ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱ་ནག་གི་ཏོག་དབྱིབས་ནད་དུག་གིས་མི་༡༤༨༨་གྲོངས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཕྱི་ཟླ་༢་ཚེས་༡༤་ཉིན་རྒྱ་ནག་གི་རྒྱལ་ཡོངས་འཕྲོད་བསྟེན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་པ་ལྟར་ན། ཝུ་ཧན་གྲོང་ཁྱེར་ནས་ཁྱབ་པའི་ཏོག་དབྱིབས་ནད་དུག་གི་རྐྱེན་གྱིས་ཁྱོན་བསྡོམས་མི་༡༤༨༨་ལ་འཆི་སྐྱོན་དང་ནད་པའི་གྲངས་འབོར་༦༣༨༥༡་ཟིན་སོང་། གཟའ་འཁོར་འདིར་ཧུ་པེ་ཞིང་ཆེན་གྱི་སྨན་ཁང་ཁག་གིས་མི་ལ་བརྟག་དཔྱད་བྱེད་སྟངས་གསར་པ་ཞིག་ལག་ལེན་བསྟར་ནས་བཟུང་། འདས་པའི་ཉི་མ་གཉིས་ལ་ནད་པ་གསར་པ་༡༤༠༠༠་ལྷག་བྱུང་ཡོད། ཁ་སང་ཕྱི་ཟླ་༢་ཚེས་༡༣་གཅིག་པུར་ནད་པ་༡༢༡་ལ་འཆི་སྐྱོན་དང་ནད་པ་གསར་པ་༥༠༩༠་ཐོན་སོང་། མི་ལ་འཆི་སྐྱོན་བྱུང་བ་དེ་དག་གི་གྲས་སུ་འཕྲོད་བསྟེན་ལས་སྣེ་༦་དང་ནད་པའི་གྲས་སུའང་འཕྲོད་བསྟེན་ལས་སྣེ་༡༧༠༠་ཡོད་ཅེས་ཁྱབ་བསྒྲགས་བྱས་འདུག

ད་ལོའི་ནད་ཡམས་རྗེས་སུ་ཧུ་པེ་ཞིང་ཆེན་གྱི་སྨན་ཁང་ཁག་གི་སྨན་པ་དང་འཕྲོད་བསྟེན་ལས་སྣེ་ཚོར་ནད་དུག་འགོས་ནས་འཆི་སྐྱོན་བྱུང་བའམ། ཡང་ན་ཁོ་ཚོར་འགོས་ནད་འཕོག་གི་ཡོད་པར་བལྟས་ན་རྒྱ་ནག་གི་སྨན་ཁང་ཁག་གི་སྨན་པ་དང་སྨན་ཞབས་པ་ཚོར་ནད་འགོག་གྱོན་ཆས་དང་དེ་མིན་གྱི་མཐུན་རྐྱེན་ཡག་པོ་མེད་པ་མཚོན་ཐུབ་ཅེས་ཉམས་ཞིབ་པ་ཚོས་དཔྱད་རྩོམ་སྤེལ་འདུག

འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ལས་སྣེ་ཚོས་མི་ལ་འཆི་སྐྱོན་དང་ནད་པའི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་པ་འདིས་རིམས་ནད་འདི་འཇོམས་འགྲོ་རྒྱུའི་རྟགས་མཚན་མེད་ཅིང་། ཏོག་དབྱིབས་ནད་དུག་འདི་མེད་པར་འགྱུར་བར་ལོ་གཅིག་ཡས་མས་ཤིག་འགོར་སྲིད། འདི་ནི་མཚོ་ནང་དུ་ཆགས་པའི་འཁྱག་རི་ཞིག་གི་རྩེ་མོ་ཙམ་མཐོང་བ་དང་འདྲ་མཚུངས་རེད་ཅེས་དོགས་ཟོན་བྱ་དགོས་པའི་བརྡ་ཞིག་བཏང་འདུག རྒྱ་ནག་གཞུང་དང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་གཉིས་ཀྱི་སྨན་བཅོས་བྱེད་སྟངས་ལ་མ་འདྲ་བའི་ཁྱད་པར་ཡོད་པས་རྒྱ་ནག་ལ་ཏོག་དབྱིབས་ནད་དུག་ཕོག་ཡོད་པའི་ནད་པ་ཅི་ཙམ་ཡོད་མེད་ཀྱི་གྲངས་འབོར་རྩིས་སྟངས་ལ་ཁྱད་པར་ཡོད་པ་རེད། ཧུ་པེ་ཞིང་ཆེན་གཞུང་གིས་མི་ལ་ཞིབ་བརྟག་གློག་པར་བརྒྱབ་ནས་བརྟག་དཔྱད་བྱ་རྒྱུ་འགོ་ཚུགས། ཞིབ་བརྟག་གློག་པར་ལ་གློ་ནད་ཅན་ཚོའི་གློ་བ་རྣམས་དཀར་པོ་ཡིན་པ་དང་གློ་བའི་ཐོག་ཏུ་ཤེལ་སྒོ་ཆག་པ་ལྟར་གྱི་རི་མོ་གསལ། དེར་བརྟེན་ཧུ་པེ་ཞིང་ཆེན་གྱི་སྨན་པ་ཚོས་མི་དེར་ཏོག་དབྱིབས་ནད་དུག་འགོས་ཡོད་པར་བརྩིས་ནས་སྨན་བཅོས་བྱེད་ཀྱི་ཡོད། འོན་ཀྱང་གློ་ཚད་དཀྱུས་མ་ཞིག་བྱུང་ཡོད་པའི་ནད་པ་ཚོ་ལའང་ཞིབ་བརྟག་གློག་པར་བརྒྱབ་ན་ནད་རྟགས་གཅིག་མཚུངས་ཤིག་ཐོན་གྱི་ཡོད་པ་རེད།

བོད་ཀྱི་ས་ཁུལ་ཁག་ལ་མཚོན་ན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་ཏོག་དབྱིབས་ནད་དུག་ཕོག་ཡོད་པའི་ནད་པ་༤༣་ཡོད་ཅིང་། འདི་ནི་ཉི་མ་གཅིག་གི་སྔོན་དང་བསྡུར་ན་ནད་པ་༦་མང་དུ་ཕྱིན་འདུག མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ས་ཟི་ལིང་གྲོང་ཁྱེར་དུ་ནད་པ་༡༥་དང་མཚོ་བྱང་ཁུལ་དུ་ནད་པ་༣་ཡོད་པ་དེར་འགྱུར་བ་མེད། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་ནད་པ་གཅིག་ཇེ་མང་དུ་ཕྱིན་ནས་ཁྱོན་བསྡོམས་ནད་པ་༨་ཡོད་པའི་གནས་ཚུལ་ཐོན། རྔ་པ་བོད་རིགས་རང་སྐྱོང་ཁུལ་དུའང་སྔར་བཞིན་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་༡་ལས་མེད་ཀྱང་ཁྱོན་བསྡོམས་བོད་ཀྱི་ས་ཁུལ་ཁག་ཏུ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་པའི་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་ནད་པ་༦༩་ཡོད་འདུག འོན་ཀྱང་ནད་པ་ཚང་མ་བོད་པ་ཡིན་མིན་གྱི་གནས་ཚུལ་གསལ་པོ་ཞིག་རྩད་གཅོད་བྱེད་དཀའ། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ནད་པ་མང་ཆེ་བ་ནི་རྟའུ་རྫོང་གཅིག་པུར་ཡོད་པ་དང་ནད་པ་དེ་རྣམས་ཁྱིམ་ཚང་གསུམ་གྱི་མི་ཡིན་པར་མ་ཟད། ཁྱིམ་ཚང་གཅིག་ལ་ནད་པ་མི་༡༠་ཡོད་འདུག ད་དུང་རྟའུ་རྫོང་གི་མི་༡༨༠་ལྷག་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་དོགས་པ་བྱས་ནས་ཟུར་དུ་བཀག་ཡོད་པའི་གནས་ཚུལ་ཐོན་འདུག དེང་སྐབས་རྟའུ་རྫོང་ལ་རིམས་ནད་ཁྱབ་ནས་དཀའ་ངལ་ཚབས་ཆེན་ཞིག་འཕྲད་ཡོད་པ་སེལ་ཐབས་སུ་བོད་པ་སྤྱི་སྒེར་གཉིས་དང་སྐྱ་སེར་ལ་དབྱེ་བ་མེད་པར་དངུལ་སྒོར་ཞལ་འདེབས་དང་ཁ་རས་ཉོ་བ། ལི་ཐང་རྫོང་ནས་དང་བླངས་སྨན་ཞབས་པ་བུད་མེད་༥་རྟའུ་རྫོང་དུ་རོགས་སྐྱོར་ལ་ཕྱིན་པ་སོགས་བོད་པ་ཚོས་སྐྱིད་སྡུག་མཉམ་མྱོང་གི་ལས་འགུལ་སྤེལ་རྒྱུ་ཇེ་མང་དུ་སོང་། ཐོག་མར་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཡོང་བའི་རྒྱ་ནག་པ་ཞིག་ལ་ཏོག་དབྱིབས་ནད་དུག་བྱུང་རུང་ཁོ་པར་ལྷ་སའི་སྨན་ཁང་ཞིག་ཏུ་སྨན་བཅོས་བྱས་པའི་རྗེས་སུ་གཟའ་ལྷག་པའི་ཉིན་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་ཐོན་འདུག

ཧུ་པེ་ཞིང་ཆེན་གཙོ་བོར་གྱུར་པའི་རྒྱ་ནག་གི་ས་གནས་ཁག་ལ་ཏོག་དབྱིབས་ནད་དུག་ཁྱབ་ནས་མི་ལ་འཆི་སྐྱོན་དང་ནད་མནར་གྱི་དཀའ་ངལ་ཚབས་ཆེན་ཞིག་འཕྲད་ཀྱི་ཡོད་མོད། ཡིན་ནའང་ད་སྔ་ཧྥི་ལི་ཕིན་གྱི་སྐྱེས་པ་ཞིག་དང་ཧོང་ཀོང་བ་ཞིག ཕྱི་ཟླ་༢་ཚེས་༡༤་ཉིན་ལོ་ན་༨༠་གྱ་གྲངས་སུ་སོན་པའི་ཉི་ཧོང་གི་བུད་མེད་ཅིག་ལ་ཏོག་དབྱིབས་ནད་དུག་ཕོག་ནས་འདས་གྲོངས་སུ་གྱུར་ཡོད་པ་ལས། འཛམ་གླིང་རྒྱལ་ཁབ་ཁག་ཏུ་མི་ལ་འཆི་སྐྱོན་བྱུང་བའི་གནས་ཚུལ་ཐོན་མེད། དེ་རིང་གཟའ་པ་སངས་ཀྱི་མཚམས་སུ་ཨ་མི་རི་ཀར་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་ནད་པ་༡༥་ཡོད་ཀྱང་ཨ་རི་བ་དེ་དག་ལ་རང་རང་གི་ས་གནས་སོ་སོའི་སྨན་ཁང་ཁག་ཏུ་སྨན་བཅོས་བྱས་ནས་དྲག་སྐྱེད་ཡག་པོ་ཡོང་གི་ཡོད་པ་རེད། རྒྱ་ནག་གི་ཧུ་པེ་ཞིང་ཆེན་ནས་སྐྱོབ་ལེན་བྱས་པའི་ཨ་མི་རི་ཀ་བ་རྣམས་དང་རྒྱལ་ཁབ་གཞན་གྱི་སྤྱི་དམངས་རྣམས་དུས་ཡུན་བདུན་ཕྲག་གཉིས་ལ་ཟུར་དུ་བཀག་ནས་བརྟག་དཔྱད་བྱེད་ཀྱི་ཡོད་ཅིང་། དུས་ཡུན་བདུན་ཕྲག་གཉིས་ཀྱི་རྗེས་སུ་སྐྱེ་བོ་དེ་རྣམས་རང་ཁྱིམ་ལ་ལོག་པར་བྱས་ཀྱང་འབྲེལ་ཡོད་རྒྱལ་ཁབ་ཁག་གི་སྤྱི་ཚོགས་ལ་འགོས་ནད་ཁྱབ་ཀྱི་མེད་པ་རེད།

རྒྱ་ནག་གི་ཏོག་དབྱིབས་ནད་དུག་ཁྱབ་སྲིད་པའི་འཇིགས་སྣང་གིས་རྒྱལ་སྤྱིའི་འགྲུལ་སྐྱེལ་སྤྲོ་འཆམ་གྲུ་གཟིངས་ཤིག་རྒྱལ་ཁབ་ལྔས་རང་རང་གི་མཚོ་ཁར་འབབ་སྡོད་བྱེད་དུ་མ་བཅུག་པར་ཡུན་རིང་འགོར། ཕྱི་ཟླ་༢་ཙེས་༡༤་ཉིན་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁེམ་བྷོ་ཎི་ཡའི་གཞུང་གིས་རང་གི་མཚོ་ཁ་ཞིག་ལ་གྲུ་གཟིངས་དེ་འབབ་སྡོད་བྱེད་དུ་བཅུག ཁེམ་བྷོ་ཌི་ཡའི་སྲིད་བློན་ཧུན་སེན་གྱིས་རྒྱ་སེ་མེ་ཏོག་འཁྱེར་ནས་གྲུ་གཟིངས་ནང་གི་འགྲུལ་པ་ཚོར་སྣེ་ལེན་བྱས་འདུག དེའི་སྔོན་ལ་ཐེ་ལན་ཌི་དང་ཉི་ཧོང་། ཐེ་ཝན་དང་ཧྥི་ལི་ཕིན། ཨ་མི་རི་ཀའི་གྭམ་ས་ཁུལ་བཅས་ཀྱི་གྲུ་ཁ་དེ་ཚོར་རྒྱལ་སྤྱིའི་འགྲུལ་སྐྱེལ་སྤྲོ་འཆམ་གྲུ་གཟིངས་དེ་འབབ་སྡོད་བྱེད་དུ་བཅུག་མེད། ད་དུང་ཉི་ཧོང་གི་ཡོ་ཁཱོ་ཧ་མ་གྲུ་ཁར་རྒྱལ་སྤྱིའི་འགྲུལ་སྐྱེལ་སྤྲོ་འཆམ་གྲུ་གཟིངས་ཤིག་འགག་ཡོད་པ་དེའི་ནང་དུ་ནད་པ་༢༡༨་ཡོད་པ་རྣམས་བསྡོམས་ཚེ། ད་ལྟ་ཉི་ཧོང་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་ཕོག་ཡོད་པའི་ནད་པ་༢༥༢་ཡོད་པ་གཏན་ཁེལ་བྱུང་ཡོད་པ་དང་རྒྱ་ནག་གི་ཕྱི་ལོགས་སུ་ཝུ་ཧན་གྱི་ཏོག་དབྱིབས་ནད་དུག་ཕོག་ཡོད་པའི་མི་༥༦༠་ཡོད་པ་རེད།

XS
SM
MD
LG