ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༦/༡༩

ཕུ་ཊིན་གྱིས་གོ་སྐབས་ལ་སྒུག་ནས་པ་རི་གྷོ་ཞིན་རྩ་མེད་གཏོང་གི་རེད་ཟེར། 


ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་
ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་

༄༅།། ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ཝི་ལིམ་བྷན་སི་ཡིས་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་གོ་སྐབས་ཤིག་ལ་སྒུག་ནས་ཝེ་གྷ་ནར་གླས་དམག་ཚོགས་པའི་འགོ་ཁྲིད་པ་རི་གྷོ་ཞིན་རྩ་མེད་གཏོང་ངེས་རེད། ཕུ་ཊིན་གྱིས་གྱེན་ལོག་བྱེད་མཁན་ཞིག་གཏན་ནས་ཚེ་ཐར་གཏོང་མི་སྲིད་ཅེས་གཏམ་བཤད་བྱས་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༧་པའི་ཚེས་༢༡་ཉིན་ཡུ་རོབ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ནས་པ་རི་གྷོ་ཞིན་གྱི་གྱེན་ལོག་བྱུང་བ་ནི་ཕུ་ཊིན་གྱིས་ལོ་༢༣་ལ་སྲིད་དབང་བཟུང་བའི་རིང་དེར་ཉེན་ཁ་ཕྲད་པ་ཚབས་ཆེ་ཤོས་སུ་གྱུར། ཨུ་རུ་སུའི་ཞི་དྲག་གཉིས་ཀྱི་མཐོ་རིམ་འགོ་ཁྲིད་ཚོའི་གྲས་སུ་ཕུ་ཊིན་གྱི་དམག་འཐབ་སྲིད་ཇུས་ཡག་པོ་མེད་པ་དང་འགོ་ཁྲིད་ཀྱི་ནུས་པ་མེད་པའི་ལྟ་ཚུལ་འབྱུང་གི་ཡོད་པ་མཐོང་ཐུབ། དེང་སྐབས་ང་ཚོས་མཐོང་བཞིན་པ་ནི་མགོ་རྙོག་ཆེན་པོ་དང་ཚོད་དཔག་དཀའ་བའི་འཐབ་རྩོད་ཅིག་རེད། མཐའ་མཇུག་ཕུ་ཊིན་གྱིས་དགྲ་ལན་སློག་ངེས་རེད་ཅེས་གཏམ་བཤད་བྱས་འདུག

ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ནས་མུ་མཐུད་དུ་བཤད་པ་ལྟར་ན། པ་རི་གྷོ་ཞིན་ལ་ཉེས་ཆད་མ་ཕོག་པར་ཐར་རྒྱུ་མིན་ཞིང་། སྲིད་འཛིན་བྷ་ཌན་གྱིས་ང་པ་རི་གྷོ་ཞིན་ཡིན་ན་དོགས་ཟོན་བྱ་ས་རེད་ཅེས་བཤད་པ་ཤིན་ཏུ་བདེན། པ་རི་གྷོ་ཞིན་གྱིས་གྱེན་ལོག་མ་བྱས་གོང་ནས་ཨུ་རུ་སུའི་ཞི་དྲག་གཉིས་ཀྱི་མཐོ་རིམ་འགོ་ཁྲིད་ཚོའི་གྲས་སུ་དམག་འཁྲུག་བསླངས་པར་མ་དགའ་བ་དང་ཕུ་ཊིན་ཡང་དོགས་མི་བདེ་པ། ཁོ་པས་རང་གི་གཡས་གཡོན་གྱི་མི་ཚོར་དོགས་པ་བྱ་རྒྱུ་ཤུགས་ཆེ་རུ་ཕྱིན་ཡོད་པའི་རྟགས་མཚན་མངོན་ཞེས་བཤད། ཁ་སྔོན་ཕྱི་ཟླ་༦་པའི་ཚེས་༢༤་ཉིན་པ་རི་གྷོ་ཞིན་གྱི་འཐབ་མོ་བ་ཚོས་ཨུ་རུ་སུའི་ལྷོ་ཕྱོགས་ཀྱི་རོ་སི་ཊོབ་ཨོན་ཌོན་གྲོང་ཁྱེར་བླངས། ཁོ་པས་ཨུ་རུ་སུའི་རྒྱལ་སྲུང་བློན་ཆེན་དང་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་གཉིས་མགོ་རྟིང་སློག་རྒྱུ་ཡིན་ཞེས་རྒྱལ་མོ་སི་ཀོར་དམག་དྲངས། མོ་སི་ཀོར་སླེབས་པར་སྤྱི་ལེ་༢༠༠་ཡས་མས་ཤིག་ལས་མེད་པའི་མཚམས་སུ་དཔུང་སྐྱོད་མ་བྱས་པར་གྱེན་ལོག་བྱ་རྒྱུ་མཚམས་བཞག་པའི་གནས་ཚུལ་ཐོན།།

ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་བྷན་སི་ཡིས་ཡུཀ་རེན་གྱི་ཕར་རྒོལ་ལ་ནུས་པ་ཆེན་པོ་ཞིག་ཐོན་ཐུབ་ཀྱི་མེད་པ་དེ་ཧ་ལས་དགོས་པ་ཞིག་མ་རེད། ཨུ་རུ་སུའི་དམག་གིས་ཟླ་བ་མང་པོར་ས་མེ་སྦས། ས་དོང་བྲུས་ཏེ་འགོག་རྡོ་བསླངས། ད་ལོའི་ཕར་རྒོལ་འདི་སྔ་ལོ་ལས་དཀའ་ངལ་ཆེ་བ་བརྗོད་ཅི་དགོས། ཡུཀ་རེན་གྱི་ལྷོ་ཕྱོགས་སུ་འགོག་ར་བརྟན་པོ་བསླངས་ཡོད་ཀྱང་ཁག་ཅིག་གཏོར་ཐུབ་ཀྱི་འདུག ཨུ་རུ་སུའི་ཆབ་སྲིད་དང་དམག་གི་མཐོ་རིམ་འགོ་ཁྲིད་ཚོ་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་ཐུབ་ཀྱི་མེད་པར་དམག་འཁྲུག་ལ་ནུས་པ་མ་ཐོན། ཨུ་རུ་སུའི་དམག་ལ་མཚོན་ཆ་དང་མདེའུ། རྒྱག་ཆས་དང་སྨན་སོགས་རྒྱབ་སྐྱོར་མེད་པར་ཟླ་བ་མང་པོར་སྡུག་སྐད་བརྒྱབ་པའི་རྗེས་སུ་པ་རི་གྷོ་ཞིན་གྱིས་གྱེན་ལོག་བྱས་པ་རེད། པ་རི་གྷོ་ཞིན་གྱི་གྱེན་ལོག་དེས་ཨུ་རུ་སུའི་བཙན་དབང་ལམ་ལུགས་དང་ཕུ་ཊིན་གྱི་སྲིད་དབང་སྒེར་གཅོད་རིང་ལུགས་ལ་ཞན་ཆ་ཆེན་པོ་ཡོད་པ་གསལ་སྟོན་བྱུང་བ་རེད་ཅེས་བཀྲལ།།

ཕྱི་ཟླ་༧་པའི་ཚེས་༢༡་ཉིན་གཟའ་འཁོར་གསར་འགྱུར་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། ཡུཀ་རེན་གྱི་དམག་ས་ཁག་ཏུ་ཨུ་རུ་སུར་ཕམ་ཉེས་དང་ཨུ་རུ་སུའི་རྒྱལ་ནང་དུ་ཅི་ཞིག་འབྱུང་གི་ཡོད་པ། ཡུཀ་རེན་གྱིས་ཕར་རྒོལ་བྱས་ནས་མདུན་སྐྱོད་བྱེད་ཀྱི་ཡོད་པ་དང་པ་རི་གྷོ་ཞིན་གྱིས་ཨུ་རུ་སུའི་དམག་འཐབ་སྲིད་ཇུས་ལ་སྐྱོན་བྱེད་ཀྱི་ཡོད་པ་རྒྱལ་ཡོངས་སུ་ཁྱབ། ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་བྷན་སི་ཡིས་དམག་ས་ཁག་ཏུ་ཡུཀ་རེན་གྱི་དམག་དཔུང་མདུན་སྐྱོད་བྱས་ནས་ས་ཆ་བླངས་ཚེ། ཨུ་རུ་སུའི་ཞི་དྲག་གི་མཐོ་རིམ་འགོ་ཁྲིད་ཚོའི་གྲས་སུ་པ་རི་གྷོ་ཞིན་གྱི་སྐྱོན་བརྗོད་ལ་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་ངེས་རེད། དེའི་བར་དུ་ཕུ་ཊིན་གྱིས་གོ་སྐབས་ཤིག་ལ་སྒུག་ནས་པ་རི་གྷོ་ཞིན་དང་ཝེ་གྷ་ནར་གླས་དམག་ཚོགས་པར་ཅི་ཞིག་བྱ་དགོས་མིན་ཐག་གཅོད་བྱ་ཤས་ཆེ། ངས་བལྟས་ན་ཕུ་ཊིན་གྱིས་ཝེ་གྷ་ནར་གླས་དམག་ཚོགས་པའི་འཐབ་མོ་བ་དང་པ་རི་གྷོ་ཞིན་གཉིས་ལ་དབྱེ་བ་འབྱེད་ཀྱི་རེད། ཁོ་པར་གླས་དམག་ཚོགས་པའི་འཐབ་མོ་བ་རྣམས་དགོས་མཁོ་ཡོད་པ་རེད་ཅེས་སྨྲས།།

ཕྱི་ཟླ་༧་པའི་ཚེས་༢༠་ཉིན་བྷི་བྷི་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཝེ་གྷ་ནར་གླས་དམག་ཚོགས་པའི་འགོ་ཁྲིད་པ་རི་གྷོ་ཞིན་གྱིས་རང་གི་འཐབ་མོ་བ་ཚོར་ཁྱེད་ཚོས་དཔའ་སྟོབས་ཞུམ་པ་མེད་པར་ཡུཀ་རེན་གྱི་དམག་ས་ཁག་ཏུ་འཐབ་འཁྲུག་བརྒྱབ། ཨུ་རུ་སུ་རྒྱལ་ཁབ་ཀྱི་དོན་དུ་བྱས་རྗེས་བཞག་པ་རེད། ད་ལྟའི་དམག་འཐབ་སྲིད་ཇུས་ནི་ཡི་ཐང་ཆད་དགོས་པ་དང་དམག་ས་ཁག་ཏུ་ཅི་ཞིག་འབྱུང་གི་ཡོད་པ་ངོ་ཚ་དགོས་པ་ཞིག་རེད། ང་ཚོ་དེ་ལ་འབྲེལ་བ་ཅི་ཡང་མེད་པ་བྱ་དགོས། ངས་ཝེ་གྷ་ནར་གླས་དམག་ཚོགས་པའི་འཐབ་མོ་བ་རྣམས་སྐབས་ཤིག་གི་རིང་བྷེ་ལོ་རུ་སིར་འདུག་རྒྱུའི་ཐག་བཅད་པ་ཡིན། ང་ཚོ་བསྡད་པའི་རིང་དེར་བྷེ་ལོ་རུ་སིའི་དམག་དཔུང་འཛམ་གླིང་གི་དམག་དཔུང་ཨང་རིམ་གཉིས་པ་ཞིག་ཏུ་སྒྱུར་ཐབས་བྱ་དགོས། ང་ཚོ་གཉའ་ཆག་མི་དགོས་པ་དང་སྟོབས་ཤུགས་ཆ་ཚང་ཡོད་པའི་དུས་སུ་ཡུཀ་རེན་གྱི་དམག་འཁྲུག་ལ་བསྐྱར་དུ་ཞུགས་རྒྱུའི་གྲ་སྒྲིག་བྱ་དགོས། ང་ཚོས་སྔར་བཞིན་ཨ་ཧྥི་རི་ཀ་དང་འཛམ་གླིང་ཡུལ་གྲུ་ཁག་ཏུ་ལས་དོན་བསྒྲུབ་རྒྱུ་ཡིན་ཞེས་གཏམ་བཤད་བྱས་འདུག

ཕུ་ཊིན་ལ་གྱེན་ལོག་བྱུང་བའི་རྗེས་སུ་པ་རི་གྷོ་ཞིན་ཁྱིམ་མཚེས་རྒྱལ་ཁབ་བྷེ་ལོ་རུ་སིར་རྒྱང་ཕུད་བཏང་ཞིང་། ཁོ་པའི་ཁྱིམ་ལ་ཨུ་རུ་སུའི་དྲག་ཆས་ཉེན་རྟོག་པས་སྔོག་བཤེར་བྱས་ནས་གསེར་དང་དངུལ་སྒོར། མཚོན་ཆ་དང་མདེའུ་རྣམས་གཞུང་བཞེས་བཏང་མོད། འོན་ཀྱང་གྱེན་ལོག་བྱུང་ནས་ཉིན་ལྔའི་རྗེས་སུ་པ་རི་གྷོ་ཞིན་སྲིད་འཛིན་ལས་ཁུངས་སུ་མགྲོན་འབོད་བྱས་ནས་ཕུ་ཊིན་ལ་ཐུག་འཕྲད་གྲོས་མོལ་བྱུང་། པ་རི་གྷོ་ཞིན་སྒེར་གྱི་གནམ་གྲུའི་ནང་དུ་ཨུ་རུ་སུའི་ས་གནས་ཁག་དང་བྷེ་ལ་རུ་སི་བཅས་ལ་འགྲིམ་འགྲུལ་བྱས་ཀྱང་བཀག་འགོག་མེད། ཨུ་རུ་སུའི་དྲག་ཆས་ཉེན་རྟོག་པས་གཞུང་བཞེས་བཏང་བའི་རི་གྷོ་ཞིན་གྱི་རྒྱུ་དངོས་རྣམས་ཕྱིར་སློག ཕུ་ཊིན་གྱིས་ཝེ་གྷ་ནར་གླས་དམག་ཚོགས་པའི་འཐབ་མོ་བ་རྣམས་ཨུ་རུ་སུའི་གཞུང་དམག་ཁོངས་སུ་ཟླ་སྒྲིལ་བྱེད་པའམ། ཡང་ན་རང་ཁྱིམ་དུ་ཕྱིར་ལོག་བྱོས དེ་མིན་ན་པ་རི་གྷོ་ཞིན་གྱི་རྗེས་སུ་འབྲངས་ནས་བྷེ་ལ་རུ་སིར་འགྲོ་དགོས་པའི་བཀའ་བཏང་བ་ལག་བསྟར་མ་ཐུབ། ད་སྔ་ཕུ་ཊིན་གྱིས་པ་རི་གྷོ་ཞིན་ལ་ལག་པ་འཆང་མ་ཕོད་པར་ལུས་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༧་པའི་ཚེས་༡༦་ཉིན་དབྱིན་ཇིའི་ཉིན་རེའི་སྦྲག་འཕྲིན་གསར་ཁང་གིས་དར་འཕྲིན་དྲྭ་ལམ་དུ་གླེང་སློང་འབྱུང་གི་ཡོད་པའི་གནས་ཚུལ་ཁག་ལུང་འདྲེན་བྱས་ནས་གནས་ཚུལ་སྤེལ་བ་ལྟར་ན། ཕུ་ཊིན་ལ་གྱེན་ལོག་བྱུང་བའི་རྗེས་སུ་ཨུ་རུ་སུའི་དམག་སྤྱི་༣་གནས་དབྱུང་བཏང་སྟེ་གཞུང་དྲང་བློ་དཀར་མིན་པ་རྣམས་རྩ་མེད་གཏོང་རྒྱུ་འགོ་ཚུགས། གལ་སྲིད་དར་འཕྲིན་དྲྭ་ལམ་དུ་ཐོན་པའི་གནས་ཚུལ་དེ་ཚོ་བདེན་པ་ཡིན་ན་ཕུ་ཊིན་གྱིས་དམག་དཔོན་༡༡་གནས་དབྱུང་དང་བཀག་ཉར། ཡང་ན་དམག་དཔོན་དེ་ཚོ་གར་སོང་ཆ་མེད་དུ་གྱུར་པ་ངེས་གཏན་བྱེད་ཐུབ། ཨུ་རུ་སུའི་རྒྱལ་སྲུང་བློན་ཆེན་སར་གྷེ་ཤོ་གུ་དང་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་དམག་སྤྱི་ཇཱི་ར་སི་མོབ་གཉིས་ལའང་ཨུ་རུ་སུའི་ཞི་དྲག་གཉིས་ཀྱི་མཐོ་རིམ་འགོ་ཁྲིད་ཚོ་དགའ་མོས་མེད་པ་ར་འཕྲོད། ཨ་རིའི་ཝོལ་སི་ཊི་རི་ཊི་ཉིན་རེའི་ཚགས་པར་ལ་ཕུ་ཊིན་གྱིས་དམག་དཔོན་༡༣་བཀག་ཉར་དང་དམག་དཔོན་༡༥་ལ་ལས་མཚམས་འཇོག་ཏུ་བཅུག་སྟེ་གནས་དབྱུང་བཏང་ཡོད་པའི་གནམས་ཚུལ་ཐོན།།

FILE - Russian President Vladimir Putin, right, applauds Col. Gen. Sergei Surovikin during an awards ceremony for troops who fought in Syria, in the Kremlin, in Moscow, Dec. 28, 2017.
FILE - Russian President Vladimir Putin, right, applauds Col. Gen. Sergei Surovikin during an awards ceremony for troops who fought in Syria, in the Kremlin, in Moscow, Dec. 28, 2017.

ཕྱི་ཟླ་༧་པའི་ཚེས་༡་ནས་ཨུ་རུ་སུའི་དམག་སྤྱི་སུ་རོ་ཝི་ཀིན་མཐོང་ཐོས་མེད་པར་གྱུར། ཁོ་པས་པ་རི་གྷོ་ཞིན་གྱིས་གྱེན་ལོག་བྱ་འཆར་ཡོད་པ་སྔོན་ནས་ཤེས་རྟོགས་བྱུང་ཡོད་པའི་སྐད་ཆ་ཞིག་གོ་རྒྱུ་ཡོད་པར་མ་ཟད། དམག་སྤྱི་སུ་རོ་ཝི་ཀིན་གྱེན་ལོག་དེར་འབྲེལ་བ་འདུག་ཟེར། ད་ལྟ་དམག་སྤྱི་སུ་རོ་ཝི་ཀིན་གསོན་གནས་ཡིན་མིན་ཡང་བཤད་དཀའ། ད་དུང་ལོ་ན་༤༨་ལ་སོན་པའི་ཨུ་རུ་སུའི་དམག་སྤྱི་ཨི་ཝན་པོ་པོབ་གོ་གནས་ཕབ། ཁོ་པས་ང་ཚོར་ཡུཀ་རེན་གྱི་དམག་གིས་ཚུར་རྒོལ་བྱས་ནས་ཕམ་ཉེས་བྱུང་མེད། ང་ཚོར་ཨུ་རུ་སུའི་དམག་དཔུང་བཀོད་འདོམས་པ་ཚོས་རྒྱབ་ལོགས་ནས་རྒྱབ་སྐྱོར་མ་བྱས་པ་དང་གཡོ་ཁྲམ་བྱས། མཚོན་ཆ་དང་རྒྱགས་ཆས་མེད་པར་ཕམ་པ་རེད་ཅེས་སྐད་ཆ་དྲང་པོ་བཤད་པར་ཉེས་ཆད་ཕོགག དེའི་རྗེས་སུ་ལོ་ན་༤༦་ལ་སོན་པའི་ཨུ་རུ་སུའི་དམག་སྤྱི་ཀོར་ནེབ་དང་ལོ་ན་༥༤་ལ་སོན་པའི་དམག་སྤྱི་ཊེབ་ལིན་སི་ཀི་གཉིས་ཀྱང་བཀག་ཉར་བྱས་ཤིང་། ཨུ་རུ་སུའི་དམག་མི་ཚོས་ང་ཚོའི་འགོ་ཁྲིད་ཚོར་ཁྲིམས་གཅོད་དང་ཚེ་སྲོག་ལ་ཉེན་ཁ་བྱུང་ན་ང་ཚོས་རང་སྲོག་བློས་བཏང་ནས་རང་གི་འགོ་ཁྲིད་ཚོ་སྐྱོབ་རྒྱུ་ཡིན་ཞེས་འཇིགས་སྐུལ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG