ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

རིམས་ནད་རྒྱ་ནག་གི་བཙོན་ཁང་ཁག་དང་ལྷོ་ཀོ་རི་ཡར་ཁྱབ་གདལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཝུ་ཧན་གྲོང་ཁྱེར་ནས་བྱུང་བའི་ཏོག་དབྱིབས་རིམས་ནད་རྒྱ་ནག་གི་བཙོན་ཁང་ཁག་དང་ཉི་ཧོང་། ལྷོ་ཀོ་རི་ཡ་བཅས་ལ་ཁྱབ་གདལ་འགྲོ་རྒྱུ་ཤུགས་ཆེ་རུ་ཕྱིན་ཡོད་པ་སྟེ། ཕྱི་ཟླ་༢་པའི་ཚེས་༢༡་ཉིན་རྒྱ་ནག་གི་རྒྱལ་ཡོངས་འཕྲོད་བསྟེན་དང་བདེ་ཐང་ལྷན་ཁང་གིས་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་པའི་ཏོག་དབྱིབས་ནད་དུག་གི་རྐྱེན་གྱིས་མི་༢༢༣༦་ལ་འཆི་སྐྱོན་དང་ནད་པའི་གྲངས་འབོར་མི་༧༥༤༦༥་ཟིན། ཁ་སང་ཉི་མ་གཅིག་ལ་མི་༡༡༨་ཏོག་དབྱིབས་ནད་དུག་གི་རྐྱེན་གྱིས་འདས་གྲོངས་སུ་གྱུར། རྒྱ་ནག་རྒྱལ་ཡོངས་སུ་ནད་པ་གསར་པ་༡༡༠༩་འཕར་སྣོན་བྱུང་སོང་། འཆི་སྐྱོན་ཕོག་པ་དེ་དག་གི་གྲས་སུ་ལོ་ན་༢༩་ལ་སོན་པའི་ཝུ་ཧན་གྲོང་ཁྱེར་གྱི་ཅང་ཞཱ་ས་ཁུལ་དེའི་མི་དམངས་སྨན་ཁང་དང་པོའི་སྨན་པ་ཕེང་དབྱིན་ཧྭ་ཚུད་ཡོད་ཅེས་བསྒྲགས། རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་དབུས་དམར་ཤོག་ཚོགས་པའི་རྒྱུན་ལས་འཐུས་མི་ཚོའི་ཚོགས་འདུ་ཞིག་གི་ཐོག་ཏུ་རིམས་ནད་འགོས་པའི་ནད་པའི་གྲངས་འབོར་ཉུང་དུ་འགྲོ་བཞིན་ཡོད་ཀྱང་ཧུ་པེ་ཞིང་ཆེན་གྱི་ཏོག་དབྱིབས་རིམས་ནད་དེའི་ངར་ཤུགས་ཆག་མེད་པར་སྣང་། ང་ཚོས་ཧུ་པེ་ཞིང་ཆེན་དང་ཝུ་ཧན་གྲོང་ཁྱེར་གཉིས་རིམས་ནད་དེ་ལས་སྐྱོབ་ཐབས་ཀྱི་འཐབ་རྩོད་དྲག་པོ་བྱ་དགོས། རིམས་ནད་བཀག་སྡོམ་གྱི་ལས་ཐབས་ཁག་ལག་ལེན་ཚུལ་བཞིན་བསྟར་དགོས་ཞེས་གཏམ་བཤད་བྱས་འདུག

དེ་རིང་གཟའ་པ་སངས་ཉིན་རྒྱ་ནག་གི་ཁྲིམས་འཛིན་ལྷན་ཁང་གི་འགན་འཛིན་ཧེ་ཕིང་གིས་གསར་འགོད་པ་ཚོར་བཤད་པ་ལྟར་ན། ཝུ་ཧན་གྲོང་ཁྱེར་གྱི་བུད་མེད་བཙོན་ཁང་དུ་མི་༢༣༠་དང་ཧན་ཅིན་བཙོན་ཁང་དུ་མི་༤༡་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་པ་ངེས་གཏན་བྱེད་ཐུབ། མི་༩་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་དོགས་པ་ཡོད་ཅེས་བསྒྲགས། རྒྱ་ནག་གི་ཧྲན་ཏུང་ཞིང་ཆེན་གྱི་བཙོན་ཁང་ཞིག་ཏུའང་མི་༢༠༠་ཐམ་པར་ཏོག་དབྱིབས་ནད་དུག་འགོས་ཡོད་པར་མ་ཟད། ཀྲེ་ཅང་ཞིང་ཆེན་གྱི་ཧྥི་ལི་ཧྥེང་བཙོན་ཁང་དུའང་མི་༣༤་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་པ་ངེས་གཏན་བྱུང་འདུག དེར་བརྟེན་རྒྱ་ནག་དམར་ཤོག་གཞུང་གིས་ཏོག་དབྱིབས་ནད་དུག་ཁྱབ་སའི་བཙོན་ཁང་ཁག་ལ་རྟོག་ཞིབ་རུ་ཁག་ཅིག་བཏང་སྟེ་ཧྲན་ཏུང་ཞིང་ཆེན་གྱི་ཁྲིམས་འཛིན་ལྷན་ཁང་གི་དམར་ཤོག་ཚོགས་པའི་དྲུང་ཆེ་ཤེའི་ཝེ་ཅུན་དང་བཙོན་ཁང་གི་ལས་སྣེ་༧་གྱིས་ལས་འགན་འཐུས་ཤོར་སོང་བའི་ནག་ཉེས་ཐོག་ཏུ་ལས་གནས་ནས་དབྱུང་། རྒྱ་ནག་གི་སྤྱི་བདེ་ལྷན་ཁང་གི་འགན་འཛིན་ལི་ཅིང་ཧྲེང་གིས་རིམས་ནད་བཀག་སྡོམ་དུས་སུ་ཁྲིམས་འགལ་གྱི་ཚོང་ལས་གཉེར་པ་དང་དངོས་ཟོག་གི་རིན་གོང་སྤར་བ། རི་སྐྱེས་སེམས་ཅན་སོགས་ཁྲིམས་འགལ་ཐོག་ཏུ་སྐྱེལ་འདྲེན་བྱས་པ། མང་ཚོགས་ལ་དཀྲོག་གཏམ་སྒྲོགས་པ་དང་གསར་འགྱུར་ལོག་པ་སྤེལ་མཁན་སོགས་ལ་ཁྲིམས་གཅོད་ནན་པོ་བྱེད་ཀྱི་ཡོད་ཅེས་བཤད།

གཟའ་པ་སངས་ཉིན་ལྷོ་ཀོ་རི་ཡའི་འཕྲོད་བསྟེན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་པ་ལྟར་ན། ཁ་སང་གཅིག་པུར་ལྷོ་ཀོ་རི་ཡར་རྒྱ་ནག་གི་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༡༠༠་ཐམ་པ་བྱུང་སོང་། ད་ལྟ་ལྷོ་ཀོ་རི་ཡ་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་༢༠༤་ཡོད། ནད་པ་༨༧་ལ་ཏེ་གུ་གྲོང་ཁྱེར་གྱི་ཡེ་ཤུའི་ལྷ་ཁང་ཞིག་ཏུ་ནད་དུག་འགོས་པར་སྣང་། ཏེ་གུ་གྲོང་ཁྱེར་ལ་མི་འབོར་ས་ཡ་༢་དང་ཕྱེད་ཀ་ཡས་མས་ཤིག་ཡོད། བདུན་ཕྲག་འདིའི་མགོ་སྟོད་དེར་ལོ་ན་༦༡་ལ་སོན་པའི་བུད་མེད་ཅིག་ལ་ནད་རྟགས་ཐོན་སོང་། ཁོ་མོས་ཡེ་ཤུ་ལྷན་ཁང་དེར་འདུས་པའི་ཆོས་དད་པ་གཞན་ཚོས་རིམས་ནད་བགོས་པ་འདྲ་ཞེས་ཚོད་དཔག་བྱེད་ཀྱི་ཡོད་པ་རེད། ལྷོ་ཀོ་རི་ཡའི་ཡེ་ཤུ་ལྷ་ཁང་དེ་༡༩༨༤་ལོར་བཙུགས། ཆོས་ཚོགས་དེར་འཛམ་གླིང་ཁྱོན་ཡོངས་སུ་ཚོགས་མི་འབུམ་༢་ལྷག་ཡོད་པས་ལྷོ་ཀོ་རི་ཡའི་གཞུང་གིས་ཆོས་ཚོགས་དེར་གནས་སྐབས་རིང་འདུ་འཛོམས་བྱེད་མི་དགོས་པ་དང་ཆོས་ལུགས་ཀྱི་བྱེད་སྒོ་ཁག་སྤེལ་མི་དགོས་པའི་འབད་བརྩོན་བྱ་དགོས་ཞེས་བཀོད་ཁྱབ་བཏང་ཞིང་། ལྷོ་ཀོ་རི་ཡར་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་གསར་པ་༡༠༠་བྱུང་ཡོད་པ་དེ་དག་གི་གྲས་སུ་རྒྱལ་ཁབ་དེའི་དམག་མི་གཉིས་ཀྱང་ཚུད། ཁ་སང་གཟའ་ཕུར་བུའི་ཉིན་མོར་ལྷོ་ཀོ་རི་ཡའི་སྐྱེས་པ་ལོ་ན་༦༣་ལ་སོན་པ་ཞིག་ལ་ཏོག་དབྱིབས་རིམས་ནད་འགོས་ནས་འདས་གྲོངས་སུ་གྱུར་འདུག

ད་ལྟ་ཉི་ཧོང་རྒྱལ་ཡོངས་སུ་རྒྱ་ནག་གི་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་༩༧་ཡོད་པ་དང་ཉི་ཧོང་གི་མཚོ་ཁར་བཀག་པའི་རྒྱལ་སྤྱིའི་སྤྲོ་འཆམ་གྲུ་གཟིངས་ཤིག་ལ་ཏོག་དབྱིབས་རིམས་ནད་ཁྱབ་ནས་ནད་པ་༥༤༢་བྱུང་ཡོད། ནད་པ་དེ་ཚོར་ཉི་ཧོང་གི་སྨན་ཁང་ཞིག་ཏུ་སྨན་བཅོས་བྱེད་ཀྱི་ཡོད་པ་རྣམས་ཕྱོགས་བསྡོམས་བྱས་ཚེ། ཉི་ཧོང་རྒྱལ་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་༦༠༧་ཡོད་ཅིང་། རྒྱལ་སྤྱིའི་སྤྲོ་འཆམ་གྲུ་གཟིངས་དེར་མི་༣༧༠༠་ཡོད་པ་རྣམས་ཉི་ཧོང་ནས་རང་རང་གི་རྒྱལ་ཁབ་ཁག་ལ་ཕྱིར་ལོག་བྱས་ཡོད་པས་འགྲུལ་པ་དེ་ཚོས་ཉི་ཧོང་གི་སྤྱི་ཚོགས་སུ་ནད་དུག་བགོས་ཡོད་སྲིད་པའི་ཉེན་ཁ་ཆེ། མི་ཁག་ཅིག་གིས་ལོ་འདིར་ཉི་ཧོང་ལ་རྒྱལ་སྤྱིའི་དབྱར་དུས་ཀྱི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་འཚོགས་འཆར་ཡོད་པ་ཕྱིར་འཐེན་བྱ་དགོས། ཉི་ཧོང་ལ་ཏོག་དབྱིབས་ནད་དུག་ཁྱབ་ནས་རྒྱལ་སྤྱིའི་རྩེད་འགྲན་པ་དང་ལྟད་མོ་བ་ཚོའི་བདེ་འཇགས་ལ་འགན་ལེན་མི་འདུག ༢༠༢༠་ལོའི་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་དབྱིན་ཇིའི་རྒྱལ་ས་ལོན་ཌོན་ལ་འཚོགས་ཟེར་གྱི་ཡོད་ཀྱང་ཉི་ཧོང་གི་རྒྱལ་ས་ཀྲོག་ཁིའོ་གྲོང་ཁྱེར་གྱི་སྤྱི་ཁྱབ་ཀོ་ཡེ་ཁིས་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་ཚོགས་ཡུལ་ལོན་ཌོན་ལ་སྤོར་དགོས་ཟེར་པའི་སྐད་ཆ་དེ་ཚོ་འོས་འཚམས་ཤིག་མ་རེད་ཅེས་དགག་པ་བརྒྱབ།

ཧོང་ཀོང་གི་ཉེན་རྟོག་པ་རྣམས་གསོལ་སྟོན་ཞིག་ལ་མཉམ་ཞུགས་བྱས་ནས་མི་༤་ལ་ཏོག་དབྱིབས་རིམས་ནད་འགོས། ཨི་རན་ལ་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་གསར་པ་༡༣་འཕར་སྣོན་སོང་། རྒྱལ་ཁབ་དེའི་འཕྲོད་བསྟེན་ལྷན་ཁང་གིས་མི་༤་ལ་ཏོག་དབྱིབས་རིམས་ནད་འགོས་ནས་འདས་གྲོངས་སུ་གྱུར་པ་དང་ད་ལྟ་ཨི་རན་རྒྱལ་ཡོངས་སུ་ཁྱོན་བསྡོམས་ནད་པ་༡༨་ཡོད་ཅེས་བསྒྲགས་འདུག ཉི་ཧོང་གི་མཚོ་ཁར་ཉི་མ་༡༤་ལ་བཀག་པའི་རྒྱལ་སྤྱིའི་སྤྲོ་འཆམ་གྲུ་གཟིངས་དེ་ནས་རང་ཡུལ་དུ་སླེབས་པའི་ཨི་སི་རལ་གྱི་བུད་མེད་གཅིག་ལའང་ཏོག་དབྱིབས་རིམས་ནད་འགོས་ཡོད་པ་ཤེས་རྟོགས་བྱུང་ཞིང་། ཨོ་གླིང་གཞུང་གིས་ཉི་ཧོང་གི་མཚོ་ཁར་འགགས་པའི་རྒྱལ་སྤྱིའི་སྤྲོ་འཆམ་གྲུ་གཟིངས་དེ་ནས་སྐྱོབ་ལེན་བྱས་པའི་མི་གཉིས་ལ་ཏོག་དབྱིབས་རིམས་ནད་འགོས་ཡོད་པ་ཤེས་རྟོགས་བྱུང་འདུག ཡུ་རོབ་རྒྱལ་ཁབ་ཨི་ཊི་ལིར་སླར་ཡང་ཏོག་དབྱིབས་རིམས་ནད་འགོས་ཡོད་པའི་ནད་པ་གསར་པ་གཉིས་མང་དུ་སོང་། བྱང་ཀོ་རི་ཡའི་གཞུང་གིས་ཏོག་དབྱིབས་ནད་དུག་ཁྱབ་སྲིད་པའི་འཇིགས་སྣང་གིས་ཕྱི་ཟླ་༤་པར་རྒྱལ་ས་ཕིང་དབྱང་ལ་རྒྱང་རྒྱུག་ཆེན་པོ་ཞིག་འཚོགས་སྲོལ་ཡོད་པ་ཕྱིར་འཐེན་བྱས་པ་དང་དབུས་ཨེ་ཤི་ཡའི་རྒྱལ་ཁབ་ཀིར་གྷི་སི་ཐན་གཞུང་གིས་རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་པ་ཚོར་གནས་སྐབས་རིང་ཐོངས་མཆན་སྤྲོད་རྒྱུ་མིན། ཐོངས་མཆན་སྤྲད་ཟིན་པའི་རྒྱ་ནག་གི་སྤྱི་དམངས་རྣམས་ཀིར་གྷི་སི་ཐན་ལ་ཡོང་ཅེས་ཁྱབ་བསྒྲགས་བྱས་འདུག

ཡུཀ་རེན་གྱི་གཞུང་གིས་རང་གི་སྤྱི་དམངས་༤༥་དང་ལཱ་ཊིན་ཨ་མི་རི་ཀའི་རྒྱལ་ཁབ་ཁག་གི་ཕྱི་རྒྱལ་བ་༢༧་བཅས་མི་༧༢་རྒྱ་ནག་ནས་བླངས། ཁོ་ཚོར་ཕཱོལ་ཏ་ཝྭ་ས་གནས་སུ་སྨན་བཅོས་བྱེད་ཀྱི་ཡོད་ཀྱང་མི་མང་གིས་འགོས་ནད་ཁྱབ་སྲིད་པའི་འཇིགས་སྣང་བྱས་ནས་རླངས་འཁོར་གྱི་འཁོར་ལོ་རྣམས་མེར་སྲེག་བཏང་སྟེ་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད། ཨི་རཀ་གཞུང་གིས་རིམས་ནད་སྔོན་འགོག་ཆེད་དུ་གནས་སྐབས་རིང་ཨི་རན་ལ་མཚམས་བཀག་ནས་འགྲིམ་འགྲུལ་དང་སྐྱེལ་འདྲེན། མཁའ་ལམ་སོགས་ཉི་མ་བཞི་ལ་བཀག་འདུག སོ་ཌི་ཨ་རེ་བྷི་ཡའི་གཞུང་གིས་ཏོག་དབྱིབས་རིམས་ནད་ལ་དོགས་ཟོན་བྱས་ནས་རྒྱལ་ས་རི་ཡ་ཌི་གྲོང་ཁྱེར་དུ་མངའ་ཁུལ་དེའི་ཚོགས་འདུ་ཚོགས་ཤིག་འཚོགས་ཀྱི་ཡོད་པ་དེར་ཁ་ཊར་རྒྱལ་ཁབ་ཀྱི་འཕྲོད་བསྟེན་བློན་ཆེན་དུས་ཐོག་ཏུ་ཚོགས་ཞུགས་བྱེད་ཆོག་པའི་ཐོངས་མཆན་སྤྲད་མེད་པ་དང་ཁ་ཊར་རྒྱལ་ཁབ་ལ་ཏོག་དབྱིབས་རིམས་ནད་ཁྱབ་ཡོད། རྒྱ་ནག་གི་ཧུ་པེ་ཞིང་ཆེན་དང་ཝུ་ཧན་གྲོང་ཁྱེར་དུ་པ་ཀི་སི་ཐན་གྱི་སློབ་ཕྲུག་༡༠༠༠་ལྷག་ཡོད་པ་རྣམས་རང་ཡུལ་ལ་སྐྱོབ་ལེན་བྱ་རྒྱུ་མིན་པའི་ཐག་གཅོད་བྱས་པར་རྒྱ་ནག་གི་གཞུང་ཚབ་པས་བསྔགས་བརྗོད་བྱས། འོན་ཀྱང་ཕ་མ་ཚོས་སློབ་ཕྲུག་དེ་རྣམས་རྒྱ་ནག་ནས་རང་ཡུལ་ལ་སྐྱོབ་ལེན་བྱ་དགོས་ཞེས་པ་ཀི་སི་ཐན་གཞུང་ལ་ངོ་རྒོལ་བྱས་འདུག ད་ལྟའི་བར་དུ་རྒྱ་ནག་གི་ཕྱི་ལོགས་སུ་ཨི་རན་ལ་མི་༤་དང་ཉི་ཧོང་ལ་མི་གསུམ། ལྷོ་ཀོ་རི་ཡར་མི་༢་དང་ཧོང་ཀོང་བ་གཉིས། ཐེ་ཝན་པ་གཉིས་དང་ཧྥ་རན་སིར་མི་གཅིག ཧྥི་ལི་ཕིན་གྱི་སྐྱེས་པ་ཞིག་བཅས་མི་༡༥་ལ་ཏོག་དབྱིབས་རིམས་ནད་འགོས་ནས་འཆི་སྐྱོན་བྱུང་ཡོད་པ་རེད།།

XS
SM
MD
LG