྐུལ་བྱས་འདུག ཏུར་ཀིའི་གཞུང་གིས་ཨི་རན་ལ་འཕུར་སྐྱོད་བྱས་པའི་ཏུར་ཀིའི་མཁའ་ལམ་ལས་ཁང་གི་འགྲུལ་པ་དང་གནམ་གྲུའི་ལས་བྱེད་པ་ཚོ་ཉིན་༡༤་ལ་ཟུར་དུ་འགོག་རྒྱུ་ཡིན་ཞེས་བསྒྲགས།

ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ཨི་རན་ལ་མཁའ་ལམ་འགྲིམ་འགྲུལ་དང་སྐྱེལ་འདྲེན་རྣམས་རེ་ཞིག་མཚམས་བཞག ཨི་རན་མི་དམངས་བྱེ་བ་༨་རྒྱལ་སྤྱིའི་ཐོག་ཏུ་འགྲིམ་འགྲུལ་བྱ་ཐབས་གཙོ་བོ་ཞིག་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཀྱི་ཨི་མཱི་རེ་ཊི་དང་ཨི་ཐི་ཧ་ཐེ་མཁའ་ལམ་ལས་ཁང་གཉིས་ཡིན་རུང་ད་ནས་རེ་ཞིག་བར་དུ་འགྲུལ་ལམ་འགག་འདུག ཨོ་མན་གཞུང་གིས་ཕྱི་ཟླ་༢་པའི་ཚེས་༢༦་ནས་ཁཱ་སབ་གྲུ་ཁ་ནས་ཨི་རན་ལ་མཚོ་ཐོག་གི་སྐྱེལ་འདྲེན་དང་འགྲིམ་འགྲུལ་སོགས་རེ་ཞིག་མཚམས་འཇོག་བྱ་དགོས་པའི་ཐག་བཅད། ཁ་སང་གཟའ་ཟླ་བའི་ཉིན་ཨོ་མན་གྱི་གྲུ་ཁ་དེར་ཏོག་དབྱིབས་རིམས་ནད་འགོས་ཡོད་པའི་ནད་པ་གཉིས་ཡོད་པ་ཤེས་རྟོགས་བྱུང་འདུག དཀྱིལ་ཤར་ས་ཁུལ་གྱི་རྒྱལ་ཁབ་ཁུ་ཝེ་ཐེ་ལ་ཏོག་དབྱིབས་རིམས་ནད་འགོས་ཡོད་པའི་མི་༨་ཡོད་པ་རྩད་གཅོད་བྱུང་། ཁུ་ཝེ་ཐེའི་མི་དེ་དག་ལ་ཨི་རན་ནས་ཏོག་དབྱིབས་རིམས་ནད་འགོས་འདུག བྷ་རེན་གཞུང་གིས་ཀྱང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་དྷུ་བྷེ་གྲོང་ཁྱེར་ལ་མཁའ་ལམ་འགྲིམ་གྲུ་བྱ་རྒྱུ་རེ་ཞིག་མཚམས་འཇོག་བྱས་ཀྱང་ད་སྔ་བྷ་རེན་ལ་ཏོག་དབྱབས་རིམས་ནད་ཁྱབ་ཡོད་པའི་ནད་པ་གཅིག་ལས་མེད་ཅིང་། ཨི་སི་རལ་གྱི་བུད་མེད་ཅིག་དང་ཨི་ཇེབ་ཀྱི་ཡུལ་སྐོར་སྤྲོ་འཆམ་ལས་སྣེ་ཞིག་ལའང་ཏོག་དབྱིབས་རིམས་ནད་འགོས། དཀྱིལ་ཤར་ས་ཁུལ་དུ་ཏོག་དབྱིབས་རིམས་ནད་ཁྱབ་ཡུལ་ལྟེ་བ་ནི་ཨི་རན་ཡིན་པས་ཨབ་གྷ་ཎི་སི་ཐན་གྱིས་ཀྱང་ཨི་རན་ལ་ས་མཚམས་བཀག་འདུག

ཐེ་ལན་ཌི་ལ་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་གསར་པ་༢་བྱུང་ཡོད་པས་རྒྱལ་ཁབ་དེར་ཁྱོན་བསྡོམས་ནད་པ་༣༧་ཡོད། ཐེ་ལན་ཌིའི་ནད་པ་དེ་རྣམས་རྒྱ་ནག་ལ་འགྲིམ་འགྲུལ་བྱས་མྱོང་འདུག་ཅེས་བསྒྲགས། ཝྭི་ཏེ་ནམ་ལ་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་༡༦་བྱུང་བ་རྣམས་དྲག་སྐྱེད་བྱུང་སོང་། ཕྱི་ཟླ་༢་པའི་ཚེས་༡༣་ནས་ཝྭི་ཏེ་ནམ་ལ་རིམས་ནད་འགོས་པའི་ནད་པ་གསར་པ་བྱུང་མ་སོང་ཞེས་ཁྱབ་བསྒྲགས་བྱས་འདུག ཧྥི་ལི་ཕིན་གྱི་གཞུང་གིས་ཉོ་ཧོང་གི་གྲུ་ཁར་བཀག་པའི་རྒྱལ་སྤྱིའི་སྤྲོ་འཆམ་གྲུ་གཟིངས་དེར་ཧྥི་ལི་ཕིན་གྱི་སྤྱི་དམངས་ལས་བྱེད་པ་མང་དག་ཅིག་ཡོད་པ་རྣམས་རང་ཡུལ་དུ་བླངས། གྲུ་གཟིངས་དེའི་ལས་བྱེད་པ་ཧྥི་ལིན་ཕིན་གྱི་སྤྱི་དམངས་བཅུ་གྲངས་ཤིག་ལ་ཏོག་དབྱིབས་རིམས་ནད་འགོས། ཁེ་ན་རི་གླིང་ཕྲན་གྱི་མགྲོན་ཁང་ཞིག་ཏུ་འགྲུལ་པ་ཞིག་ལ་ཏོག་དབྱིབས་རིམས་ནད་འགོས་ཡོད་པ་ཤེས་རྟོགས་བྱུང་བས་སི་པེན་གཞུང་གིས་འཕྲལ་དུ་མགྲོན་ཁང་དེ་སྒོ་བརྒྱབ་ནས་བརྟག་དཔྱད་བྱ་དགོས་པའི་ཐག་བཅད། ཨ་རིའི་གཞུང་གིས་ཏོག་དབྱིབས་རིམས་ནད་སྔོན་འགོག་ཆེད་དུ་ཨ་སྒོར་ཐེར་འབུམ་༢་དང་ཕྱེད་ཀ་ཟུར་འཇོག་བྱ་རྒྱུའི་འགྲོ་གྲོན་ཆོག་མཆན་སྤྲད། ད་ལྟ་རྒྱ་ནག་ནས་བྱུང་བའི་ཏོག་དབྱིབས་རིམས་ནད་ཨེ་ཤི་ཡ་དང་དཀྱིལ་ཤར་ས་ཁུལ། ཨ་ཧྥི་རི་ཀ་དང་བྱང་ཨ་རི་དང་ཡུ་རོབ་བཅས་སུ་འཛམ་གླིང་གི་རྒྱལ་ཁབ་༣༠་ཡས་མས་ཤིག་ལ་ཁྱབ། མི་༨༠༠༠༠་ལྷག་ལ་རིམས་ནད་འགོས་པ་དང་མི་༢༧༠༠་ལྷག་ལ་འཆི་སྐྱོན་ཕོག་འདུག

XS
SM
MD
LG