ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

སྲིད་འཛིན་སྟངས་དཔྱལ་གཉིས་ཏཱ་ཇི་མ་ཧཱལ་ལ་གཟིགས་མོར་ཕེབས་པ།


༄༅།། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་རྒྱ་གར་ལ་ཉིན་གཉིས་ཀྱི་འཚམས་འདྲིར་ཕེབས་ཡོད་ཅིང་། ཐོག་མར་སྲིད་བློན་མོ་དྷིས་རང་གི་སྐྱེས་ཡུལ་གུ་ཇི་ར་ཐེ་མངའ་སྡེར་ཨ་རིའི་སྲིད་འཛིན་ཌོན་ཊམ་ལ་ཕེབས་བསུ་ཞུས། སང་ཉིན་གཟའ་མིག་དམར་ཉིན་སྲིད་འཛིན་ཌོ་ནལ་ཊམ་དང་སྲིད་བློན་མོ་དྷི་གཉིས་ཀྱིས་གནད་དོན་སྣ་མང་ཞིག་ལ་གྲོས་མོལ་གནང་འཆར་ཡོད་ཀྱང་དེའི་སྔོན་ལ་སྲིད་འཛིན་ཌོ་ནལ་ཊམ་སྟངས་དཔྱལ་གཉིས་རྒྱལ་ས་ལྡི་ལི་ནས་རྒྱང་ཁད་རིང་པོ་མེད་པའི་མཚམས་སུ་ཆགས་པའི་ཏཱ་ཇི་མ་ཧཱལ་ཏེ། དུས་རབས་༡༧་པའི་ནང་དུ་རྒྱ་གར་གྱི་ཁ་ཆེའི་རྒྱལ་པོ་ཤ་ཧཱ་ཇན་གྱིས་རང་གི་ཤིན་ཏུ་བརྩེ་བའི་བཙུན་མོ་མུམ་ཏ་ཛི་མ་ཧཱལ་གྱི་དྲན་རྟེན་དུ་བཞེངས་པའི་རྡོ་ཀ་མ་རུ་པ་དཀར་པོའི་གདུང་ཁང་ལ་གཟིགས་མོར་ཕེབས་ཤིང་། འདས་པའི་ལོ་བརྒྱ་ཕྲག་གསུམ་གྱི་རིང་ལ་ཏཱ་ཇི་མ་ཧཱལ་ནི་འཛམ་གླིང་ཡོངས་སུ་བརྩེ་དུང་གི་མཚོན་རྟགས་སུ་བརྩིས་ཏེ་འཇིག་རྟེན་འདིའི་ངོ་མཚར་ཆེ་བའི་ལྟ་སྐོར་བའི་གནས་ཡུལ་གྲགས་ཅན་ཞིག་ཏུ་གྱུར། དེར་བརྟེན་འཛམ་གླིང་རྒྱལ་ཁབ་ཁག་གི་འགོ་ཁྲིད་སུ་ཞིག་རྒྱ་གར་ལ་འཚམས་འདྲིར་ཕེབས་ཀྱང་ཏཱ་ཇི་མ་ཧཱལ་ལ་གཟིགས་མོར་ཕེབས་སྲོལ་ཡོད་པ་དང་། སྲིད་འཛིན་ཌོ་ནལ་ཊམ་དང་བཟའ་ཟླ་མཱ་ལ་ཎི་ཡ་གཉིས་ལ་ཨ་གྷ་ར་ས་གནས་སུ་རྒྱ་གར་གྱི་ཨུ་དྷར་པུར་དྷེ་ཤི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སོགས་ཀྱིས་ཕེབས་གཟབ་རྒྱས་ཞུས་འདུག

གུ་ཇི་ར་ཐེ་མངའ་སྡེའི་ཨ་མཱེ་དྷ་བྷ་ཐེ་གྲོང་ཁྱེར་དུ་སྲིད་འཛིན་ཌོ་ནལ་ཊམ་གྱིས་མི་ཚོགས་ཤིག་ལ་རྒྱ་གར་སྐད་དུ་ནཱ་མ་སི་ཏེ་ཞེས་འཚམས་འདྲི་ཞུས་པའི་རྗེས་སུ་དབྱིན་སྐད་དུ་འདི་ལྟར་བཤད། རྒྱ་གར་གྱིས་རྟག་ཏུ་ང་ཚོའི་སེམས་སུ་དམིགས་བསལ་གྱི་གོ་གནས་ཤིག་ཟིན་ཡོད། མི་ཐམས་ཅད་སྲིད་བློན་མོ་དྷིར་དགའ་མོས་ཡོད་ཀྱང་ངས་ཁོ་པ་ཧ་ཅང་གི་མི་མཁྲེགས་པོ་ཞིག་རེད་ཅེས་བརྗོད་འདོད་བྱུང་། ཁྱེད་རྣམས་གུ་ཇི་ར་ཐེ་མངའ་སྡེ་ཁོ་ནའི་སྤོབས་པ་བྱ་ཡུལ་ཞིག་མིན། ཁྱེད་རྣམས་དཀའ་ལས་བརྒྱབ་ན་རྒྱ་གར་བ་ཚོས་བསྒྲུབ་མི་ཐུབ་པ་ཅི་ཡང་མེད་པའི་དན་རྟགས་ཤིག་ཡིན་ཞེས་བསྔགས་བརྗོད་བྱས་པས་སྲིད་འཛིན་ཌོ་ནལ་ཊམ་གྱི་གཏམ་བཤད་དེར་མི་འབུམ་ཕྲག་གཅིག་ལྷག་གིས་དགའ་མོས་ཀྱི་སྒྲ་སྐད་འབྲུག་ལྟར་གྲག ཡིན་ནའང་སྲིད་འཛིན་ཌོ་ནལ་ཊམ་གྱིས་ས་མིང་དང་མིའི་མིང་། རིག་བྱེད་སོགས་ཀྱི་མིང་འགའ་ཞིག་གི་སྒྲ་གདངས་དག་པོ་ཞིག་བརྗོད་མ་ཐུབ་པར་སྒྲ་གདངས་ལོག་པ་ཐོན། སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་གར་དཀོན་མཆོག་གིས་སྲུང་གྱུར་ཅིག ཨ་མི་རི་ཀ་དཀོན་མཆོག་གིས་སྲུང་གྱུར་ཅིག ང་ཚོ་ཁྱེད་རྣམས་ལ་དགའ། ང་ཚོ་ཁྱེད་རྣམས་ལ་ཤིན་ཏུ་དགའ་ཞེས་ཁ་གཡང་བསྒྲགས་ནས་གཏམ་བཤད་མཇུག་བསྡུས། སྲིད་འཛིན་ཌོ་ནལ་ཊམ་ཡུ་རོབ་རྒྱལ་ཁབ་ཁག་ལ་འཚམས་འདྲིར་ཕེབས་ན་ངོ་རྒོལ་བྱེད་ཀྱི་ཡོད་ཀྱང་རྒྱ་གར་གྱི་སྤྱི་ཚོགས་སུ་ཌོ་ནལ་ཊམ་ལ་སྙན་གྲགས་ཆེ། ཁོང་ལ་རྒྱ་གར་བ་མི་ཚོགས་ཆེན་པོས་དགའ་བསུ་ཞུས་ཀྱང་མི་ཁག་ཅིག་གིས་གསུང་བཤད་ཆ་ཚང་ལ་མ་མཉན་པར་རང་གནས་སུ་ལོག་ཡོད་པའི་གནས་ཚུལ་ཐོན།

ཉམས་ཞིབ་པ་ཚོས་ཌོ་ནལ་ཊམ་གྱི་འཚམས་འདྲི་འདིས་རྒྱ་གར་དང་ཨ་མི་རི་ཀའི་འབྲེལ་བར་བཟང་ངན་གྱི་ཤུགས་རྐྱེན་ཅི་ཞིག་ཐེབས་རྒྱུ་ཡིན་མིན། ཌོ་ནལ་ཊམ་རྒྱ་གར་ལ་འཚམས་འདྲིར་ཕེབས་ནས་ལས་དོན་ཅི་ཞིག་འགྲུབ་རྒྱུ་ཡིན་མིན། སྲིད་བློན་མོ་དྷིའི་འཐམ་སྟངས་དང་སྲིད་འཛིན་ཌོ་ནལ་ཊམ་གྱིས་ལག་པ་གཏོང་སྟངས་གཉིས་ལ་ཁྱད་པར་ཅི་ཡོད། རྒྱ་གར་གཞུང་གིས་རྩིག་པ་བརྒྱབ་ནས་དབུལ་ཕོངས་ཁག་ཅིག་འགེབས་ཀྱི་ཡོད་པར་ཅི་ཞིག་བསམ་རྒྱུ་ཡིན་མིན་སོགས་ལ་དཔྱད་སྡུར་འདྲ་མིན་ཞིག་བྱེད་ཀྱི་ཡོད་པར་མ་ཟད། རྒྱ་གར་གཞུང་གིས་སྤྱི་དམངས་ཀྱི་ཐོབ་ཐང་བཅའ་ཁྲིམས་ལ་སྒྱུར་བཅོས་བཏང་སྟེ་ཁ་ཆེ་དུང་ཕྱུར་༢་ལྷག་སྤྱི་ཚོགས་ཀྱི་མཐའ་ཟུར་དུ་ཕུད་པ། དེའི་སྔོན་ལ་སྲིད་བློན་མོ་དྷིའི་གཞུང་གིས་འཇའ་མུ་ཀ་ཤི་མིར་ལ་རྒྱ་གར་གྱི་རྩ་ཁྲིམས་སུ་ཚད་མཐོའི་རང་སྐྱོང་གི་ཐོབ་ཐང་ཡོད་པ་ཕྱིར་བསྡུ་བྱས་པ། གཟའ་ཟླ་བའི་ཉིན་སྲིད་འཛིན་ཌོ་ནལ་ཊམ་རྒྱལ་ས་ལྡི་ལིར་མ་འབྱོར་བའི་སྔོན་དེར་སྤྱི་དམངས་ཐོབ་ཐང་གི་བཅའ་ཁྲིམས་སྒྱུར་བཅོས་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ཤོག་ཁག་ཅིག་དང་། སྤྱི་དམངས་ཐོབ་ཐང་བཅའ་ཁྲིམས་སྒྱུར་བཅོས་ལ་ངོ་རྒོལ་བྱེད་མཁན་ཤོག་ཁག་གཉིས་འཁྲུག་རྩོད་དྲག་པོ་ཐུག་སྟེ་ཉེན་རྟོག་པ་ཞིག་ལ་སྲོག་སྐྱོན་ཕོག

ན་ནིང་ཕྱི་ཟླ་༨་པར་རྒྱ་གར་གཞུང་གིས་འཇའ་མུ་ཀ་ཤི་མིར་གྱི་རང་སྐྱོང་གནས་བབ་མེད་པར་བཏང་ནས་བཟུང་། རྒྱ་གར་གཞུང་གིས་དྲྭ་ལམ་དང་ལག་ཐོགས་ཁ་པར་སོགས་ཀྱི་འབྲེལ་བ་བཅད་པ་སླར་གསོ་ཆ་ཚང་ཞིག་ཐུབ་མེད། ད་དུང་མངའ་སྡེ་དེའི་གཞུང་འབྲེལ་མི་སྣ་བརྒྱ་ཕྲག་འགའ་ཞིག་རང་ཁྱིམ་དུ་བཟང་བཙོན་ལ་བཅུག འཇའ་མུ་ཀ་ཤི་མིར་གྱི་རང་སྐྱོང་གནས་བབ་མེད་པར་བཏང་བ་དང་རྒྱ་གར་གྱི་སྤྱི་དམངས་ཐོབ་ཐང་བཅའ་ཁྲིམས་ལ་སྒྱུར་བཅོས་གཏོང་དགོས་པའི་ཐག་གཅོད་གཉིས་ཀྱིས་སྲིད་བློན་མོ་དྷིའི་གཞུང་ལ་རྒྱལ་ཁབ་ཕྱི་ནང་གཉིས་སུ་སྐྱོན་བརྗོད་དྲག་པོ་འཕོག་གི་ཡོད་པར་བརྟེན། སྲིད་བློན་མོ་དྷིས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་ལ་ཕེབས་བསུ་གཟབ་རྒྱས་ཞུས་ནས་རྒྱལ་ཁབ་ཕྱི་ནང་གཉིས་ཀྱི་སྐྱོན་བརྗོད་དང་ངོ་རྒོལ་རྣམས་འགེབས་ཐབས་བྱས་འདུག ད་ཐེངས་ཀྱི་འཚམས་འདྲིའི་སྐབས་སུ་ཨ་མི་རི་ཀས་རྒྱ་གར་ལ་ཨ་སྒོར་ཐེར་འབུམ་༣་གྱི་དམག་གི་ཐད་འཕུར་གནམ་གྲུ་དང་དམག་དོན་ཡོ་བྱད་ཁག་ཅིག་བཙོང་རྒྱུའི་གྲོས་མཐུན་ཞིག་ལ་མིང་རྟགས་འགོད་རྒྱུ་ཡིན། ཨ་མི་རི་ཀས་པ་ཀི་སི་ཐན་ལ་མཉམ་འབྲེལ་བྱས་ནས་རྒྱལ་ཁབ་དེའི་ས་ཐོག་ཏུ་གཞིས་ཚུགས་པའི་འཇིགས་སྐུལ་རིང་ལུགས་པའི་དམག་སྒར་རྣམས་རྩ་མེད་གཏོང་ཐབས་བྱེད་བཞིན་ཡོད། ཨ་མི་རི་ཀ་དང་པ་ཀི་སི་ཐན་གྱི་འབྲེལ་བའང་ཧ་ཅང་བཟང་པོ་ཡོད། འཇིགས་སྐུལ་རིང་ལུགས་པ་ཚོས་ཨ་མི་རི་ཀ་དང་རྒྱ་གར་གྱི་སྤྱི་དམངས་ལ་རྒོལ་རྡུང་བྱེད་ཀྱི་ཡོད་པ་འགོག་ཐབས་སུ་ལྡི་ལི་གསར་པ་དང་ཝ་ཤིང་ཊོན་གཉིས་ལངས་ཕྱོགས་གཅིག་གྱུར་ཡིན། ང་ཚོ་རྒྱལ་ཁབ་གཉིས་ཀར་འཇིགས་སྐུལ་རིང་ལུགས་པའི་གཏོར་རྒོལ་ཕོག་མྱོང་ཞེས་བསྒྲགས།

ཌོ་ནལ་ཊམ་དང་སྲིད་བློན་མོ་དྷི་གཉིས་གཤིས་ཀ་མཐུན་པོ་དང་བསམ་བློ་གཏོང་སྟངས་འདྲ་བོ་ཡོད་ཀྱང་ཉི་མ་གཉིས་ཀྱི་འཚམས་འདྲི་འདིར་གྲུབ་འབྲས་ཆེན་པོ་ཞིག་ཐོན་ཐུབ་རྒྱུ་དཀའ་ཞིང་། སྲིད་འཛིན་ཌོ་ནལ་ཊམ་གྱིས་ཀྱང་རྒྱ་གར་དང་ཨ་མི་རི་ཀས་ཚོང་ལས་ཀྱི་གྲོས་མཐུན་སྣ་མང་ཞིག་འཇོག་ཐུབ་རྒྱུའི་རྩིས་རྒྱག་གི་མེད་པ་སྟེ། ཨ་མི་རི་ཀ་དང་རྒྱ་གར་གཉིས་ཀྱིས་ལོ་ལྟར་ཨ་སྒོར་ཐེར་འབུམ་༡༤༠་ལྷག་གི་ཚོང་ལས་གཉེར་གྱི་ཡོད་ཀྱང་ཕྱོགས་གཉིས་ཀྱི་ཚོང་ལས་དེ་ཨ་སྒོར་ཐེར་འབུམ་༢༣་གྱི་ཆ་མཉམ་མེད་པར་རྒྱ་གར་ལ་ཁེ་སང་ཡོད་པས་སྔ་ལོ་ནས་ཨ་རིའི་གཞུང་གིས་རྒྱ་གར་གྱི་དངོས་ཟོག་ལ་སྒོ་ཁྲལ་སྤར། སྲིད་འཛིན་ཌོ་ནལ་ཊམ་གྱིས་ང་ཚོས་རྒྱ་གར་ལ་ཚོང་ལས་ཀྱི་གྲོས་མཐུན་ཆེན་པོ་ཞིག་འཇོག་ཐབས་བྱེད་བཞིན་ཡོད། གྲོས་མཐུན་དེ་ལོ་འདིའི་སྲིད་འཛིན་འོས་འདེམས་ཀྱི་སྔོན་ལ་འཇོག་ཐུབ་རྒྱུ་ཡིན་མིན་ངེས་གཏན་མེད། རྒྱ་གར་གྱིས་ཨ་མི་རི་ཀར་ཚོང་ལས་དྲང་སྙོམས་ཤིག་གཉེར་གྱི་མེད་པས་ང་ཚོས་དེ་ལ་འགྱུར་བ་ཞིག་གཏོང་དགོས་ཞེས་བཤད། ཉམས་ཞིབ་པ་ཁག་ཅིག་གིས་སྲིད་འཛིན་ཌོ་ནལ་ཊམ་རྒྱ་གར་ལ་འཚམས་འདྲིར་ཕེབས་པ་ནི་ལོ་འདིའི་ཕྱི་ཟླ་༡༡་པའི་སྲིད་འཛིན་འོས་འདེམས་ལ་འབྲེལ་བ་ཡོད། ཁོ་པ་རྒྱ་གར་ལ་འཚམས་འདྲིར་ཕེབས་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས་བཏང་ཚེ། ཨ་མི་རི་ཀར་རྒྱ་གར་བ་ཨ་རིའི་སྤྱི་དམངས་ས་ཡ་༢་དང་ཕྱེད་ཀ་ཡས་མས་ཤིག་ཡོད་པ་དེ་དག་གིས་ཌོ་ནལ་ཊམ་ལ་འོས་ཤོག་འཕེན་རྒྱུའི་རེ་ལྟོས་འཆང་འདུག རྒྱ་གར་གྱི་དཔལ་འབྱོར་འཕེལ་རྒྱས་ལ་བསྔགས་བརྗོད་དང་ཕྱོགས་གཉིས་འཇིགས་སྐུལ་རིང་ལུགས་ལ་འཐབ་རྒོལ་བྱེད་པར་ལྕགས་གདང་སྦྲེལ་བ་ལྟར་གྱི་མཉམ་འབྲེལ་དམ་པོ་ཡིན་ཞེས་གཏམ་བཤད་བྱས་ནས་རྒྱ་གར་བ་རྣམས་དགའ་ཐབས་སུ་འབད་པ་རེད་ཅེས་དཔྱད་བརྗོད་བྱས་འདུག

XS
SM
MD
LG