ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཏུང་ཇིང་ཝེས་ཨ་རིར་མགོ་བཅོལ་ཞུས་ཡོད་མེད་ཀྱི་དོགས་སློང་། 


༄༅།། ཉེ་ཆར་རྒྱ་ནག་གི་གསང་བའི་ལས་ཁུངས་ཀྱི་འགོ་ཁྲིད་ཏུང་ཇིང་ཝེས་ཨ་མི་རི་ཀར་མགོ་བཅོལ་ཞུས་པ་རེད། ཁོང་གིས་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་དེ་ཝུ་ཧན་གྲོང་ཁྱེར་ལ་ཕ་ཝང་སོགས་རི་སྐྱེས་སེམས་ཅན་ནས་མི་ལ་འགོས་པའམ། ཡང་ན་ཝུ་ཧན་ནད་དུག་བརྟག་དཔྱད་ཁང་ནས་ཕྱི་ལ་ཤོར་བ་ཡིན་མིན་གྱི་གནས་ཚུལ་ཆ་ཚང་ཁྱེར་འདུག་ཅེས་གནས་ཚུལ་ཐོན། རྒྱ་ནག་གི་གསང་བའི་ལས་ཁུངས་ཀྱི་འགོ་ཁྲིད་ཏུང་ཇིང་ཝེས་ཨ་མི་རི་ཀར་མགོ་བཅོལ་ཞུས་ཡོད་ན་རྒྱ་ནག་ལ་རྒྱལ་སྤྱིའི་ཐོག་ཏུ་སྔར་ལས་ལྷག་པའི་དཀའ་ངལ་ཆེན་པོ་ཞིག་འཕྲད་རྒྱུའི་ཉེན་ཁ་ཆེ། གཟའ་མཇུག་དེར་ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཞིས་ཅིན་ཕིང་གིས་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་བརྒྱ་འཁོར་བའི་དུས་དྲན་སྐབས་སུ་ཕྱི་རྒྱལ་བ་ཚོས་ནམ་ཡང་རྒྱ་ནག་ལ་ཐུབ་ཚོད་དང་གཉའ་གནོན་བྱེད་མི་ཐུབ། རྒྱ་ནག་དམར་ཤོག་ཚོགས་པས་རྒྱ་ནག་རྒྱལ་ཁབ་དང་རྒྱ་ནག་མི་དམངས་གཉིས་ལ་སྲུང་སྐྱོབ་བྱ་རྒྱུ། རྒྱ་ནག་དམར་ཤོག་སྲིད་གཞུང་བརྟན་པོ་ཡིན་པ་དང་ནང་ཁུལ་དུ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ཡོད་པའི་རྣམ་པ་ཞིག་བསྟན། རྒྱ་ནག་གིས་ཏོག་དབྱིབས་ནད་ཡམས་ལའང་སྔོན་འགོག་བྱས་ནས་ནུས་པ་ཆེན་པོ་ཐོན་ཡོད་ཅེས་བཤད། ཡིན་ནའང་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་ཐོག་ཏུ་རྒྱ་ནག་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་རྩོད་གཞི་ཆེ་རུ་སོང་། ཨ་མི་རི་ཀ་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་རྒྱ་ནག་གི་ཝུ་ཧན་ནད་དུག་བརྟག་དཔྱད་ཁང་ནས་ཕྱི་ལ་ཤོར་པ་རེད་ཅེས་དོགས་སློང་བྱ་རྒྱུ་ཇེ་མང་དུ་འགྲོ་བཞིན་པའི་གནས་ཚུལ་ཐོན་འདུག

རྒྱ་ནག་གཞུང་གིས་ཕྱི་ཟླ་༦་པའི་ཚེས་༢༣་ཉིན་ཧྲང་ཧེ་མཉམ་འབྲེལ་མཐུན་ཚོགས་ཏེ། རྒྱ་ནག་དང་ཨུ་རུ་སུ། རྒྱ་གར་དང་ཁ་ཛཀ་སི་ཐན། ཀིར་ཀི་སི་ཏན་དང་པ་ཀི་སི་ཐན། ཏ་ཇིཀ་སི་ཐན་དང་ཨུ་ཛི་བྷེ་ཀི་སི་ཐན་བཅས་ཀྱི་མཉམ་འབྲེལ་མཐུན་ཚོགས་དེའི་ལོ་འཁོར་ཚོགས་འདུ་དྲྭ་ལམ་དུ་བསྐོངས། རྒྱ་ནག་གི་སྐུ་ཚབ་ཚོའི་གྲས་སུ་གསང་བའི་ལས་ཁུངས་ཀྱི་འགོ་ཁྲིད་ཏུང་ཇིང་ཝེ་ཚོགས་འདུར་མཉམ་ཞུགས་བྱས་ཡོད་པའི་འདྲ་པར་ཞིག་བསྟན། ད་ལོའི་ཚོགས་ཆེན་ཐོག་ཏུ་ཏུང་ཇིང་ཝེས་གཏམ་བཤད་མ་བྱས་པ་དང་ཉམས་ཞིབ་པ་ཚོས་རྒྱ་ནག་གཞུང་གིས་དྲྭ་ལམ་དུ་བཀྲམ་པའི་ཏུང་ཇིང་ཝེའི་འདྲ་པར་དེ་རྫུན་བཟོ་བྱས་པ་རེད་ཅེས་བཀྲལ། རྒྱ་ནག་གིས་ཏུང་ཇིང་ཝེ་བྲོས་བྱོལ་དུ་སོང་བ་རེད་ཅེས་གསལ་བསྒྲགས་དང་ཨ་མི་རི་ཀས་ཀྱང་རྒྱ་ནག་གི་གསང་བའི་ལས་ཁུངས་ཀྱི་འགོ་ཁྲིད་དེས་མགོ་བཅོལ་ཞུས་སོང་ཞེས་ངེས་གཏན་མ་བྱུང་། ལོ་ཤས་སྔོན་ནས་ཨ་རི་དང་རྒྱ་ནག་གི་འབྲེལ་བ་སྡུག་ཏུ་སོང་སྟེ་གྲང་དམག་ལངས། ཨ་མི་རི་ཀས་རང་གི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་མཉམ་འབྲེལ་གྱིས་རྒྱ་ནག་དམིགས་འབེན་དུ་བཟུང་ནས་དམག་སྦྱོང་བྱ་རྒྱུ་ཤུགས་ཆེ་རུ་བཏང་ཡོད་པར་མ་ཟད། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོ་ཐབས་རྡུགས་ཡོད་པར་ཉེས་ཆད་བཅད། རྒྱ་ནག་གི་ཚོང་ལས་སྲིད་ཇུས་ལ་ཁ་གཏད་གཅོག་པའི་སྲིད་ཇུས་རྣམས་ལག་ལེན་བསྟར། ཨེ་ཤི་ཡའི་དུས་བབ་ཚགས་པར་གྱིས་རྒྱ་ཡིག་གི་གསར་འགྱུར་མང་ཆེ་བར་རྒྱ་ནག་གི་གསང་བའི་ལས་ཁུངས་ཀྱི་འགོ་ཁྲིད་ཏུང་ཇིང་ཝེས་ཨ་མི་རི་ཀར་མགོ་བཅོལ་ཞུས་པ་རེད། ཁོང་གིས་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་གང་ཡིན་གསང་བའི་ཡིག་ཆ་རྣམས་ཨ་མི་རི་ཀར་མཁོ་སྤྲོད་བྱས་པ་རེད་ཅེས་གནས་ཚུལ་ཐོན་པ་རྣམས་བདེན་པ་ཡིན་ཚེ། དེང་སྐབས་རྒྱ་ནག་དང་ཨ་རི། རྒྱ་ནག་དང་ནུས་ཕྱོགས་རྒྱལ་ཁབ་ཁག་ཚོང་ལས་དང་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་གནད་དོན་ཐོག་ཏུ་འགལ་ཟླ་བྱུང་ཡོད་པ་ནི་གནས་ཚུལ་ཆུང་ཆུང་ཞིག་རེད། ཏུང་ཇིང་ཝེས་ཏོག་དབྱིབས་ནད་དུག་རྒྱ་ནག་གི་ཝུ་ཧན་ནད་དུག་བརྟག་དཔྱད་ཁང་ནས་ཕྱི་ལ་ཤོར་བ་ཁུངས་སྐྱེལ་ཐུབ་ན་རྒྱ་ནག་གིས་དཀའ་ངལ་ཆེན་པོ་ཞིག་ལ་གདོང་ལེན་བྱ་དགོས་ཐུག་གི་རེད་ཅེས་གནས་ཚུལ་སྤེལ།།

སྔ་ལོ་ནས་ཨ་རིའི་གྲོས་ཚོགས་སུ་རྒྱ་ནག་གཞུང་གིས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་དུག་ཁྱབ་ཏུ་བཅུག་པར་ཨ་སྒོར་ཁྲག་ཁྲིག་མང་པོས་གྱོང་གསབ་སྤྲོད་དགོས། རྒྱ་ནག་ལ་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་རུ་བཅུག་པའི་འགན་འཁྲི་ལེན་དུ་འཇུག་དགོས་ཞེས་གླེང་སློང་ཤུགས་ཆེན་བྱེད་ཀྱི་ཡོད་པར་རྒྱབ་སྐྱོར་བ་མང་དུ་འགྲོ་སྲིད། ༢༠༡༩་ལོར་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་གོ་ལའི་ཁྱོན་དུ་ཏོག་དབྱིབས་ནད་དུག་ཁྱབ་ནས་བཟུང་། ད་ལྟའི་བར་དུ་འཛམ་གླིང་ཡོངས་སུ་མི་ས་ཡ་༤་མ་ཟིན་ཙམ་ཞིག་ཏོག་དབྱིབས་ནད་དུག་གིས་འཆི་སྐྱོན་བྱུང་། མི་གྲངས་དུང་ཕྱུར་༡་དང་བྱེ་བ་༨་ལྷག་ལ་ཏོག་དབྱིབས་ནད་འགོས། འཛམ་གླིང་ཡོངས་སུ་ཨ་སྒོར་ཐེར་འབུམ་མང་པོའི་ཚོང་ལས་དང་དཔལ་འབྱོར་གྱི་གྱོང་གུད་ཕོག ཉེ་དུས་ཤིག་ནས་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཁག་དང་ཚན་རིག་པ་ཚོས་ཏོག་དབྱིབས་ནད་དུག་ཕ་ཝང་ནས་མི་ལ་ཇི་ལྟར་འགོས་མིན་གྱི་གནས་ཚུལ་གསལ་པོ་ཞིག་མི་འདུག འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་འགོ་ཁྲིད་འོག་རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་ལ་བསྐྱར་དུ་ཞིབ་འཇུག་བྱེད་དུ་དགོས་ཞེས་གླེང་སློང་བྱེད་མགོ་བརྩམས། ཨ་རིའི་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་དང་ཕྱི་སྲིད་དྲུང་ཆེ་ཟུར་པ་མེཀ་ཕོམ་ཕིའོ་གཉིས་ཀས་སྔ་ལོ་ནས་ཏོག་དབྱིབས་ནད་དུག་རྒྱ་ནག་གི་ཝུ་ཧན་ནད་དུག་བརྟག་དཔྱད་ཁང་ནས་ཕྱི་ལ་ཤོར་བ་རེད་ཅེས་སྐྱོན་བཙུགས། ཨ་རིའི་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་རོན་ཕོལ་དང་ཊིམ་ཀོ་ཊིན་སོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་ལ་ཁ་མཆུ་ཚུགས་ནས་དཔལ་འབྱོར་གྱི་གྱོང་གསབ་སྤྲོད་དུ་འཇུག་དགོས་ཞེས་བཤད། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་འགན་འཛིན་གྱིས་ཀྱང་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་ལ་དོགས་པ་ཡོད་པ་གཙང་སེལ་བྱུང་མ་སོང་ཞེས་བསྒྲགས།།

གསང་ཉུལ་གཏམ་གླེང་ཞེས་པའི་གསར་འགྱུར་དྲྭ་ལམ་དུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གི་གསང་བའི་ལས་ཁུངས་ཀྱི་འགོ་ཁྲིད་ཏུང་ཇིང་ཝེས་༢༠༡༨་ནས་ཨ་རིར་མགོ་བཅོལ་ཞུས་ཡོད་པ་འདྲ། ད་ལོའི་ཕྱི་ཟླ་༢་པར་རྒྱ་ནག་གི་གསང་བའི་ལས་ཁུངས་ཀྱི་འགོ་ཁྲིད་དེས་རང་གི་བུ་མོ་ཁྲིད་ནས་ཧོང་ཀོང་ལ་སོང་། ཧོང་ཀོང་ནས་ཨ་མི་རི་ཀར་མགོ་བཅོལ་ཞུས་པ་རེད་ཅེས་གནས་ཚུལ་སྤེལ། ༡༩༨༩་ལོར་ཨ་མི་རི་ཀར་མགོ་བཅོལ་ཞུས་པའི་རྒྱ་ནག་གི་ཕྱི་འབྲེལ་མི་སྣ་ཟུར་པ་ཧན་ལཱེན་ཁྲའོ་ཡིས་ཏུང་ཇིང་ཝེས་ཨ་མི་རི་ཀར་མགོ་བཅོལ་ཞུས་པ་རེད་ཟེར་བ་བདེན་པ་ཡིན་ན་རྒྱ་ནག་གི་གསང་བའི་གནས་ཚུལ་མང་དག་ཅིག་ཕྱི་ལ་ཤོར་བ་རེད་ཅེས་བཤད། ཨ་རིའི་རྒྱལ་སྲུང་ལྷན་ཁང་དང་ཕྱི་སྲིད་ལྷན་ཁང་། དབུས་གསང་བའི་ལས་ཁུངས་བཅས་ཀྱི་རྒྱ་ནག་ཉམས་ཞིབ་པ་ཟུར་པ་ཨེ་ཧྥི་ཏི་མཱི་ཡ་ཌི་སི་ཞེས་པ་ཞིག་གིས་རྒྱ་ནག་གི་གསང་བའི་ལས་ཁུངས་ཀྱི་འགོ་ཁྲིད་ཨ་མི་རི་ཀར་བྱོས་བྲོལ་དུ་ཡོང་བ་རེད་ཟེར་བ་ནི་དཀྲོག་གཏམ་འབའ་ཞིག་རེད་ཅེས་དགག་པ་བརྒྱབ། ཨོ་གླིང་རྒྱལ་ཁབ་ཀྱི་གསང་བའི་ལས་ཁུངས་ཀྱི་མཐོ་རིམ་འགོ་ཁྲིད་གྲས་དང་ཕྱི་འབྲེལ་མི་སྣ་ཟུར་པ་མཱེ་ཌི་ཁལ་ཧྥུས་བཤད་པ་ལྟར་ན། ད་ལྟའི་དུས་སྐབས་འདིར་དཀྲོག་གཏམ་རེད་ཟེར་བ་དང་གསར་འགྱུར་ནང་དུ་གནས་ཚུལ་ཐོན་པ་དེ་འདྲ་ཞིག་ལས་གསལ་ཆ་གང་ཡང་མི་འདུག་ཅེས་དོགས་ཟོན་གྱི་རྣམ་འགྱུར་བསྟན། ཨོ་གླིང་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་གྱིས་རྒྱ་ནག་གི་གསང་བའི་ལས་ཁུངས་ཀྱི་འགོ་ཁྲིད་ཏུང་ཇིང་ཝེས་ཨ་མི་རི་ཀར་མགོ་བཅོལ་ཞུས་ཡོད་མེད་ཤེས་རྟོགས་བྱུང་མ་སོང་། ཡིན་ནའང་ཏུང་ཇིང་ཝེས་ཨ་རིར་མགོ་བཅོལ་ཞུས་པ་རེད། ཁོང་གི་ལག་ཏུ་རྒྱ་ནག་གི་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་གང་ཡིན་གྱི་གསང་བའི་ཡིག་ཆ་ཁྱེར་འདུག་ཅེས་གླེང་སློང་བྱེད་ཀྱི་ཡོད་པ་འདི་བདེན་ཡིན་མིན་ཡང་ཤེས་རྟོགས་དཀའ། གང་ལྟར་གླེང་ཕྱོགས་འདིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་དེར་བསྐྱར་དུ་ཞིབ་འཇུག་བྱ་འདོད་ཡོད་པ་དང་ནད་དུག་གི་འབྱུང་ཁུངས་ལ་དོགས་པ་ཞིག་ཡོད་པ། དོགས་པ་ཡོད་པ་རྣམས་འཇམ་དུ་མ་བཅུག་པར་གླེང་སློང་བྱེད་དགོས་པ་ཞིག་ཡིན་པ་ར་འཕྲོད་པ་རེད་ཅེས་བཀྲལ།།

ཏུང་ཇིང་ཝེ་ནི་ལོ་མང་རིང་རྒྱ་ནག་གི་རྒྱལ་ཁབ་བདེ་འཇགས་ལྷན་ཁང་གི་ལས་སྣེ་ཞིག་ཡིན་ཞིང་། ཁོང་གི་ལས་འགན་གཙོ་བོ་རྒྱ་ནག་གི་ས་ཐོག་ཏུ་ཕྱི་རྒྱལ་གྱི་གསང་ཉུལ་ཡོད་པ་དང་ཕྱི་རྒྱལ་གྱི་གསང་བའི་ལས་ཁུངས་ཁག་ཁག་གསང་ཉུལ་རྣམས་རྒྱ་ནག་གི་གསང་བའི་ལས་ཁུངས་ཁག་ལ་སིམ་འཛུལ་བྱེད་ཀྱི་ཡོད་པར་ཁ་གཏད་གཅོག་རྒྱུ། རྒྱ་ནག་གི་གསང་བའི་མི་སྣ་ཚོས་ཕྱི་ལ་རྒྱ་ནག་གི་གསང་བའི་གནས་ཚུལ་མཁོ་སྤྲོད་བྱེད་ཀྱི་ཡོད་མེད་བཅས་ལ་ལྟ་རྟོག་བྱ་རྒྱུ་དེ་ཡིན་འདུག ༢༠༡༨་ལོར་ཏུང་ཇིང་ཝེ་རྒྱལ་ཁབ་བདེ་འཇགས་ལྷན་ཁང་གི་བློན་ཆེན་གཞོན་པར་གོ་གནས་འཕར། ༡༩༨༩་ལོར་ཨ་མི་རི་ཀར་མགོ་བཅོལ་ཞུས་པའི་རྒྱ་ནག་གི་ཕྱི་འབྲེལ་མི་སྣ་ཟུར་པ་ཧན་ལཱེན་ཁྲའོ་ཡིས་ལོ་འདིའི་ཕྱི་ཟླ་གསུམ་པར་ཨ་རིའི་ཕྱི་སྲིད་དྲུང་ཆེ་བྷ་ལིན་ཁེན་དང་རྒྱལ་སྲུང་སློབ་པ་སུ་ལི་ཝྭན། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་སྟོན་པ་དབྱང་ཅེ་ཊི་རྣམས་ཨ་རིའི་ཨ་ལ་སི་ཁ་མངའ་སྡེར་ཐུག་འཕྲད་གྲོས་མོལ་བྱས་པའི་སྐབས་སུ་ཏུང་ཇིང་ཝེ་རྒྱ་ནག་ལ་ཕྱིར་སློག་བྱ་དགོས་པའི་དགོས་འདུན་བཏོན་པ་རེད་ཅེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། ད་སྔ་རྒྱ་ནག་གི་ཕྱི་འབྲེལ་མི་སྣ་ཟུར་པ་ཧན་ལཱེན་ཁྲའོ་ཡིས་བཙུགས་པའི་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་རྒྱ་ནག་སྤྱི་དམངས་སྟོབས་ཤུགས་ཚོགས་པས་དཀྲོག་གཏམ་དང་གནས་ཚུལ་རྫུན་མའི་རིགས་སྤེལ་མྱོང་མེད་ཅིང་། དེས་ན་ཉམས་ཞིབ་པ་ཚོས་མཐའ་གཅིག་ཏུ་རྒྱ་ནག་གི་གསང་བའི་ལས་ཁུངས་ཀྱི་འགོ་ཁྲིད་ཏུང་ཇིང་ཝེས་ཨ་མི་རི་ཀར་བགོ་བཅོལ་ཞུས་པ་རེད་ཅེས་གནས་ཚུལ་འཐོན་གྱི་ཡོད་པ་རྣམས་དཀྲོག་གཏམ་ལ་རྩི་ཐུབ་ཀྱི་མེད་པ་རེད།།

XS
SM
MD
LG