ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཨ་རི་དང་ཨུ་རུ་སུའི་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ཟུང་གི་གྲོས་མོལ། 


༄༅།། ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ཝི་ལིམ་བྷན་སི་དང་ཨུ་རུ་སུའི་ཕྱི་སོ་ལས་ཁུངས་ཀྱི་འགན་འཛིན་སར་གྷེ་ན་རི་ཤ་ཀིན་གཉིས་གྲོས་མོལ་བྱུང་། ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ནས་ཨུ་རུ་སུས་ཡུཀ་རེན་གྱི་ས་ཐོག་ཏུ་རྡུལ་ཕྲན་མཚོན་ཆ་འགྲེམ་འཇོག་བྱས་ན་མཇུག་འབྲས་ཚབས་ཆེན་ཞིག་སྨིན་རྒྱུའི་ཉེན་བརྡ་བཏང་འདུག ཕྱི་ཟླ་༡༡་པའི་ཚེས་༡༤་ཉིན་ཕོ་བྲང་དཀར་པོའི་རྒྱལ་ཡོངས་བདེ་འཇགས་ལྷན་ཚོགས་ཀྱི་ལས་སྣེ་མིང་འདོན་མ་བྱས་པ་ཞིག་གིས་མཉམ་འབྲེལ་གསར་ཁང་གི་གསར་འགོད་པར་ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་བྷན་སི་དང་ཨུ་རུ་སུའི་ཕྱི་སོ་ལས་ཁུངས་ཀྱི་འགན་འཛིན་ན་རི་ཤ་ཀིན་གཉིས་ཀྱིས་ཏུར་ཀིའི་རྒྱལ་ས་ཨན་ཀ་རར་གྲོས་མོལ་བྱས་ཡོད། ཁོ་ཚོས་ཡུཀ་རེན་གྱི་དམག་འཁྲུག་མཚམས་འཇོག་གི་གྲོས་མོལ་གང་ཡང་བྱས་མེད། ཨ་རིའི་ལག་གྲུག་རྩེད་འགྲན་པ་བྷི་རི་ཊི་ནི་གྷ་རི་ནར་ཟླ་ཤས་གོང་དུ་ཨུ་རུ་སུས་འཛིན་བཟུང་བྱས་ནས་ལོ་དགུའི་ཁྲིམས་ཐག་བཅད་ཡོད་པ་དང་མཱི་ཆི་གྷན་གྱི་བཟོ་ཚོང་ལས་ཁུངས་ཤིག་གི་བདེ་འཇགས་འགན་འཛིན་ཕོལ་ཝཱེ་ལན་ཨུ་རུ་སུས་བཙོན་འཇུག་བྱས་ཡོད་པ་གཉིས་གློད་གྲོལ་ཡོང་ཐབས་སུ་གྲོས་མོལ་བྱས་པ་ཡིན། སྲིད་འཛིན་བྷ་ཌན་གྱི་གཞུང་གིས་བཙོན་པ་བརྗེ་རེས་བྱས་ནས་ཨ་རི་བ་དེ་དག་རང་ཡུལ་དུ་ལེན་ཐབས་བྱེད་ཀྱི་ཡོད་ཅེས་བཤད་འདུག ད་ལོའི་ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་ཏེ་དམག་འཁྲུག་ལངས་ནས་བཟུང་། གཟའ་ཟླ་བའི་ཉིན་ཝི་ལིམ་བྷན་སི་དང་སར་གྷེ་ན་རི་ཤ་ཀིན་གཉིས་ཐུག་འཕྲད་བྱུང་བ་ནི་ཕྱོགས་གཉིས་ཀྱི་མཐོ་རིམ་འགོ་ཁྲིད་གཉིས་ཐུག་འཕྲད་གྲོས་མོལ་བྱུང་བ་ཐེངས་དང་པོ་ཡིན་ཞིང་། ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ཏུར་ཀིར་གྲོས་མོལ་བྱེད་དུ་མ་ཕེབས་གོང་དུ་ཡུཀ་རེན་གྱི་འབྲེལ་ཡོད་གཞུང་འབྲེལ་མི་སྣ་ཚོར་ནང་མོལ་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་མི་རི་ཀའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པ་ཞིག་གིས་ཨ་རི་དང་ཨུ་རུ་སུའི་གསང་བའི་ལས་ཁུངས་གཉིས་ཀྱིས་ཛ་དྲག་གི་གནས་ཚུལ་ཁག་ལ་སྟངས་འཛིན་བྱེད་པར་ཕན་ཚུན་གྲོས་སྡུར་བྱེད་པའི་འབྲེལ་ལམ་གཅོད་ཀྱི་མེད། ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ནས་ཡུཀ་རེན་གྱི་དམག་འཁྲུག་མཚམས་འཇོག་བྱེད་དགོས་སོགས་ཀྱི་གྲོས་མོལ་ཅི་ཡང་བྱས་མེད། ང་ཚོས་ཡུཀ་རེན་མཉམ་ཞུགས་མ་བྱས་པར་ཡུཀ་རེན་གྱི་གནད་དོན་ལ་གྲོས་མོལ་གཏན་ནས་བྱ་རྒྱུ་མིན་པའི་རྩ་དོན་རྒྱུན་འཁྱོངས་བྱེད་ཀྱི་ཡོད་ཅེས་གསལ་བཀྲོལ་བྱུང་། ཉེ་ཆར་ཨ་རིའི་སྐམ་མཚོ་གནམ་གསུམ་གྱི་དམག་དབུང་སྤྱི་ཁྱབ་བཀོད་འདོམས་པ་དམག་སྤྱི་མར་ཁེ་མེ་ལིས་ཡུཀ་རེན་དང་ཨུ་རུ་སུ་གཉིས་ཀྱིས་ཞི་བའི་གྲོས་མོལ་བྱེད་པའི་དུས་ལ་བབས་འདུག་ཅེས་བཤད། དེར་བརྟེན་ཡུཀ་རེན་གྱིས་རང་ལ་གྲོས་མོལ་མ་བྱས་པར་ཨ་མི་རི་ཀ་དང་ཨུ་རུ་སུ་གཉིས་ཀྱིས་དམག་འཁྲུག་མཚམས་འཇོག་གི་གྲོས་མོལ་བྱེད་ཀྱི་ཡོད་སྲིད་པའི་དོགས་པ་ལངས། ཨ་རིའི་མཐོ་རིམ་གཞུང་འབྲེལ་མི་སྣ་འགའ་ཞིག་གིས་ཡུཀ་རེན་མ་ཞུགས་པར་ཨུ་རུ་སུར་གྲོས་མོལ་བྱ་འཆར་མེད། ཨུ་རུ་སུར་གྲོས་མོལ་བྱ་རྒྱུ་ཡིན་མིན་ནི་ཡུཀ་རེན་གྱིས་ཐག་གཅོད་བྱ་དགོས་ཞེས་དོགས་པ་སེལ། ཉེ་ཆར་ཕྱི་ཟླ་༩་པའི་ནང་ཕུ་ཊིན་གྱིས་ཨུ་རུ་སུའི་མི་དམངས་ཀྱི་བདེ་འཇགས་ལ་ཉེན་ཁ་འཕྲད་པའམ། ཡང་ན་ཨུ་རུ་སུའི་མངའ་ཁོངས་གོང་བུ་གཅིག་གྱུར་ལ་གཏོར་བརླག་བྱུང་ན་ཨུ་རུ་སུར་མཚོན་ཆ་གང་ཡོད་པ་རྣམས་བཀོལ་སྤྱོད་བྱ་རྒྱུ་ཡིན་ཞེས་རྡུལ་ཕྲན་མཚོན་ཆས་སྡིགས་ར་བསྐུལ། དེ་ནས་རྒྱལ་སྤྱིའི་ཐོག་ཏུ་ཨུ་རུ་སུར་གནོན་ཤུགས་སྤྲོད་རྒྱུ་ཤུགས་ཆེ་རུ་སོང་བ་དང་ཕྱི་ཟླ་༡༠་པའི་ནང་དུ་ཕུ་ཊིན་གྱིས་དམག་དོན་དང་ཆབ་སྲིད་གང་གི་ཆ་ནས་བལྟས་ཀྱང་ཡུཀ་རེན་ལ་རྡུལ་ཕྲན་མཚོན་ཆས་གཏོར་རྒོལ་བྱེད་དགོས་དོན་མི་འདུག་ཅེས་སྔོན་མའི་སྐད་ཆ་དེར་འགྱུར་བ་བཏང་མོད། འོན་ཀྱང་ཟླ་བ་སྔོན་མ་ནས་ཨུ་རུ་སུའི་གཞུང་འབྲེལ་མི་སྣ་ཚོས་ཡུཀ་རེན་གྱིས་རྡུལ་ཕྲན་འབར་མདེལ་བཟོ་སྐྲུན་བྱེད་ཀྱི་འདུག་ཅེས་ནག་ཉེས་འཛུགས་རྒྱུ་འགོ་ཚུགས།།

མཉམ་འབྲེལ་གསར་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། སྲིད་འཛིན་བྷ་ཌན་གྱིས་ཨིན་རྡུ་ནེ་ཤི་ཡའི་བྷ་ལི་ས་གནས་སུ་འཛམ་གླིང་གི་དཔལ་འབྱོར་སྟོབས་ཆེན་རྒྱལ་ཁབ་༢༠་པའི་འགོ་ཁྲིད་ཚོའི་ལོ་འཁོར་ཚོགས་ཆེན་ཞོར་དུ་རྒྱ་ནག་གི་གཙོ་འཛིན་ཞིས་ཅིན་ཕིང་ལ་ཐུག་འཕྲད་གྲོས་མོལ་བྱས་པའི་རྗེས་སུ་གསར་འགོད་པ་ཚོར་བཤད་པ་ལྟར་ན། སྲིད་འཛིན་བྷ་ཌན་དང་ཞིས་ཅིན་ཕིང་གཉིས་ཀས་ཡུཀ་རེན་གྱི་དམག་འཁྲུག་ལ་གྲོས་མོལ་བྱས་པ་དང་རྡུལ་ཕྲན་མཚོན་ཆ་བཀོལ་སྤྱོད་བྱ་རྒྱུ་ནི་ནམ་ཡང་ངོས་ལེན་བྱེད་ཐུབ་ཐབས་མེད་པ་ཞིག་ཡིན་པའི་ཐུན་མོང་གི་ལྟ་ཚུལ་བསྐྱར་དུ་བཟློས། ཨུ་རུ་སུའི་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཕེ་སི་ཀོབ་ཀྱིས་ཊ་སི་གསར་འགྱུར་ལས་ཁང་ལ་ཨ་མི་རི་ཀས་གྲོས་འགོ་བཏོན་ནས་ཕྱོགས་གཉིས་ཀྱི་གསང་བའི་ལས་ཁུངས་ཁག་གི་འགན་འཛིན་གཉིས་ཐུག་འཕྲད་གྲོས་མོལ་བྱུང་བ་རེད་ཅེས་བཀྲལ། ཏུར་ཀིའི་སྲིད་འཛིན་ཨེར་དྷོ་ཝན་གྱི་མཐོ་རིམ་ལས་སྣེ་ཞིག་གིས་ང་ཚོའི་གསང་བའི་ལས་ཁུངས་ཀྱིས་ཨ་རི་དང་ཨུ་རུ་སུའི་ཕྱི་སོ་ལས་ཁུངས་གཉིས་ཀྱི་འགན་འཛིན་ཟུང་གདན་འདྲེན་ཞུས་ནས་གྲོས་མོལ་བྱེད་དུ་བཅུག་པ་ཡིན། ཁོ་ཚོའི་གྲོས་མོལ་དེ་རྡུལ་ཕྲན་མཚོན་ཆ་བཀོལ་སྤྱོད་བྱས་ནས་རྒྱལ་སྤྱིའི་བདེ་འཇགས་ལ་ཉེན་ཁ་འཕྲད་སྲིད་པ་བཟློག་ཐབས་སུ་དམིགས་འདུག ཏུར་ཀིའི་གཞུང་གིས་འབྲེལ་ཡོད་ཤོག་ཁག་ཚང་མར་གྲོས་མོལ་བྱས་ནས་ཞི་བདེ་བསྐྲུན་ཐབས་སུ་ཕྱི་ནུད་རྒྱག་འཆར་མེད་ཅེས་གསལ་བསྒྲགས་སྤེལ། ད་ལོའི་མགོ་སྟོད་དེར་ཏུར་ཀིའི་གཞུང་གིས་བར་འདུམ་བྱས་ནས་ཨུ་རུ་སུ་དང་ཡུཀ་རེན་གྱི་གཞུང་འབྲེལ་མི་སྣ་ཚོར་ཞི་བའི་གྲོས་མོལ་བྱེད་དུ་བཅུག་ཀྱང་གྲུབ་འབྲས་མ་ཐོན། དེའི་རྗེས་སུ་ཏུར་ཀི་གཞུང་གིས་སླར་ཡང་བར་འདུམ་བྱས་ནས་ཡུཀ་རེན་གྱི་འབྲུ་རིགས་ཕྱིར་ཚོང་བྱ་རྒྱུ་དེར་ཨུ་རུ་སུས་འགོག་རྐྱེན་མི་བཟོ་རྒྱུའི་གྲོས་མཐུན་བྱུང་།།

ཨ་རི་དང་ཨུ་རུ་སུའི་ཕྱི་སོ་ལས་ཁུངས་གཉིས་ཀྱི་འགན་འཛིན་ཟུང་གིས་གྲོས་མོལ་བྱེད་བཞིན་པའི་སྐབས་དེར་ཨ་རིའི་ནོར་སྲིད་ལྷན་ཁང་གིས་ཡུ་རོབ་རྒྱལ་ཁབ་སུད་ཛར་ལན་ཌི་དང་ཧྥ་རན་སི། ཐེ་ཝན་བཅས་སུ་གནས་འཁོད་སྐྱེ་བོ་སྒེར་པ་༡༤་དང་ཚོགས་པ་༢༨་ཀྱིས་ཨུ་རུ་སུའི་བཙན་འཛུལ་དམག་འཁྲུག་ལ་རྒྱབ་སྐྱོར་བྱས་པའི་ནག་ཉེས་ཐོག་ཏུ་ཚོང་ལས་དང་འགྲིམ་འགྲུལ་བཀག་སྡོམ་གྱི་ཉེས་ཆད་བཅད། སྲིད་འཛིན་བྷ་ཌན་གྱིས་ཨུ་རུ་སུའི་དམག་དཔུང་ཡུཀ་རེན་གྱི་ལྷོ་ཕྱོགས་སུ་ཆགས་པའི་ཁར་སན་གྲོང་ནས་ཕྱིར་འཐེན་བྱས་པ་ནི་ཡུཀ་རེན་ལ་རླབས་ཆེན་གྱི་རྒྱལ་ཁ་ཞིག་རེད། ངས་ཡུཀ་རེན་གྱི་མི་དམངས་དང་རྒྱལ་ཁབ་དེའི་དམག་དཔུང་གི་དཔའ་མཛངས་སྙིང་སྟོབས། ཁོ་ཚོའི་འཇོན་ཐང་སོགས་ལ་བསྔགས་བརྗོད་ཞུ་རྒྱུ་ཡིན་ཞེས་བསྒྲགས། ༡༩༦༢་ལོར་ཨུ་རུ་སུས་ཨ་མི་རི་ཀའི་ལྷོ་ཕྱོགས་ཀྱི་ཀུ་པའི་ས་ཐོག་ཏུ་རྡུལ་ཕྲན་འབར་མདེལ་བཙུགས་ནས་རྡུལ་ཕྲན་མཚོན་ཆའི་དམག་འཁྲུག་ལངས་གྲབས་བྱས་ནས་བཟུང་། ད་ལོ་ཕུ་ཊིན་གྱིས་ཡུཀ་རེན་ལ་རྡུལ་ཕྲན་མཚོན་ཆས་གཏོར་རྒོལ་བྱ་རྒྱུ་ཡིན་ཞེས་སྡིགས་ར་མ་བསྐུལ་བར་དུ་རྡུལ་ཕྲན་མཚོན་ཆའི་དམག་འཁྲུག་གི་ཛ་དྲག་ཅིག་བྱུང་མེད་ཅིང་། ཕྱི་ཟླ་༡༡་པའི་ཚེས་༡༤་ཉིན་ནེའུ་ཡོཀ་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ད་ལྟ་ཨ་མི་རི་ཀ་དང་ཡུ་རོབ་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོས་ཡུཀ་རེན་ལ་དམག་འཁྲུག་གི་རྒྱལ་ཁ་འཐོབ་རྒྱུ་ཡིན་པ་དང་ཕུ་ཊིན་ལ་རྡུལ་ཕྲན་མཚོན་ཆའམ། ཡང་ན་གཏོར་ཚབས་ཆེ་བའི་མཚོན་ཆ་བཀོལ་སྤྱོད་བྱེད་དུ་འཇུག་རྒྱུ་འགོག་ཐབས་བྱ་རྒྱུ་གཙིགས་སུ་བཟུང་། ཕུ་ཊིན་གྱིས་ཨུ་རུ་སུས་རྡུལ་ཕྲན་མཚོན་ཆ་འཕེན་རྒྱུའི་གྲ་སྒྲིག་བྱེད་ཀྱི་མེད་ཅེས་འགྲེལ་བཤད་བརྒྱབ་ཀྱང་རྟག་ཏུ་རྡུལ་ཕྲན་མཚོན་ཆས་གཏོར་རྒོལ་བྱ་རྒྱུ་ཡིན་ཞེས་འཇིགས་སྐུལ་བྱེད་ཀྱི་ཡོད་པ་བློ་འཚབ་བྱེད་དགོས་པ་ཞིག་ཏུ་གྱུར།།

ཕྱི་ཟླ་༡༠་པའི་ཟླ་མཇུག་དེར་ཨ་རིའི་གཞུང་གི་ནང་ཁུལ་དུ་བཀྲམ་པའི་ཡིག་ཆ་ཞིག་ལ་འཁོད་པ་ལྟར་ན། ཡུཀ་རེན་གྱི་དམག་ས་ཁག་ཏུ་ཨུ་རུ་སུར་ཕྱོགས་གང་ཐད་དུ་ཕམ་ཉེས་འབྱུང་གི་ཡོད་པ་དང་རྡུལ་ཕྲན་མཚོན་ཆ་བཀོལ་སྤྱོད་བྱ་རྒྱུའི་ཉེན་ཁ་ཆེ། ལྷག་པར་དུ་ཨུ་རུ་སུའི་རྒྱལ་སྲུང་བློན་ཆེན་གྱིས་ཨ་རིའི་རྒྱལ་སྲུང་དྲུང་ཆེར་ཁ་པར་བཏང་སྟེ་ཡུཀ་རེན་གྱིས་རྡུལ་ཕྲན་འབར་མདེལ་ཞིག་འཕེན་འཆར་འདུག་ཅེས་སྐྱོན་འཛུགས་བྱས་པ་ནི་ཨུ་རུ་སུས་རྡུལ་ཕྲན་འབར་མདེལ་ཞིག་འཕངས་ཏེ་ཡུཀ་རེན་གྱིས་འཕངས་རེད་ཅེས་ལན་ཁག་དཀྲིས། དེ་ནས་ཨུ་རུ་སུས་ཡུཀ་རེན་ལ་རྒོལ་ལན་སློག་གི་ཡོད་ཅེས་རྡུལ་ཕྲན་མཚོན་ཆ་བཀོལ་སྤྱོད་བྱེད་པའི་ཐབས་ལམ་ཞིག་འཚོལ་གྱི་ཡོད་པའི་དངངས་འཚབ་ལངས། དེས་ན་ཨ་རིའི་རྒྱལ་སྲུང་བློན་ཆེན་ཨོ་སི་ཊོན་དང་ཨུ་རུ་སུའི་རྒྱལ་སྲུང་བློན་ཆེན་སར་གྷེ་ཤོ་གུ ཨ་རིའི་རྒྱལ་སྲུང་སློབ་སྟོན་པ་ཇཱེཀ་སུ་ལི་ཝན་དང་ཨུ་རུ་སུའི་རྒྱལ་སྲུང་སློབ་སྟོན་པ་པ་ཊ་རུ་ཤེབ། གཟའ་འཁོར་འདིར་ཨ་རི་དང་ཨུ་རུ་སུའི་ཕྱི་སོ་ལས་ཁུངས་གཉིས་ཀྱི་འགན་འཛིན་ཟུང་ཐུག་འཕྲད་གྲོས་མོལ་བྱས་ནས་རྡུལ་ཕྲན་མཚོན་ཆའི་དམག་འཁྲུག་འགོག་ཐབས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། ཁ་སང་གཟའ་ཟླ་བའི་ཉིན་ཡུཀ་རེན་གྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་ཛ་ལུ་ཞ་ཎིས་ང་ཚོས་ཨུ་རུ་སུར་ཞི་བའི་གྲོས་མོལ་བྱེད་དགོས་མིན་ཐད་ཨ་རིའི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་དམག་སྤྱི་མར་ཁེ་མེ་ལིར་གྲོས་མོལ་བྱས་ཏེ་ལངས་ཕྱོགས་གསལ་སྟོན་བྱས་ཡོད། ཨུ་རུ་སུའི་དམག་དཔུང་རྣམས་ཡུཀ་རེན་གྱི་ས་ཐོག་ནས་ཕྱིར་འཐེན་བྱ་དགོས། ཡུཀ་རེན་གྱི་དམག་གིས་གྲོས་མོལ་དང་གྲོས་མཐུན། གུ་བཤངས་སོགས་གཅིག་ལའང་ངོས་ལེན་བྱ་རྒྱུ་མིན་ཞེས་དར་འཕྲིན་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་ཚོས་ཨུ་རུ་སུར་ཕམ་ཉེས་འབྱུང་གི་ཡོད་ཀྱང་ཕུ་ཊིན་གྱིས་རང་གི་དམག་དཔུང་རྦད་དེ་ཕམ་མི་ཐུབ་པའི་རྩིས་བརྒྱབ། ཁོ་པས་ས་ཆ་ཕྱིར་སྤྲོད་དང་གུ་བཤངས་ཆེན་པོ་ཞིག་བྱེད་མི་སྲིད། ཡུཀ་རེན་གྱིས་ས་ཆ་ཕྱིར་ལེན་བྱས་པ་རྣམས་བརྟན་པོར་བཟུང་སྟེ་ཨུ་རུ་སུར་གྲོས་མོལ་བྱ་དགོས་པའི་བསམ་ཚུལ་བཏོན། ཡུཀ་རེན་གྱི་གཞུང་གིས་རང་ལ་རྒྱལ་ཁ་འཐོབ་ཀྱི་ཡོད་པ་དང་ལོ་རྗེས་མར་ས་ཆ་ཤོར་བ་རྣམས་ཕྱིར་ལེན་ཆ་ཚང་བྱེད་ཐུབ་རྒྱུའི་རྩིས་རྒྱག་གི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG