ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༧/༡༦

ཕུ་ཊིན་གྱིས་རང་ཉིད་སྐྱོབ་ཐབས་སུ་པ་རི་གྷོ་ཞིན་ལ་ནང་འགྲིག་བྱས་སྐད། 


དབྱིན་ཇིའི་ཕྱི་སོ་ལས་ཁུངས་ཀྱི་འགོ་ཁྲིད་རི་ཆར་ཌི་མུར་
དབྱིན་ཇིའི་ཕྱི་སོ་ལས་ཁུངས་ཀྱི་འགོ་ཁྲིད་རི་ཆར་ཌི་མུར་

༄༅།། དབྱིན་ཇིའི་ཕྱི་སོ་ལས་ཁུངས་ཀྱི་འགོ་ཁྲིད་རི་ཆར་ཌི་མུར་ནས་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་རང་ཉིད་སྐྱོབ་ཐབས་སུ་ཝེ་གྷ་ནར་གླས་དམག་ཚོགས་པའི་འགོ་ཁྲིད་ཡེབ་གྷེ་ཎི་པ་རི་གྷོ་ཞིན་ལ་ནང་འགྲིག་བྱས་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༧་པའི་ཚེས་༢༠་ཉིན་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དབྱིན་ཇིའི་ཕྱི་སོ་ལས་ཁུངས་ཀྱི་འགོ་ཁྲིད་རི་ཆར་ཌི་མུར་ནས་ཆེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ཕུ་རག་གྲོང་ཁྱེར་དུ་གཏམ་བཤད་བྱས་པའི་སྐབས་སུ་ཕུ་ཊིན་དང་ཝེ་གྷ་ནར་གླས་དམག་གི་འགོ་ཁྲིད་གཉིས་ནང་འགྲིག་བྱས་ནས་གྱེན་ལོག་མཚམས་འཇོག་བྱུང་བ་འདྲ། ཕྱི་ཟླ་༦་པའི་ཚེས་༢༤་ཉིན་གྱི་སྔ་དྲོར་ཕུ་ཊིན་གྱིས་པ་རི་གྷོ་ཞིན་ནི་རྒྱབ་གཏོད་པ་ཞིག་རེད་ཅེས་ཉེས་ཅན་དུ་བརྩིས། ཕྱི་དྲོ་དེར་ཕུ་ཊིན་གྱིས་པ་རི་གྷོ་ཞིན་ཉེས་ཡངས་སུ་གཏང་རྒྱུའི་ཐག་བཅད། དེ་ནས་ཉི་མ་ལྔའི་རྗེས་སུ་ཕུ་ཊིན་གྱིས་ཝེ་གྷ་ནར་གླས་དམག་ཚོགས་པའི་འགོ་ཁྲིད་པ་རི་གྷོ་ཞིན་སྲིད་འཛིན་ལས་ཁུངས་སུ་གདན་འདྲེན་ཞུས་ནས་གསོལ་ཇ་དྲངས་པ་རེད་ཅེས་བཀྲལ། ཕུ་ཊིན་དང་པ་རི་གྷོ་ཞིན་གཉིས་ཀྱིས་གྱེན་ལོག་བྱས་དོན་དང་ཝེ་གྷ་ནར་གླས་དམག་ཚོགས་པའི་མདུན་ལམ་བཅས་ལ་གྲོས་སྡུར་བྱས་པའི་གནས་ཚུལ་ཐོན་འདུག

དབྱིན་ཇིའི་ཕྱི་སོ་ལས་ཁུངས་ཀྱི་འགོ་ཁྲིད་རི་ཆར་ཌི་མུར་གྱིས་ཕུ་ཊིན་ལ་གྱེན་ལོག་བྱུང་ནས་སུ་ཞིག་ཕམ་ཡོད་པ་དང་སུ་རྒྱལ་ཡོད་པ་ནི་ང་ཚོས་བཤད་ཁག་པོ་འདུག ཝེ་གྷ་ནར་གླས་དམག་གི་འགོ་ཁྲིད་པ་རི་གྷོ་ཞིན་གྱིས་སྔར་ལྟར་དར་འཕྲིན་དྲྭ་ལམ་དུ་འཕྲིན་ཐུང་སྤེལ་རྒྱུ་མཚམས་ཆད་སོང་། ང་ཚོས་ཤེས་ཚོད་ལ་ཁོ་པ་བསད་མེད་པ་དང་ཕུ་ཊིན་གྱིས་པ་རི་གྷོ་ཞིན་ལ་བཟོད་པོ་བྱེད་ཀྱི་འདུག བྷེ་ལོ་རུ་སིའི་སྲིད་འཛིན་ལུ་ཀ་ཤན་ཀོའི་བར་འདུམ་ལྟར་ཕུ་ཊིན་གྱིས་ཨུ་རུ་སུའི་ཝེ་གྷ་ནར་གླས་དམག་ཚོགས་པའི་འགོ་ཁྲིད་པ་རི་གྷོ་ཞིན་ལ་ནང་འགྲིག་བྱས་པར་སྣང་། ང་ཚོས་ཕུ་ཊིན་གྱི་བསམ་བློའི་ནང་དུ་ཅི་ཞིག་དྲན་གྱི་ཡོད་པ་མི་ཤེས། ཡིན་ནའང་གཅིག་འགྲིག་གི་མེད་པ་གསལ་པོ་རེད། ཝེ་གྷ་ནར་གླས་དམག་ཚོགས་པར་ཅི་ཞིག་འབྱུང་རྒྱུ་ཡིན་མིན་ཁ་ཚོན་བཅད་ནས་བཤད་མི་ཐུབ་ཀྱང་ཡུཀ་རེན་གྱི་དམག་ས་ཁག་ནས་ཕྱིར་འཐེན་བྱས་འདུག ད་ལྟ་གླས་དམག་ཁག་ཅིག་བྷེ་ལོ་རུ་སིའི་ས་ཐོག་ཏུ་བསླེབས་འདུག་ཅེས་གསར་འགོད་པའི་དྲི་བ་ཁག་ལ་ལན་བཏབ། ཁོང་གིས་ཨུ་རུ་སུའི་མི་དམངས་ཀྱིས་དམག་འཁྲུག་འགོག་ཐབས་སུ་རྒྱབ་སྐྱོར་བྱ་དགོས། ལོ་གཅིག་དང་ཕྱེད་ཀ་འགྲོ་བཞིན་པའི་ཡུཀ་རེན་གྱི་དམག་འཁྲུག་འདི་མཇུག་བསྒྲིལ་ཏུ་འཇུག་དགོས་ཞེས་འབོད་སྐུལ་ཞུས།།

Russia Belarus Wagner
Russia Belarus Wagner

ཕྱི་ཟླ་༧་པའི་ཚེས་༡༩་ཉིན་ཧྥོབ་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་ལྷག་པའི་ཉིན་ཡེབ་གྷེ་ཎི་པ་རི་གྷོ་ཞིན་དང་ཝེ་གྷ་ནར་གླས་དམག་ཚོགས་པའི་འཐབ་མོ་བ་ཁག་ཅིག་བྷེ་ལོ་རུ་སིའི་ས་ཐོག་ཏུ་འབྱོར། ཁོ་པས་ཝེ་གྷ་ནར་གླས་དམག་ཚོགས་པའི་འཐབ་མོ་བ་ཚོར་སྣེ་ལེན་དང་ཡུཀ་རེན་གྱི་ས་ཐོག་ཏུ་དམག་འཁྲུག་རྒྱག་རྒྱུ་མིན། ང་ཚོ་ཨ་ཧྥི་རི་ཀར་བསྐྱོད་རྒྱུ་དང་རང་ཉིད་ངོ་གནོང་མི་དགོས་པ་ཞིག་ཏུ་གྱུར་ཡོད་པའི་གདེང་ཚོད་ལོན་པའི་མཚམས་དེར་ཡུཀ་རེན་ལ་ཕྱིར་ལོག་བྱ་རྒྱུ་ཡིན་ཞེས་བཤད། འདི་ནི་ལམ་ལྷོངས་མ་བྱུང་བའི་གྱེན་ལོག་རྗེས་སུ་ཝེ་གྷ་ནར་གླས་དམག་ཚོགས་པའི་འགོ་ཁྲིད་པ་རི་གྷོ་ཞིན་བརྙན་ལམ་དུ་མཐོང་ཐོས་བྱུང་བ་ཐེངས་དང་པོ་ཡིན་ཞིང་། པ་རི་གྷོ་ཞིན་དང་ཕུ་ཊིན་གཉིས་ལ་ལོ་༣༠་ལྷག་གི་འབྲེལ་བ་ཡོད་ཀྱང་ཟླ་བ་སྔོན་མར་ཝེ་གྷ་ནར་གླས་དམག་ཚོགས་པས་ཨུ་རུ་སུའི་རྒྱལ་སྲུང་བློན་ཆེན་དང་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་གཉིས་མགོ་རྟིང་སློག་རྒྱུ་ཡིན། ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་གི་འགོ་ཁྲིད་ཚོར་འཇོན་ཐང་མེད་པར་དམག་འཁྲུག་ལ་གྲུབ་འབྲས་ཐོན་མ་ཐུབ་པ་རེད་ཅེས་རྒྱལ་ས་མོ་སི་ཀོར་དམག་དྲངས།།

དབྱིན་ཇིའི་ཕྱི་སོ་ལས་ཁུངས་ཀྱི་འགོ་ཁྲིད་རི་ཆར་ཌི་མུར་གྱིས་རྒྱ་ནག་དང་ཨུ་རུ་སུ་གཉིས་ངན་པ་ལག་འབྲེལ་བྱས་ནས་ཨུ་རུ་སུས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་པར་རྒྱ་ནག་གིས་སྔར་བཞིན་རྒྱབ་སྐྱོར་བྱེད་ཀྱི་འདུག དེ་བཞིན་ཨི་རན་གྱིས་ཀྱང་དམག་འཁྲུག་གི་གོ་སྐབས་བཟུང་ནས་ཨུ་རུ་སུར་ཁ་ལོ་བ་མེད་པའི་འཕུར་གྲུ་བཙོངས། ཁོ་ཚོས་དངུལ་སྒོར་ལེན་གང་ཐུབ་བྱེད་ཀྱི་ཡོད་པ་དང་ཨི་རན་གྱིས་མཚོན་ཆ་བཙོངས་པར་ཉེས་ཆད་འཁུར་མི་དགོས་པར་ཐར་རྒྱུ་རེད་བསམས་འདུག ཨི་རན་གྱི་ཁ་ལོ་བ་མེད་པའི་འཕུར་གྲུ་ཁག་གིས་ཡུཀ་རེན་གྱི་མི་མང་དཀྱུས་མ་གནས་སྡོད་བྱ་ཡུལ་ཁག་ཏུ་གཏོར་རྒོལ་བྱས་ནས་མི་གསོད་ཁྲག་སྦྱོར་ཆེན་པོ་འབྱུང་གི་ཡོད་པས་ཨི་རན་གྱི་མཐོ་རིམ་འགོ་ཁྲིད་ཚོའི་ནང་ཁུལ་དུ་ལྟ་ཚུལ་མ་མཐུན་པར་འགལ་ཟླ་འབྱུང་གི་འདུག་ཅེས་བསྟན། དེང་སྐབས་ཨུ་རུ་སུའི་དམག་ལ་མཚོན་ཆ་མེད་པར་ཨི་རན་ནས་ཁ་ལོ་བ་མེད་པའི་འཕུར་གྲུ་དང་བྱང་ཀོ་རི་ཡ་ནས་མེ་སྒྱོགས་མདེའུ་ནང་འདྲེན། རྒྱ་གར་དང་འབར་མ་སོགས་ལ་བཙོངས་ཟིན་པའི་མཚོན་ཆ་རྙིང་པ་ཁག་ཅིག་ཨུ་རུ་སུས་ཕྱིར་ཉོ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༧་པའི་ཚེས་༡༩་ཉིན་ཕྱི་སྲིད་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། ཝེ་གྷ་ནར་གླས་དམག་ཚོགས་པའི་འགོ་ཁྲིད་པ་རི་གྷོ་ཞིན་གྱིས་ཨུ་རུ་སུའི་རྒྱལ་སྲུང་བློན་ཆེན་དང་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་གཉིས་མགོ་རྟིང་སློག་རྒྱུ་ཡིན་ཞེས་ཕུ་ཊིན་ལ་གྱེན་ལོག་བསླངས། ཕུ་ཊིན་གྱིས་པ་རི་གྷོ་ཞིན་རྒྱབ་གཏོད་པ་རེད་ཅེས་ནག་ཉེས་བཙུགས་ཀྱང་གླས་དམག་ཚོགས་པའི་འགོ་ཁྲིད་དེ་རྩ་མེད་གཏོང་མ་ཐུབ། ཕྱི་ཚུལ་དུ་གྱེན་ལོག་དེ་ཡེབ་གྷེ་ཎི་པ་རི་གྷོ་ཞིན་གྱིས་རང་གི་འཐབ་མོ་བ་ཚོར་མཚོན་ཆ་དང་མདེའུ། གླ་ཕོགས་དང་སྨན་བཅོས་ཀྱི་མཐུན་རྐྱེན་སྤྲོད་དགོས་ཞེས་དགོས་འདུན་བཏོན་པ་ཞིག་ཡིན་མོད། འོན་ཀྱང་གྱེན་ལོག་དེས་ཨུ་རུ་སུའི་མི་རིགས་རིང་ལུགས་པ་དང་བཙན་རྒྱལ་རིང་ལུགས་པ་ཚོས་ཕུ་ཊིན་གྱིས་ཡུཀ་རེན་ལ་དམག་འཁྲུག་ཤུགས་ཆེན་པོ་ཞིག་རྒྱག་ཐུབ་ཀྱི་མེད་པར་བློ་ཁ་མ་ཚིམས། ཁོ་ཚོས་ཨུ་རུ་སུའི་སྲིད་དབང་སྒེར་གཅོད་ཀྱི་ལམ་ལུགས་འོག་ཏུ་ཕུ་ཊིན་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ། ལྷག་པར་དུ་ཨུ་རུ་སུའི་དམག་དཔོན་ཚོ་དང་ཕུ་ཊིན་གྱི་བར་དུ་འགལ་ཟླ་འབྱུང་གི་ཡོད་པ་མཚོན་ཐུབ་ཅེས་གནས་ཚུལ་སྤེལ།།

ཕྱི་སྲིད་དུས་དེབ་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། ཕུ་ཊིན་དམག་སྤྱི་ཞིག་མིན་པ་དང་དམག་འཁྲུག་གི་ཉམས་མྱོང་མེད། ཁོ་པས་ཡུཀ་རེན་གྱི་རྒྱལ་ས་ཀིབ་ཉི་མ་གསུམ་གྱི་ནང་དུ་ལེན་ཐུབ་པ་དང་ཨ་རི་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་རྒྱབ་སྐྱོར་བྱེད་མི་ཕོད་ཀྱི་ཁོག་རྩིས་བརྒྱབ་པ་རྩིས་ལོག་ཐེབས། ཡུཀ་རེན་མི་དམངས་ཀྱིས་མེ་ཏོག་བཟུང་ནས་ཨུ་རུ་སུའི་དམག་ལ་དགའ་བསུ་ཞུ་རྒྱུ་རེད་ཅེས་བཤད་པ་དོན་དངོས་སུ་མ་བྱུང་། ཕུ་ཊིན་གྱིས་ཡུཀ་རེན་ལ་བཙན་འཛུལ་བྱེད་ཀྱི་ཡོད་པའི་དམག་འཐབ་སྲིད་ཇུས་དེར་ནོར་འཁྲུལ་ཚབས་ཆེན་བྱུང་། ཁོ་པས་རང་གི་ནོར་འཁྲུལ་འགེབས་ཐབས་སུ་དམག་དཔོན་རྣམས་འཕོ་འགྱུར་དང་བློན་ཆེན་ཁག་གནས་དབྱུང་། ཨུ་རུ་སུའི་ཆབ་སྲིད་ཀྱི་འཐབ་རྩོད་ནང་དུ་ཕུ་ཊིན་ལ་དགྲ་བོ་ཇེ་མང་། ཕུ་ཊིན་གྱིས་གསོ་སྐྱོང་བྱས་པའི་མི་ཚོས་གྱེན་ལོག་བྱེད་ཀྱི་ཡོད་པ་བློ་ཡུལ་དུ་ཤོལ་དཀའ། སྲིད་དབང་སྒེར་གཅོད་པ་རྣམས་མི་འཇོན་ཐང་ཅན་དང་བྱས་རྗེས་ཅན་ལ་དགའ་ཡང་མི་དེ་ཚོར་ཆབ་སྲིད་ཀྱི་ཧམ་སེམས་སྐྱེས། ཁོ་ཚོ་བློ་ལོག་ན་སྲིད་དབང་སྒེར་གཅོད་པ་དེ་མགོ་རྟིང་སློག་རྒྱུའི་ཉེན་ཁ་ཤིན་ཏུ་ཆེ།།

༡༦༡༣་ལོར་ཨུ་རུ་སུར་རོ་མ་ནོབ་རྒྱལ་རབས་ཚུགས། ཨུ་རུ་སུའི་ཉེ་རབས་ལོ་རྒྱུས་སུ་ཕོ་བྲང་ནང་ཁུལ་དུ་གསོད་རེས་དང་གོང་མ་དམར་གསོད། རྒྱལ་ཁབ་ལ་ནང་འཁྲུག དུས་རབས་སྔོན་མའི་ལོ་རབས་༩༠་པའི་ནང་དུ་ཨུ་རུ་སུ་དམར་ཤོག་ཁ་འཐོར་སོང་སྟེ་སྡེ་གཟར་ཆེན་པོ་ལངས། ཨུ་རུ་སུའི་རོ་མ་ནོབ་གོང་མ་རིམ་པར་གྱེན་ལོག་བྱུང་བ་འགོག་ཐབས་སུ་ཕྱི་ལ་མངའ་ཁོངས་རྒྱ་བསྐྱེད། ཏུར་ཀི་དང་མན་ཇུ། ཡུཀ་རེན་གྱི་ལྷོ་ཕྱོགས་དང་སུད་ཌེན་བཅས་ལ་དམག་བརྒྱབ་ནས་རྒྱལ་ནང་གི་ཟིང་འཁྲུག་འགོག་ཐབས་བསྟེན། ༡༧༠༩་ལོར་རོ་མ་ནོབ་གོང་མ་གསུམ་པ་ཕི་ཊར་གྱིས་དངོས་སུ་དམག་དཔུང་ཁྲིད་ནས་པལ་ཊ་ཝ་ས་གནས་སུ་བཙན་འཛུལ་བ་བཀག ༡༧༡༡་ ལོར་ཏུར་ཀིའི་ཨོ་ཊ་མན་བཙན་རྒྱལ་ལ་གཡུལ་བཤམས་ཏེ་ཕམ་ཉེས་ཆེན་པོ་བྱུང་ཡང་སུད་ཌེན་ལ་དམག་བརྒྱབ་ནས་རྒྱལ་ཁ་བླངས། བྷོལ་ཊིག་མངའ་ཁུལ་དབང་དུ་བསྡུས། སན་ཊི་ཕི་ཊར་སི་བྷག་གྲོང་ཁྱེར་གསར་དུ་བཙུགས་ཏེ་སྲིད་དབང་སྲ་བརྟན་བྱུང་། ཕི་ཊར་གྱི་རྗེས་འཇུག་པ་གོང་མ་ཚང་མས་དམག་ཆས་གྱོན་ཏེ་དམག་ལ་སོང་ནས་སྲིད་དབང་བཟུང་བའི་ལོ་རྒྱུས་རྣམས་དེབ་ཐེར་དུ་འཁོད།།

འཛམ་གླིང་དམག་ཆེན་གཉིས་པ་དུས་སུ་སི་ཏ་ལིན་གྱི་དམག་འཁྲུག་གི་ལས་དོན་མཐའ་དག་ལ་སྟངས་འཛིན་བྱས་ནས་འཐབ་འཁྲུག་བརྒྱབ། ཨུ་རུ་སུའི་མི་གྲངས་ས་ཡ་༢༧་དམག་འཁྲུག་ནང་དུ་ཤི་ཡང་མཐའ་མཇུག་སི་ཏན་ལིན་གྱི་དམར་དམག་གིས་འཇར་མན་ཎིའི་རྒྱལ་ས་བྷར་ལན་བླངས་ཏེ་རྒྱལ་ཁ་ཐོབ། ༡༩༤༥་ལོར་ཨུ་རུ་སུར་དམག་འཁྲུག་གི་རྒྱལ་ཁ་ཐོབ་པའི་རྗེས་སུ་དམར་ཤོག་གི་འགོ་ཁྲིད་ཚོས་ལོ་༤༠་ཐམ་པར་སྲིད་དབང་འཛིན་ཐུབ་པར་གྱུར། ཡིན་ནའང་ཡུཀ་རེན་གྱི་དམག་འཁྲུག་ནང་དུ་ཨུ་རུ་སུའི་དམག་མི་འབུམ་༢་ཡས་མས་ཤིག་བསད་རྨས་བྱུང་། ཨུ་རུ་སུའི་དཔལ་འབྱོར་དང་ཚོང་ལས་ཉམས། དམག་གི་སྟོབས་ཤུགས་ཉམས་དམས་སུ་སོང་སྟེ་རྒྱལ་ཁབ་ཀྱི་སྟོབས་འབྱོར་ལོ་༣༠་ཐམ་པའི་སྔོན་གྱི་ཚད་དེར་ལྷུང་། རྒྱལ་སྤྱིའི་ཐོག་ཏུ་ཨུ་རུ་སུ་གྲོགས་མེད་ཁེར་རྐྱང་དུ་ལུས་པ་དང་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་ཕུ་ཊིན་ལ་དམག་འཁྲུག་གི་ནག་ཉེས་བཙུགས་ནས་འཛིན་བཟུང་བྱ་དགོས་ཞེས་བཀའ་ཕབ། པ་རི་གྷོ་ཞིན་གྱི་གྱེན་ལོག་དེར་ཨུ་རུ་སུའི་དམག་དཔོན་༣༠་ལྷག་གི་རྒྱབ་སྐྱོར་ཡོད་པ་དང་ཕུ་ཊིན་གྱིས་དམག་དཔོན་དོགས་གཞི་ཅན་རྣམས་གནས་དབྱུང་གི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG