ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༠༦/༡༧

ཨུ་རུ་སུའི་མི་མང་ཁག་ཅིག་གིས་གྱེན་ལོག་ལ་རྒྱབ་སྐྱོར་བྱས་པར་སྣང་། 


༄༅།། ཨུ་རུ་སུའི་རོ་ས་ཏོབ་གྲོང་ཁྱེར་གྱི་མི་དམངས་ནས་ཡེབ་གྷེ་ཎི་པ་རི་གྷོ་ཞིན་གྱིས་འགོ་ཁྲིད་པའི་ཝེ་གྷ་ནར་གླས་དམག་གི་གྱེན་ལོག་ལ་དགའ་བསུ་དང་རྒྱབ་སྐྱོར་བྱས་པར་སྣང་། ཕྱི་ཟླ་༧་པའི་ཚེས་༤་ཉིན་ཕྱི་ལོགས་སུ་པར་འགྲེམ་བྱེད་ཀྱི་ཡོད་པའི་མོ་སི་ཀོ་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རོ་ས་ཏོབ་གྲོང་ཁྱེར་དུ་གནས་འཁོད་རྒན་མོ་ལོ་ན་༦༧་ལ་སོན་པའི་ཨ་ན་ཞེས་པ་ཞིག་གིས་ང་ཕྱི་ཟླ་༦་པའི་ཚེས་༢༤་ཡི་ཞོགས་པ་སྔ་པོར་དམག་གི་འཐབ་འཁོར་དང་ལྕགས་ཁྲབ་འཁོར་ལོའི་སྒྲ་སྐད་བཅས་ཀྱིས་གཉིད་དཀྲོགས་བྱུང་། ངས་སྒེའུ་ཁུང་ནང་ནས་ཕྱི་རུ་བལྟས་པ་ན་ཕར་ཕྱོགས་ཀྱི་ཁ་སྤྲོད་དུ་ཝེ་གྷ་ནར་གླས་དམག་གི་གྱེན་ལོག་པ་ཚོས་ཨུ་རུ་སུའི་དམག་སྒར་མཐའ་བསྐོར། སྲང་ལམ་ཁག་དང་བཞི་མདོ་ཁག་ཏུ་འཐབ་འཁོར་དང་ལྕགས་ཁྲབ་འཁོར་ལོ། འཕྲུལ་མདའ་ཐོགས་པའི་དམག་དཔུང་བཀྲམ་འདུག ངས་ཉལ་སའི་ནང་དུ་གསར་འགྱུར་བཀླགས། རོ་ས་ཏོབ་གྲོང་ཁྱེར་ནི་ཝེ་གྷ་ནར་གླས་དམག་གིས་བཟུང་ཟིན་པ་རེད་ཅེས་གསར་འགྱུར་ཐོན་འདུག མི་ཁག་ཅིག་གིས་མཚར་སྣང་གི་སྒོ་ནས་ལྟད་མོར་ལྟ་བཞིན་ཡོད་ཀྱང་མི་ཚོགས་ཆེན་པོ་འདུས་མི་འདུག ང་དང་བཟའ་མི་རྣམས་མྱུར་དུ་བྲོས་བྱོལ་ལ་འགྲོ་རྒྱུའི་ཐག་བཅད་པ་ཡིན་ཞེས་གསར་འགོད་པར་གླེང་མོལ་བྱས་འདུག

ཨུ་རུ་སུའི་གཞུང་གིས་ས་གནས་དེའི་མི་དམངས་རྣམས་རང་ཁྱིམ་ནས་ཕྱི་རུ་མ་ཐོན་ཞེས་འབོད་སྐུལ་ཞུས། གྲོང་ཁྱེར་དེའི་མི་མང་རྣམས་བློ་འཚབ་དང་མཚར་སྣང་འདྲེས་མའི་སྒོ་ནས་ཅི་ཞིག་འབྱུང་གི་ཡོད་པ་ལྟ་རུ་བསླེབས། ལོ་ན་༢༥་ལ་སོན་པའི་ཨ་ན་སི་ཏ་སི་ཡ་ཞེས་པའི་ན་གཞོན་མ་ཞིག་གིས་སྤྱི་དམངས་ཚོས་གླས་དམག་གི་མཉམ་དུ་པར་བརྒྱབ་སྟེ་དགའ་སྣང་བསྟན། ན་གཞོན་མ་ཁག་ཅིག་གིས་གླས་དམག་དེ་ཚོར་འབྲེལ་བ་བཙུགས་ནས་དགའ་རོགས་སྒྲིག་ཐབས་བྱེད་ཀྱི་འདུག རོ་ས་ཏོབ་གྲོང་ཁྱེར་གྱི་ཡུལ་མི་ཕལ་ཆེ་བས་པ་རི་གྷོ་ཞིན་ལ་གདུང་སེམས་མཉམ་སྐྱེད་དང་ཁོ་པས་བདེན་པ་བཤད་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་རྣམ་པ་མངོན། ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་གིས་རང་དམག་ལ་ཕམ་ཉེས་བྱུང་བ་རྣམས་སྦས་གསང་བྱེད་ཀྱི་ཡོད་ཅིང་། ང་དང་གྲོགས་མོ་ཚོས་གྱེན་ལོག་དེར་རྒྱབ་སྐྱོར་གྱི་རྣམ་འགྱུར་བསྟན་ནས་ཨུ་རུ་སུར་འགྱུར་བ་ཞིག་ཐེབས་ཐུབ་པའི་རེ་ལྟོས་བཅངས་པ་ཡིན། མཐའ་མཇུག་ཕུ་ཊིན་ལ་མི་སྐྲག་པའི་མི་ཞིག་བྱུང་བར་ཀུན་གྱིས་དགའ་མོས་བྱེད་ཀྱི་འདུག་ཅེས་བཀྲལ།།

མོ་སི་ཀོ་དུས་བབ་ཚགས་པར་གྱི་གསར་འགོད་པས་བཅར་འདྲི་ཞུ་ཡུལ་རོ་ས་ཏོབ་གྲོང་ཁྱེར་གྱི་མི་མང་དང་ཉམས་ཞིབ་པ་སོགས་ཀྱི་བདེ་འཇགས་ཆེད་དུ་མི་དེ་དག་གི་མིང་ཆ་ཚང་ཚགས་པར་ནང་དུ་མ་བཀོད། རོ་ས་ཏོབ་གྲོང་ཁྱེར་ལ་མི་གྲངས་ས་ཡ་༡་ཡོད་ཀྱང་ཝེ་གྷ་ནར་གླས་དམག་གི་གྱེན་ལོག་པ་ཚོས་ཉིན་ཞག་གཅིག་ལ་གྲོང་ཁྱེར་དེར་དབང་བསྒྱུར་བྱས་པར་ངོ་རྒོལ་བྱེད་མཁན་སུ་ཡང་མ་བྱུང་། པ་རི་གྷོ་ཞིན་གྱིས་རང་གི་དམག་དཔུང་རྒྱལ་ས་མོ་སི་ཀོར་དཔུང་སྐྱོད་བྱས་ནས་བདེན་པ་རྩོད་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པའི་རྗེས་སུ་མི་དམངས་ལ་དངངས་འཚབ་ལངས། མི་མང་ཁག་ཅིག་བྲོས་པ་དང་མ་བྲོས་པ་ཚོས་ཚོང་ཁང་ཁག་ནས་བཟའ་བཏུང་སོགས་ཉེར་མཁོའི་ཅ་ལག་རྣམས་ཉོས་ཏེ་ནང་འཁྲུག་ལང་རྒྱུའི་ཚོད་དཔག་བྱས་འདུག པ་རི་གྷོ་ཞིན་གྱིས་ཨུ་རུ་སུའི་དམག་ལ་ལངས་ཕྱོགས་བསྒྱུར་དགོས་ཞེས་ནན་སྐུལ་མ་བྱས་ཀྱང་གྱེན་ལོག་དེར་གྲུབ་འབྲས་ཐོན་ཡོད་ཚེ། ཨུ་རུ་སུའི་དམག་དཔོན་ཁག་ཅིག་གིས་རྒྱབ་སྐྱོར་བྱས་ཡོད་ངེས་རེད་ཅེས་དམག་དོན་མི་སྣ་ཞིག་གིས་གསར་འགོད་པར་ནང་མོལ་བྱས་འདུག

སྔོན་ཆད་པ་རི་གྷོ་ཞིན་ནི་བཙོན་ཁང་དུ་ལན་འགའ་ཚུད་པ་དང་འཕྲོག་བཅོམ་སོགས་ཀྱི་བྱས་ཉེས་ཅན་ཞིག་ཡིན་མོད། འོན་ཀྱང་ཨུ་རུ་སུའི་མི་དམངས་གྲས་སུ་པ་རི་གྷོ་ཞིན་མི་སྙིང་སྟོབས་ཅན་དང་སྐད་ཆ་བདེན་པ་བཤད་ཕོད་པའི་དཔའ་རྒོད་ཅིག་ཏུ་བརྩིས། ཨུ་རུ་སུའི་དམག་དོན་མི་སྣ་ཞིག་གིས་ཝེ་གྷ་ནར་གླས་དམག་ཚོགས་པའི་འཐབ་མོ་བ་ཚོས་མི་ལ་ལག་པ་གཡུགས་ནས་འཚམས་འདྲི་དང་བརྩི་བཀུར་བྱེད་ཀྱི་འདུག ངའི་འཐབ་འགའ་ཞིག་གིས་ཝེ་གྷ་ནར་གླས་དམག་ཚོགས་པའི་འཐབ་མོ་བའི་སྤྱོད་པ་ནི་དང་བ་འདྲེན་པ་ཞིག་ཡིན་པའི་བསྔགས་བརྗོད་བྱས་སོང་ཞེས་བཤད། དེ་བཞིན་རོ་ས་ཊོབ་གྲོང་ཁྱེར་དུ་གནས་འཁོད་གསར་པ་ཞིག་གིས་ཀྱང་མོ་སི་ཀོ་དུས་བབ་ཚགས་པར་གྱི་གསར་འགོད་པར་གྲོང་ཁྱེར་གྱི་ཡུལ་མི་མང་པོས་ཝེ་གྷ་ནར་གླས་དམག་ཚོགས་པའི་འཐབ་མོ་བ་ཚོར་ལྟད་མོར་བལྟས་ནས་སྐྲག་གི་མི་འདུག ངས་མི་འགའ་ཞིག་ལ་སྐད་ཆ་དྲིས་པ་ཡིན། ཁོ་ཚོས་ཕུ་ཊིན་གྱིས་མྱུར་དུ་དྲག་གནོན་བྱེད་ཀྱི་རེད། གྱེན་ལོག་འདིས་ཁུངས་འཁྱོལ་གྱི་མ་རེད་ཟེར་བྱུང་ཞེས་གནས་ཚུལ་མཁོ་སྤྲོད་བྱས་འདུག

ཕྱི་ཟླ་༦་པའི་ཚེས་༢༤་ཡི་དགོང་མོར་ཝེ་གྷ་ནར་གླས་དམག་ཚོགས་པའི་འཐབ་མོ་བ་རྣམས་རོ་ས་ཏོབ་གྲོང་ཁྱེར་ནས་ཕྱིར་འཐེན་བྱས་པར་མ་ཟད། མི་མང་གིས་ཝེ་གྷ་ནར་ཞེས་འབོད་སྒྲ་བསྒྲགས་ནས་པ་རི་གྷོ་ཞིན་ལ་ལག་པ་བཏང་བ་དང་མཉམ་དུ་པར་བརྒྱབ། རོ་ས་ཏོབ་མངའ་ཁུལ་གྱི་སྤྱི་ཁྱབ་ཝ་སི་ལི་གྷོ་ལུ་བྷེབ་ཀྱིས་མི་མང་གིས་དགའ་བསུ་ཞུ་ཡི་ཡོད་པའི་བརྙན་ཐུང་དེ་ཝེ་གྷ་ནར་གླས་དམག་ཚོགས་པས་འཁྲབ་པ་རེད་ཅེས་དགག་པ་བརྒྱབ། ལེ་ཝ་ཌ་འོས་བསྡུ་ལྟེ་གནས་ཁང་གིས་ཉམས་ཞིབ་པ་ཌེ་ནི་སི་ཝོལ་ཀོབ་ཀྱིས་མི་མང་ནས་པ་རི་གྷོ་ཞིན་གྱི་གྱེན་ལོག་ལ་རྒྱབ་སྐྱོར་བྱས་པ་ལྷག་བསམ་རྣམ་དག་ཅིག་ཏུ་བརྩི་མི་ཉན། པ་རི་གྷོ་ཞིན་གྱིས་རང་ཉིད་མི་དམངས་དཀྱུས་མའི་བདེ་སྡུག་ལ་ལྟ་མཁན་ཞིག་དང་རང་དོན་ཁོ་ན་སྒྲུབ་པའི་གཞུང་འབྲེལ་མི་སྣ་ཚོར་སྐྱོན་བརྗོད་བྱེད་མཁན་ཞིག་ཡིན་པའི་རྣམ་པ་བསྟན་པ་རེད། ཝེ་གྷ་ནར་གླས་དམག་གིས་འཐབ་འཁྲུག་བརྒྱབ་པའི་གྲུབ་འབྲས་ལ་ཨུ་རུ་སུའི་མི་དམངས་ཀྱི་བསྔགས་བརྗོད་ཐོབ། གྱེན་ལོག་དེ་རྒྱལ་ཁབ་ཀྱི་བརྟན་ལྷིང་ལ་གཏོར་བཤིག་གཏོང་གི་ཡོད་པ་ཞིག་ཏུ་བརྩིས་འདུག་ཅེས་བཤད།།

ཕྱི་ཟླ་༧་ཚེས་༤་ཉིན་དངུལ་རྩའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། པ་རི་གྷོ་ཞིན་གྱིས་ཨུ་རུ་སུའི་མི་དམངས་ནས་ཝེ་གྷ་ནར་གླས་དམག་ཚོགས་པར་རྒྱབ་སྐྱོར་བྱ་རྒྱུ་སྔར་ལས་གནད་འགག་ཆེ་རུ་ཕྱིན་ཡོད་ཅེས་གསལ་བསྒྲགས་སྤེལ། གཟའ་ཟླ་བའི་ཉིན་ཡུཀ་རེན་གྱི་དམག་འཁྲུག་གི་ཆེད་དུ་ཝེ་གྷ་ནར་གླས་དམག་ཚོགས་པས་འཐབ་མོ་བ་གསར་པ་བསྡུ་རྒྱུ་མགོ་བརྩམས། ཝེ་གྷ་ནར་གླས་དམག་ཚོགས་པས་ཨུ་རུ་སུའི་ལྷོ་ཕྱོགས་ཀྱི་ཀ་ར་ས་ནོ་ཌར་ས་ཁུལ་དུ་དམག་མི་བསྡུ་བཞིན་ཡོད་ཅེས་དར་འཕྲིན་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། ཉེ་ཆར་སྲིད་འཛིན་ཕུ་ཊིན་གྱིས་ཝེ་གྷ་ནར་གླས་དམག་ཚོགས་པའི་འཐབ་མོ་ཚོ་རང་གི་འགོ་ཁྲིད་ཀྱི་རྗེས་སུ་འབྲངས་ནས་བྷེ་ལོ་རུ་སིར་བསྐྱོད་རྒྱུ་དང་རང་ཁྱིམ་དུ་ཕྱིར་ལོག དེ་མིན་ན་ཨུ་རུ་སུའི་གཞུང་དམག་གི་ཁོངས་སུ་ཞུགས་རྒྱུའི་གདམ་ཀ་གསུམ་ལས་མེད་ཅེས་བཀའ་ཕབ། སན་ཊི་ཕི་ཊར་སི་བྷག་གྲོང་ཁེར་དུ་ཝེ་གྷ་ནར་གླས་དམག་ཚོགས་པའི་ལས་ཁུངས་ཨ་མ་ཡོད་པ་དེ་སྒོ་བརྒྱབ། ལས་ཁུངས་ཀྱི་སྒོ་བྱང་དང་ལས་རྟགས་རྣམས་བསུབས། ཉེ་བའི་ཟླ་ཤས་རིང་ཨུ་རུ་སུའི་གཞུང་གིས་ཝེ་གྷ་ནར་གླས་དམག་ཚོགས་པར་ཨ་སྒོར་དུང་ཕྱུར་༢༠་འགྲོ་གྲོན་བཏང་བ་གང་དུ་ཕྱིན་མིན་ཞིབ་འཇུག་བྱ་རྒྱུ་ཡིན་ཞེས་བསྒྲགས།།

ཕྱི་ཟླ་༧་པའི་ཚེས་༣་ཉིན་ཨ་རིའི་པོ་ལི་ཊི་ཀོ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། པ་རི་གྷོ་ཞིན་གྱིས་ཨུ་རུ་སུའི་རྒྱལ་སྲུང་བློན་ཆེན་སར་གྷེ་ཞོ་གུ་དང་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་ཇཱི་ར་སི་མོབ་གཉིས་ལ་འཇོན་ཐང་མི་འདུག ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་གིས་ཝེ་གྷ་ནར་གླས་དམག་ཚོགས་པར་མཚོན་ཆ་དང་མདེའུ་སོགས་སྤྲོད་ཀྱི་མེད་པར་མ་ཟད། ཨུ་རུ་སུའི་གཞུང་དམག་གིས་འཕུར་མདེལ་འཕངས་ནས་ཝེ་གྷ་ནར་གླས་དམག་ཚོགས་པའི་འཐབ་མོ་བ་རྣམས་གསོད་ཀྱི་འདུག ང་ཚོས་ཨུ་རུ་སུའི་རྒྱལ་སྲུང་བློན་ཆེན་དང་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་གཉིས་མགོ་རྟིང་སློག་རྒྱུ་ཡིན་ཟེར། ཡིན་ནའང་པ་རི་གྷོ་ཞིན་གྱིས་སྲིད་འཛིན་ཕུ་ཊིན་ལ་ཐད་ཀར་སྐྱོན་བརྗོད་མ་བྱས་ཤིང་། ཝེ་གྷ་ནར་གླས་དམག་ཚོགས་པའི་དྲྭ་ལམ་དུ་ལས་ཀའི་ས་མིག་ཡོད། སྙན་གྲགས་ཐོབ་ཐུབ། དམག་སར་བྱས་རྗེས་འཇོག་ཐུབ། དམག་སར་མ་བཏང་གོང་དུ་ཨུ་རུ་སུའི་ལྷོ་ཕྱོགས་ཀྱི་མོལ་ཀི་ནོ་ས་གནས་སུ་བདུན་ཕྲག་༣་ལ་དམག་སྦྱོང་སྤྲོད་ཆོག ཝེ་གྷ་ནར་གླས་དམག་གི་ཁོངས་སུ་ཞུགས་འདོད་ཡོད་ན་རང་གི་ཁ་པར་ནང་གི་སྤྱི་ཚོགས་འབྲེལ་མཐུད་ཀྱི་བཀོལ་ཆས་རྣམས་བསུབ་དགོས་ཞེས་དམག་སྐུལ་གྱི་དྲིལ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

དངུལ་རྩའི་ཚགས་པར་གྱི་གསར་འགོད་པས་ཝེ་གྷ་ནར་གླས་དམག་ཚོགས་པ་མེད་པར་བཏང་བ་མིན་ནམ་ཞེས་དྲིས། དམག་བསྡུ་བ་དེས་ཁྱེད་ཚོས་གསར་འགྱུར་ལ་ཡིད་ཅེས་བྱེད་ཀྱི་ཡོད་དམ། གལ་སྲིད་ཝེ་གྷ་ནར་གླས་དམག་ཚོགས་པ་མེད་ན་ང་ཚོས་དམག་མི་བསྡུས་ནས་ཅི་ཞིག་བྱ། མི་ཞིག་གིས་གན་རྒྱ་བཞག་ན་ཝེ་གྷ་ནར་གླས་དམག་ཚོགས་པའི་ཁོངས་སུ་ཞུགས་པ་རེད། ང་ཚོས་ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་ལ་གན་རྒྱ་འཇོག་གི་མེད། ཁྱེད་ཚོས་པ་རི་གྷོ་ཞིན་གྱིས་གསལ་བསྒྲགས་མཐོང་ཡོད་ཤས་ཆེ། ང་ཚོ་ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་ལ་འབྲེལ་བ་ཅི་ཡང་མེད། ང་ཚོས་ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་ལ་གན་རྒྱ་གཅིག་ཀྱང་འཇོག་རྒྱུ་མིན་ཞེས་སྨྲས། གཟའ་ཟླ་བའི་ཉིན་པ་རི་གྷོ་ཞིན་གྱིས་ཉེ་ཆར་རྒྱལ་ས་མོ་སི་ཀོའི་ཕྱོགས་སུ་དམག་དཔུང་བཏང་ནས་གྱེན་ལོག་བྱས་པ་འགྲིག་ཡོད་ཅེས་དག་སྐྱེལ་བྱས་མོད། འོན་ཀྱང་ཁོ་པས་སྔར་བཞིན་སྲིད་འཛིན་ཕུ་ཊིན་ལ་སྐྱོན་བརྗོད་བྱ་རྒྱུར་གཡོལ། པ་རི་གྷོ་ཞིན་གྱིས་ང་ཚོས་སྤྱི་ཚོགས་ལ་སྐུལ་སློང་བྱས་ནས་མྱུར་དུ་རྒྱལ་ཁ་ཐོབ་པའི་གཏམ་བཟང་ཐོས་ཐུབ་ཅེས་བཤད་པ་དང་ཁོ་པ་གང་དུ་ཡོད་མེད་གསལ་ཁ་གཏད་མེད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG