ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

གནམ་གཤིས་འགྱུར་ལྡོག་གིས་གློ་སྨོན་ཐང་གི་གྲོང་ཚོ་ཞིག་གནས་སྤོས།


༄༅།། ཕྱི་ཟླ་༣་པའི་ཚེས་༡༠་ཉིན་ཀ་ཐ་མན་རྡུ་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། གློ་སྨོན་ཐང་གི་བྱང་སྣེ་དང་བོད་ཀྱི་མཐའ་མཚམས་སུ་ཆགས་པའི་སམ་ཇུང་གྲོང་གསེབ་ལ་ཁྱིམ་ཚང་༡༨་དང་གྲོང་མི་༡༠༠་ཡས་མས་ཤིག་ཡོད་པ་རྣམས་མི་རབས་བཞི་ལྷག་ལ་ས་གནས་དེར་ཞིང་ལས་དང་འབྲོག་ལས་གཉེར་ནས་འཚོ་གནས་བྱས་ཡོད་ཅིང་། འོན་ཀྱང་ཉེ་བའི་ལོ་ཤས་ནས་ས་གནས་དེའི་ཆུ་མིག་རྣམས་སྐམ་སྟེ་ཆུའི་ཐོན་ཁུངས་ཆད། མི་དང་ཕྱུགས་ཟོག་ལ་འཐུང་ཆུ་དང་ཞིང་ལ་འདྲེན་རྒྱུའི་ཆུ་མེད་པར་གྲོང་ཚོ་དེ་ས་གནས་གཞན་ཞིག་ལ་སྤོ་དགོས་ཐུག་འདུག ས་གནས་དེའི་ཡུལ་མི་གུ་རོང་བ་པ་སངས་ཚེ་རིང་ཞེས་པ་ཞིག་གིས་སམ་ཇུང་གྲོང་ཚོ་ཧྲིལ་པོའི་མི་རྣམས་ནམ་སུང་ས་གནས་སུ་སྤོས་པ་ཡིན། ནམ་སུང་ས་གནས་འདིར་ཆུའི་ཐོན་ཁུངས་ཡག་པོ་འདུག ལོ་༡༣་གྱི་སྔོན་ནས་ང་ཚོ་གྲོང་ཚོ་ཧྲིལ་པོ་གཞིས་སྤོ་རྒྱུའི་གྲོས་སྡུར་བྱས་ནས་ཐག་གཅོད་བྱས་པ་ཡིན། སམ་ཇུང་ས་གནས་ནས་ནམ་སུང་ས་གནས་བར་དུ་རྐང་ཐང་ལ་ཆུ་ཚོད་གསུམ་བསྐྱོད་དགོས་ཀྱི་འདུག་ཅེས་གློ་སྨོན་ཐང་ནས་ཁ་པར་བཏང་སྟེ་ཀ་ཐ་མན་རྡུ་ཡིག་ཟམ་ཚགས་པར་གྱི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་འདུག

ཀ་ཐ་མན་རྡུ་ཡིག་ཟམ་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་དང་སའི་གོ་ལའི་ཚ་དྲོད་འཕེལ་ཏེ་བལ་ཡུལ་གྱི་ས་གནས་མང་དག་ཅིག་གི་ཆུ་རྒྱུན་བརྒྱ་ཆ་༧༠་ལྷག་ཉུང་དུ་ཕྱིན་པ་དང་ཆུ་མིག་རྣམས་བརྒྱ་ཆ་༡༥་སྐམ་ཟིན་ཞིང་། ཉེ་ཆར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་༢༠༢༢་ལོའི་གནམ་གཤིས་འགྱུར་ལྡོག་དང་དཀའ་ངལ་ལ་བསྟུན་ནས་འགྱུར་བཅོས་ཞེས་པའི་སྙན་ཐོ་ཞིག་བཏོན་ཡོད་པ་དེའི་ནང་དུ་ཆུ་མིག་རྣམས་སྐམ་པའམ། ཡང་ན་ཆུ་རྒྱུན་ཉུང་དུ་ཕྱིན་པའི་སྟབས་ཀྱིས་ཆུ་མིག་དང་རྒྱུག་ཆུ་ལ་བརྟེན་ནས་འཚོ་གནས་བྱེད་བཞིན་པའི་ཡུལ་སྡེ་ཁག་འཚོ་གནས་མི་ཐུབ་པའི་གནས་སུ་ལྷུང་རྒྱུའི་ཉེན་ཁ་ཆེན་པོ་འདུག་ཅེས་བཀོད། ཆུ་མིག་སྐམ་པ་དང་ཆུ་རྒྱུན་ཉུང་དུ་ཕྱིན་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་ནགས་ཚལ་གཅོད་འབྲེག་དང་རྒྱ་ལམ་འཛུགས་སྐྲུན། ས་འགུལ་བརྒྱུགས་པ་དང་ཐན་པ་བྱུང་བ། ཆར་ཆུ་དུས་སུ་འབབ་ཀྱི་མེད་པ་སོགས་རྒྱུ་རྐྱེན་སྣ་ཚོགས་ཤིག་ལ་བརྟེན་ནས་ཆུག་མིག་རྣམས་སྐམ་གྱི་འདུག་ཅེས་རྒྱུ་མཚན་བཀོད། བལ་ཡུལ་གྱི་དྷོ་ལ་ཁ་གྲོང་རྡལ་གྱི་འཕྲོད་བསྟེན་འབྲེལ་མཐུད་པ་རཏྣ་ཐ་མཱི་ཞེས་པ་ཞིག་གིས་༢༠༡༥་ལོར་བལ་ཡུལ་ལ་ས་འགུལ་ཚབས་ཆེན་ཞིག་བརྒྱུགས་པའི་རྗེས་སུ་ས་གནས་མང་དག་ཅིག་གི་ཆུ་མིག་རྣམས་སྐམ་སོང་། མིའི་འཐུང་ཆུ་རྣམས་ཐག་རི་ནས་འགྱིག་སྦུག་ནང་དུ་འཐེན་གྱི་ཡོད། ས་གནས་ཁག་ཅིག་གི་མི་མང་རྣམས་ཆུ་ཚོད་མང་པོའི་ལམ་ལ་འཐུང་ཆུ་ལེན་དུ་བསྐྱོད་དགོས་ཐུག་གི་འདུག་ཅེས་བཀྲལ།།

བྷི་གུ་གྲོང་གསེབ་འཛིན་སྐྱོང་གྲོང་རྡལ་ཁང་ནི་བལ་ཡུལ་བྱང་ཕྱོགས་ཀྱི་བོད་དང་ས་འདྲེས་ཡིན་ཞིང་། ས་གནས་དེའི་ཡུལ་མི་ཕལ་ཆེ་བ་ཤར་པ་རྣམས་ཡིན་པར་མ་ཟད། ས་གནས་དེར་ཐ་མཱི་བ་དང་མར་སྒར་བ། ནེ་ཝ་རི་པ་བཅས་ཀྱི་མི་རིགས་སྣ་ཚོགས་ཤིག་འདུས། གློ་སྨོན་ཐང་གི་གུ་རོང་བ་བསྟན་འཛིན་ནོར་བུ་ཞེས་པ་ཞིག་གིས་གནམ་གཤིས་འགྱུར་ལྡོག་དང་ཆར་ཆུ་དུས་སུ་འབབ་ཀྱི་མེད་བཅས་ཀྱིས་གྲོང་གསེབ་པའི་འཚོ་བར་འགྱུར་ལྡོག་ཆེན་པོ་ཞིག་ཐེབས་ཀྱི་འདུག་ཅེས་བཤད། སྙེ་ཤང་དང་གློ་སྨོན་ཐང་སོགས་ནི་རྟག་ཏུ་ཆར་ཆུ་དཀོན་པའི་ས་གནས་ཁག་ཡིན་རུང་ཉེ་བའི་ལོ་ཤས་ནས་ས་ཁུལ་དེ་དག་ལ་ཐན་པ་ཡུན་རིང་བྱུང་སྟེ་སྟོན་ཐོག་དང་རྩྭ་རྣམས་ཡོངས་སུ་སྐམ། མི་མང་ལ་སྔར་བཞིན་ཞིང་ལས་དང་འབྲོག་ལས་ཀྱི་ཐོན་སྐྱེད་བསྡུ་རྒྱུ་མེད་པར་གྱུར། བལ་ཡུལ་གྱི་འཕྲོད་བསྟེན་ཉམས་ཞིབ་པ་མེ་གྷ་ན་ཐ་དྷི་མལ་ཞེས་པ་ཞིག་གིས་གནམ་གཤིས་འགྱུར་ལྡོག་གིས་འཕྲོད་བསྟེན་དང་ཞིང་ལས། འཐུང་ཆུ་དང་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་སོགས་ཕྱོགས་མང་པོ་ཞིག་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་མངོན་གསལ་དོད་པོ་རེད། གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་གཙོ་བོ་དེ་མི་མང་དབུལ་ཕོངས་ཚོས་མྱོང་གི་འདུག བལ་ཡུལ་གཞུང་གིས་ངེས་པར་དུ་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་མྱོང་མཁན་ཡུལ་སྤོར་བ་ཚོར་ལྟ་རྟོག་བྱེད་དགོས་ཀྱི་འདུག་ཅེས་ནན་བརྗོད་བྱས་འདུག

༢༠༢༡་ལོའི་ཕྱི་ཟླ་༡༡་པའི་ཚེས་༣་ཉིན་བལ་ཡུལ་གྱི་ཁཱ་བྷར་དྲྭ་ལམ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གློ་སྨོན་ཐང་གི་སྟོད་ཕྱོགས་ཀྱི་གྲོང་ཚོ་ཞིག་གི་ཡུལ་མི་གུ་རོང་བ་བཀྲ་ཤིས་རྒྱ་མཚོ་ཞེས་པ་ཞིག་སྤྱི་ལེ་༡༢་ཀྱི་ཕ་རོལ་ཏུ་ཐང་ཆུང་ཞེས་པའི་ས་ཆ་ཞིག་ཡོད་ས་དེར་ཁྱིམ་གཞིས་སྤོས། གྲོང་ཚོ་དེའི་ཡུལ་མི་རྣམས་གནས་སྤོས་བྱེད་དགོས་པའི་རྒྱུ་རྐྱེན་ནི་འཐུང་ཆུ་མེད་པ་དང་རྩྭ་སྐྱེ་ཡི་མེད་པ། ཕྱུགས་ཟོག་ལ་རྩྭ་ཟ་རྒྱུ་མེད་པ་དང་རི་ལུང་ཐམས་ཅད་སྐྱ་ཐེར་དུ་གྱུར་པས་རེད། མི་མང་ཁག་ཅིག་རྫོང་གསར་དང་གློ་སྨོན་ཐང་གི་སྨད་ཕྱོགས་སུ་སྤོས་སོང་། མི་མང་ཁག་ཅིག་སྤོག་ར་དང་བྷེ་ནེ། བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་རྡུ་བཅས་ལ་སྤོས་ཏེ་འཚོ་བ་གསར་པ་ཞིག་མགོ་ཚུགས་ཐབས་དང་བུ་ཕྲུག་ལ་མདུན་ལམ་གསར་པ་ཞིག་འཚོལ་དུ་ཕྱིན་སོང་། ༢༠༠༨་ནས་རྫོང་གསར་དང་མར་པ་སོགས་ཀྱི་གྲོང་གསེབ་པ་ཚོས་ཀུ་ཤུ་བཏབ་ནས་ཡོང་འབབ་ཡག་པོ་ཡོད་པ་མཐོང་སྟེ་གློ་སྨོན་ཐང་གི་བྱང་མཐའི་གྲོང་གསེབ་པ་རྣམས་ཐང་ཆུང་ས་གནས་སུ་སྤོས་ནས་ཀུ་ཤུ་འདེབས་མགོ་ཚུགས་པ་རེད་ཅེས་བཤད། དེང་སྐབས་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་རྡུར་བསྡད་ཡོད་པའི་གུ་རོང་བ་དབྱངས་ཅན་ཞེས་པ་ཞིག་གིས་ངས་དཀའ་ལས་ཇི་ལྟར་རྒྱག་དགོས་ཐུག་ཀྱང་བུ་ཕྲུག་ཚོར་འཚོ་བ་ཡག་པོ་ཞིག་རོལ་ཏུ་འཇུག་ཐབས་བྱེད་ངེས་ཡིན། ང་ཚོས་རང་ཡུལ་དུ་འབད་བརྩོན་ཇི་ལྟར་བྱས་ཀྱང་ཁ་གསོ་ཐུབ་ཀྱི་མི་འདུག ཁྱིམ་གཞིས་སྤོས་ནས་གང་ཅིའི་ཐད་དུ་ཡར་རྒྱས་འགྲོ་ཐུབ་པའི་རེ་བ་ཡོད་ཅེས་གསར་འགོད་པའི་དྲི་བར་ལན་བཏབ། བལ་ཡུལ་གྱི་གློག་བརྙན་བཟོ་མཁན་ཏེ། དེ་བ་ཀོ་ཏ་ཞེས་པ་ཞིག་གིས་མི་མང་གནས་སྤོས་པ་རྣམས་ལོ་བཅུ་ལྷག་གི་སྔོན་ནས་གྷ་ཡུལ་ནས་རྫོང་ཕུ། རྫོང་ཕུ་ལའང་ཆུ་སྐམ་ནས་ས་གནས་གཞན་ལ་སྤོས་དགོས་བྱུང་སོང་ཞེས་བཤད་འདུག

XS
SM
MD
LG