ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨུ་རུ་སུར་ཇུས་ཉེས་བྱུང་སྟེ་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུ་ཐེ་ཚོམ་དུ་གྱུར།


༄༅།། ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་ཡུཀ་རེན་ལ་དམག་བརྒྱབ་ནས་རྒྱལ་ཁབ་དེ་བདེ་བླག་ཏུ་ལེན་ཐུབ་རྒྱུའི་རྩིས་བརྒྱབ། ད་ལྟ་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་ཉི་མ་༢༢་འགྲོ་བའི་སྐབས་འདིར་ཨུ་རུ་སུའི་དམག་ལ་ཕམ་ཉེས་ཆེན་པོ་བྱུང་། ཕྱི་ཟླ་༣་པའི་ཚེས་༡༧་ཉིན་ཨ་རིའི་སྐམ་མཚོའི་དམག་དཔུང་བཀོད་འདོམས་པ་དམག་སྤྱི་ཌེ་ཝི་ཌི་བྷར་གྷེར་ལ་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་གྱི་གསར་འགོད་པས་བཅར་འདྲི་ཞུས་པ་ལྟར་ན། ཡུཀ་རེན་གྱི་དམག་འཁྲུག་སྐབས་འདིར་ཨུ་རུ་སུ་ལ་ཇུས་ཉེས་འབྱུང་གི་ཡོད་པས་རྒྱ་ནག་གི་དམག་དོན་འཐབ་ཇུས་མཁས་པ་ཚོས་དབྱིན་ལེ་༡༢༤་ཙམ་གྱི་ཕ་རོལ་ཏུ་ཆགས་པའི་ཐེ་ཝན་ལ་བལྟས་ནས་བཙན་འཛུལ་གྱི་ཇུས་འགོད་བྱ་རྒྱུ་དེར་ཐེ་ཚོམ་འཛིན་དགོས་པ་ཞིག་ཏུ་གྱུར་སོང་། མཚོ་ཐོག་གི་དཔུང་འཇུག་ནི་ལས་སླ་པོ་དང་འཕྲལ་དུ་སྒྲུབ་ཐུབ་པ་ཞིག་གཏན་ནས་མ་རེད། དམག་འཐབ་གང་འདྲ་ཞིག་ཡིན་རུང་མཚོ་ཐོག་ནས་དཔུང་འཇུག་བྱ་རྒྱུ་དེ་ལས་དཀའ་ངལ་ཆེ་བ་ཅི་ཡང་མེད། གལ་ཏེ་གནམ་མཚོ་གཉིས་ནས་བཙན་འཛུལ་བྱེད་ཐུབ་པའི་དབང་དུ་བཏང་རུང་མཁོ་ཆས་སྐྱེལ་འདྲེན་དང་ཕར་ཕྱོགས་ཀྱི་མཚོ་འགྲམ་དུ་སླེབས་ཚར་བའི་རྗེས་སུ་རྒྱབ་སྐྱོར་རྒྱུན་འཁྱོངས་བྱེད་ཐུབ་རྒྱུ་ཤིན་ཏུ་དཀའ། ང་ཚོས་སྐམ་མཚོ་གཉིས་ཀྱི་དམག་དཔུང་ལ་སྦྱོང་བརྡར་སྤྲོད་རྒྱུ་གཙིགས་སུ་འཛིན་གྱི་ཡོད་པའི་གནད་འགག་ཀྱང་མཚོ་ཐོག་གི་བཙན་འཛུལ་ལ་དཀའ་ངལ་ཆེན་པོ་ཡོད་པས་ཡིན། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱིས་ཡུཀ་རེན་ལ་མཚོན་ཆ་རོགས་རམ་དང་དམག་དོན་འཐབ་ཇུས་སློབ་ཀྱི་ཡོད་པས་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུར་དེ་བས་ཀྱང་བསམ་བློ་གཏོང་དགོས། རྒྱ་ནག་གི་རྒྱ་སྐྱེད་ལ་འཇིགས་སྣང་གིས་རྒྱ་གར་ནས་ཞི་བདེ་རྒྱ་མཚོའི་བར་གྱི་ཨ་རིའི་མཐུན་གྲོགས་ཁག་དང་ཟླ་གྲོགས་ཁག་གིས་མཉམ་འབྲེལ་ནུས་ཤུགས་ཆེ་རུ་འགྲོ་བཞིན་པ་སོགས་ལ་རྒྱ་ནག་གིས་ངེས་པར་དུ་བསམ་བློ་གཏོང་དགོས་ཞེས་གསར་འགོད་པའི་དྲི་བ་ཁག་ལ་ལན་བཏབ།།

ཡུཀ་རེན་ལ་བཙན་འཛུལ་བྱུང་བའི་རྗེས་ཐེ་ཝན་གཞུང་གིས་མཚོ་གླིང་དེའི་སྤྱི་དམངས་ལ་དམག་སྦྱོང་སྤྲོད་རྒྱུ་འགོ་ཚུགས། ཁ་སང་གཟའ་ཕུར་བུའི་ཉིན་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་བཙན་འཛུལ་འགོག་པར་ཐེ་ཝན་གྱི་མི་དམངས་ཚོར་དམག་སྦྱོང་སྤྲད་ནས་ཁྲིམས་རྩོད་པ་དང་མཉེན་ཆས་བཟོ་བཀོད་པ། མགར་བ་སོགས་ཆེད་ལས་འདྲ་མིན་གྱི་སྐྱེས་པ་ཚོར་མེ་མདའ་རྒྱག་སྟངས་དང་རྒྱང་རྒྱུག འཇབ་རྒོལ་བྱེད་སྟངས་སོགས་ཀྱི་དམག་སྦྱོང་སྤྲད། ཟླ་བ་འདི་ནས་ཐེ་ཝན་གྱི་ཟུར་འཇོག་དམག་མི་༤༠༠་རེར་ཉི་མ་༡༤་རིང་དུ་དམག་སྦྱོང་སྤྲོད་རྒྱུ། ཉམས་ཞིབ་པ་ཚོས་ཐེ་ཝན་གྱི་དམག་སྦྱོང་གི་དུས་ཡུན་རིང་དུ་བཏང་སྟེ་དམ་འཛིན་བྱེད་ཀྱི་ཡོད་པ་སོགས་ལ་བལྟས་ཚེ། ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱས་པའི་རྗེས་སུ་རྒྱ་ནག་གིས་ཀྱང་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུའི་ཉེན་ཁ་བྱུང་སྟེ་མཚོ་གླིང་དེའི་འགོ་ཁྲིད་ཚོས་དོགས་ཟོན་ཆེན་པོ་བྱེད་ཀྱི་ཡོད་པའི་རྟགས་མཚན་རེད་ཅེས་བཀྲལ། རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱ་འཆར་མེད་ཅེས་འགྲེལ་བཤད་བརྒྱབ་ཀྱང་དགོས་ངེས་བྱུང་ན་ཐེ་ཝན་ལ་དམག་བརྒྱབ་ནས་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ། ཟླ་བ་འདི་ནས་ཐེ་ཝན་གྱི་དམག་སྦྱོང་བྱ་རྒྱུ་ཤུགས་ཆེ་རུ་བཏང་བར་རྒྱ་ནག་སྐམ་ས་ཆེན་མོའི་ཐེ་ཝན་ལས་དོན་ལྷན་ཁང་གི་མགྲིན་ཚབ་པ་ཀྲུའུ་ཧྥེང་ལཱན་གྱིས་ཁ་རྡུང་བཏང་ཞིང་། ཁོ་མོས་ཐེ་ཝན་གྱི་དམག་སྦྱོང་དེ་ཉེན་ཁ་ཆེན་པོ་རེད། ཁོ་ཚོ་ཁ་བྲལ་གྱི་ལམ་དུ་ཞུགས་ནས་ཐེ་ཝན་མི་དམངས་རྣམས་ལྕགས་ཁྲབ་འཁོར་ལོར་བཏགས་ཏེ་ཆག་སྒོ་ཆེན་པོ་ཞིག་མྱོང་དུ་འཇུག་རྒྱུ་རེད་ཅེས་བསྡིགས། ཉེ་བའི་ལོ་ཤས་ཤིག་ནས་རྒྱ་ནག་གི་དམག་འཐབ་གནམ་གྲུ་ཁག་ཐེ་ཝན་གྱི་མཁའ་དབྱིངས་སྲུང་སྐྱོབ་མངའ་ཁོངས་སུ་དཔུང་འཛུལ་དང་མཚོ་དམག་གིས་ཐེ་ཝན་གྱི་ཉེ་འཁྲིས་སུ་དམག་སྦྱོང་བྱས་ནས་འཇིགས་སྐུལ་བྱ་རྒྱུ་ཤུགས་ཆེ་རུ་སོང་།།

ཐེ་ཝན་གྱིས་དམག་སྦྱོང་བྱ་རྒྱུ་ཤུགས་ཆེ་རུ་བཏང་བ་དེས་རྒྱ་ནག་ལ་ཁོང་ཁྲོ་སློང་གི་ཡོད་པ་གསལ་པོ་རེད། ཨ་རིའི་གྲོས་ཚོགས་འཐུས་མི་ཚོ་དང་དམག་དོན་ཉམས་ཞིབ་ཚོས་ཐེ་ཝན་གྱིས་དམག་སྦྱོང་བྱེད་ཀྱི་ཡོད་པ་གཅིག་པུས་རྒྱ་ནག་གི་བཙན་འཛུལ་འགོག་ཐུབ་རྒྱུ་ཁག་པོ་རེད། ཡུཀ་རེན་གྱི་དམག་འཁྲུག་ནི་ཐེ་ཝན་ནས་རྒྱག་ཐག་རིང་ས་ཞིག་ཏུ་ལངས་ཡོད་ཀྱང་མཚོ་གླིང་དེའི་འགོ་ཁྲིད་ཚོས་རང་སྲུང་ཅི་ཙམ་བྱེད་ཐུབ་རྒྱུ་ཡིན་མིན། ཐེ་ཝན་གྱིས་གྲ་སྒྲིག་ཅི་ཞིག་བྱེད་དགོས་མིན་བཅས་ལ་གྲོས་སྡུར་ལྷུག་པོ་བྱེད་དགོས་པ་ཞིག་ཏུ་གྱུར་འདུག་ཅེས་བཤད། ཨ་རིའི་སྐམ་མཚོའི་དམག་དཔུང་བཀོད་འདོམས་པ་དམག་སྤྱི་བྷར་གྷེར་གྱིས་ཨུ་རུ་སུའི་མཚོ་དམག་གིས་མཚོ་ནག་མངའ་ཁུལ་ནས་ཡུཀ་རེན་ལ་དཔུང་འཇུག་བྱེད་ཀྱི་མེད་པར་རྒྱུ་མཚན་ཡོད་པ་རེད། ཨུ་རུ་སུའི་དམག་གིས་ཡུཀ་རེན་གཞུང་དམངས་གཉིས་ཀས་ཚུར་རྒོལ་དྲག་པོ་འདི་འདྲ་ཞིག་བྱ་རྒྱུ་ཡིན་པ་སྔོན་དཔག་མ་ཐུབ་པ་དང་དམག་འཁྲུག་གི་མཁོ་ཆས་སྐྱེལ་འདྲེན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་ཐུབ་ཀྱི་མི་འདུག ཨུ་རུ་སུའི་དམག་གིས་དྲྭ་ལམ་གྱི་དམག་འཐབ་དཔེ་མཚོན་ལ་མིག་དཔེ་བལྟ་རྒྱུ་ཐལ་དྲགས་པ་དང་དོན་དངོས་ལ་བལྟ་མ་ཐུབ་པ། ཁོ་ཚོས་བདུན་ཕྲག་གསུམ་གྱི་ནང་དུ་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་དམག་ཐག་ཆོད་རྒྱུའི་རྩིས་བརྒྱབ་པ་རེད། གློག་ཀླད་ནང་གི་དྲྭ་ལམ་གྱི་འཐབ་འཁྲུག་དང་དམག་ས་ཁག་གི་མི་གསོན་པོས་ཚུར་རྒོལ་གཉིས་གཅིག་པ་མ་རེད། ཨུ་རུ་སུའི་འཐབ་ཇུས་པ་ཚོས་ཡུཀ་རེན་སྟོབས་ཤུགས་ཞན་པ་དང་མྱུར་དུ་ཕམ་ཐུབ་རྒྱུའི་ཚོད་དཔག་བྱས་ནས་དམག་འཁྲུག་གི་མཁོ་ཆས་རྣམས་སྐྱེལ་འདྲེན་བྱ་རྒྱུ་དང་དམག་ས་ཁག་ལ་བཟའ་བཏུང་། སྨན་དང་མདེའུ། རླངས་འཁོར་དང་ལྕགས་ཁྲབ་འཁོར་ལོའི་སྣུམ་སོགས་རྒྱུན་མ་ཆད་པར་སྐྱེལ་འདྲེན་བྱ་རྒྱུ་འཐུས་ཤོར་ཕྱིན་འདུག དམག་འཁྲུག་གི་མཁོ་ཆས་སྐྱེལ་འདྲེན་བྱེད་མ་ཐུབ་ན་འཐབ་འཁྲུག་གི་ངར་ཤུགས་ཆག་གི་རེད་ཅེས་བསྟན།།

ཨ་རིའི་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། ཟླ་བ་སྔོན་མར་ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་མ་བྱས་གོང་ནས་རྒྱ་ནག་གིས་གནམ་མཚོ་གཉིས་ནས་ཐེ་ཝན་གྱི་མཁའ་དབྱིངས་སྲུང་སྐྱོབ་མངའ་ཁོངས་དང་མཚོ་ཁོངས་ཀྱི་ཉེ་འཁྲིས་སུ་དཔུང་འཛུལ་བྱས་ནས་འཇིགས་སྐུལ་བྱས་པའམ། ཡང་ན་དམག་སྦྱོང་བྱས་ནས་ཐེ་ཝན་ལ་འཁྲུག་རྩོད་བསླངས་ཏེ་མཚོ་གླིང་དེར་དམག་གི་སྟོབས་ཤུགས་ཅི་ཙམ་ཡོད་མེད། རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱེད་ན་ཨ་མི་རི་ཀ་དང་ཉི་ཧོང་སོགས་ཀྱིས་ངོ་མར་ཐེ་ཝན་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན་མིན་བཅས་ཀྱི་ཉམས་ཚོད་བླངས། དེར་བརྟེན་ཐེ་ཝན་གྱིས་རྒྱ་ནག་གི་བཙན་འཛུལ་འགོག་པར་མ་འོངས་པའི་ལོ་ལྔའི་རིང་རྒྱལ་སྲུང་འགྲོ་གྲོན་ཨ་སྒོར་དུང་ཕྱུར་༨༧་འཕར་སྣོན་གཏོང་རྒྱུའི་ཐག་བཅད། ཐེ་ཝན་གྱིས་རྒྱང་འཕེན་འཕུར་མདེལ་བཟོ་སྐྲུན་དང་མི་གྲངས་འབུམ་༡་དང་ཁྲི་ཚོ་༦་གི་དང་བླངས་དམག་དཔུང་གསར་འཛུགས། མཚོ་གླིང་དེའི་སྲུང་སྐྱོབ་ལ་དགོས་མཁོ་བྱུང་ན་ཟུར་འཇོག་དམག་མི་ས་ཡ་༡་ལྷག་གྲ་སྒྲིག་ཡོད་པ། སྐྱེས་པ་ལོ་༡༩་ནས་༣༦་མན་ཆད་ཚོས་ངེས་པར་དུ་ཟླ་བ་༤་ལ་དམག་སྦྱོང་བྱ་དགོས་པའི་ཁྲིམས་གཏན་ལ་ཕབ། སྲིད་འཛིན་ཚེ་དབྱིན་ཝེན་གྱིས་ཡུཀ་རེན་གྱི་ཉམས་མྱོང་ལ་གཞིགས་ནས་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱུང་ན་ང་ཚོར་ཟུར་འཇོག་དམག་དཔུང་དགོས་རྒྱུ་གནད་འགག་ཆེ། རྒྱལ་སྤྱིའི་རྒྱབ་སྐྱོར་དང་རོགས་སྐྱོར་རྣམས་དགོས་ངེས་ཤིག་རེད། འོན་ཀྱང་མཐར་གཏུགས་ན་རང་གི་རྒྱལ་ཁབ་ལ་སྲུང་སྐྱོབ་བྱེད་པའི་ནུས་པ་ནི་མི་དམངས་རྣམས་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་རྒྱུ་ཡིན་མིན་དེར་ཐུག་ཡོད་པ་ཡུཀ་རེན་གྱི་གནས་སྟངས་ཐོག་ནས་ར་འཕྲོད། ཟུར་འཇོག་དམག་མི་ཚང་མས་རང་རང་གི་གྲོང་རྡལ་ཁག་ལ་བཙན་འཛུལ་འབྱུང་རྒྱུ་དང་ཀུན་གྱིས་རང་ཡུལ་སྲུང་ནས་འཐབ་འཁྲུག་ལ་ཞུགས་དགོས་པའི་དམག་འཐབ་ཀྱི་བསམ་བློའི་གོ་རྟོགས་མཐོ་རུ་གཏོང་དགོས། དེ་འདྲ་བྱུང་ན་འཐབ་འཁྲུག་གི་དུས་སུ་གཞུང་དམངས་གཉིས་སམ། ཡང་ན་དམག་དང་མི་དམངས་ཀྱི་སྟོབས་ཤུགས་མཉམ་དུ་སྤུང་ཐུབ་ཅེས་དམག་སྦྱོང་ཞིག་གི་སྐབས་སུ་གཏམ་བཤད་བྱས་འདུག

ཨ་རིའི་སྐམ་མཚོའི་དམག་དཔུང་བཀོད་འདོམས་པ་དམག་སྤྱི་བྷར་གྷེར་གྱིས་མུ་མཐུད་དུ་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་གྱི་གསར་འགོད་པར་བཤད་པ་ལྟར་ན། ཡུཀ་རེན་ལྟ་བུའི་འགོག་རྒོལ་དྲག་པོ་འབྱུང་སའི་དམག་ས་ཁག་ཏུ་ཕར་རྒོལ་བྱས་ནས་དཔུང་འཇུག་བྱ་རྒྱུ་ཧ་ཅང་ཁག་པོ་རེད། ཕ་རོལ་པོས་བློ་ཐག་བཅད་ནས་འགོག་རྒོལ་བྱེད་ཀྱི་ཡོད་པས་ཨུ་རུ་སུའི་དམག་རྣམས་དཔའ་ཞུམ་སྟེ་གཉའ་ཆག་གི་ཡོད་པའི་རྟགས་མཚན་ཞིག་ཐོན་འདུག ཨུ་རུ་སུའི་དཔུང་སྡེ་ཁག་གིས་མཉམ་འབྲེལ་ཐབས་རྒོལ་བྱེད་ཐུབ་ཀྱི་མེད་པ་དང་དཔུང་སྡེ་གཅིག་ལ་དཔུང་སྡེ་གཞན་དེར་མཉམ་འབྲེལ་བྱེད་མ་ཐུབ་ན་འཐབ་རྒོལ་ལ་ནུས་པ་ཐོན་མི་ཐུབ། མཉམ་འབྲེལ་འཐབ་རྒོལ་གྱི་དམག་ཇུས་ཤིག་འཛིན་ཐུབ་ཀྱི་མེད་པས་ཨུ་རུ་སུའི་དམག་དཔུང་བཀོད་འདོམས་པ་ཚོས་མདུན་ཕྱོགས་སུ་ཅི་ཞིག་འབྱུང་གི་ཡོད་མེད་ཚོད་དཔག་བྱེད་ཐུབ་ཀྱི་མེད་པར་སྣང་། ཨུ་རུ་སུའི་དམག་དཔོན་ཚོས་གོང་རིམ་གྱི་བཀའ་ལ་སྒུག་གི་འདུག ང་ཚོས་ཨ་རིའི་དཔུང་སྡེ་ཁག་ལ་ཞིབ་ཕྲའི་བཀོད་འདོམས་དེ་ཚོར་སྒུག་མི་དགོས་པར་ས་གནས་ས་ཐོག་ཏུ་ཅི་ཞིག་འབྱུང་གི་ཡོད་པར་བལྟས་ནས་བཀོད་འདོམས་པ་ཚོས་འཐབ་ཇུས་འཛིན་དགོས་པའི་སྦྱོང་བརྡར་སྤྲོད་ཀྱི་ཡོད་ཅེས་བཤད། ཐེ་ཝན་པ་ལོ་༡༩་ནས་༣༦་བར་དུ་སོན་པ་ཚོར་ཟླ་བ་བཞིའི་དམག་སྦྱོང་ཐོབ་པའི་རྗེས་སུ་མི་ཁག་ཅིག་ཟུར་འཇོག་དམག་ཁོངས་སུ་འཛུལ་ཏེ་ཉི་མ་༡༤་རེའི་དམག་སྦྱོང་ལ་ཞུགས། ཐེ་ཝན་གྱི་ཟུར་འཇོག་དམག་དཔུང་རྣམས་སྐམ་མཚོ་གནམ་གསུམ་གྱི་དཔུང་སྡེ་ཁག་ལ་བགོ་བཤའ་བརྒྱབ། ཐེ་ཝན་གྱི་དུས་སྐབས་སྟོབས་ཤུགས་ཟེར་བའི་སྲིད་དོན་ཚོགས་པས་སྐྱེས་པ་ཁོ་ན་མིན་པར་ཐེ་ཝན་གྱི་བུད་མེད་རྣམས་ཀྱང་འཐབ་འཁྲུག་མ་ཡིན་པའི་དམག་དོན་སྲི་ཞུའི་ཁོངས་སུ་འཇུག་དགོས་ཞེས་གྲོས་གཞི་བཏོན། དེང་སྐབས་ཐེ་ཝན་གྱི་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པ་དང་ཕྱོགས་འགལ་གོ་མིན་ཏང་། མཚོ་གླིང་དེའི་སྲིད་དོན་ཚགས་པ་ཚང་མས་རྒྱལ་ཡོངས་གྲོས་ཚོགས་སུ་ཐེ་ཝན་གྱི་དམག་ཁྲལ་སྦྱོང་བརྡར་གྱི་དུས་ཡུན་རིང་དུ་གཏོང་དགོས་ཞེས་གླེང་སློང་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG