ངོ་འཕྲད་བདེ་བའི་དྲ་འབྲེལ།

ཞིས་ཅིན་ཕིང་གི་ཕྱི་རྒྱལ་གྱི་འཚམས་འདྲི་དང་པོ།


ད་ལོའི་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཐོག་ཏུ་ཞིས་ཅིན་ཕིང་རྒྱལ་ཁབ་ཀྱི་སྲིད་འཛིན་དང་དབུས་དམག་དོན་གཙོ་འཛིན། རྒྱ་ནག་དམག་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་བཅས་ལ་དངོས་སུ་བསྐོ་བཞག་བྱས་པ་དང་། ཞིས་ཅིན་ཕིང་གི་ཕྱི་རྒྱལ་གྱི་འཚམས་འདྲི་ཐེངས་དང་པོ་ར་ཤི་ཡའི་རྒྱལ་ས་མོ་སི་ཀོར་ཉི་མ་གསུམ་ལ་ཕེབས་ཏེ། ཁོང་གིས་ར་ཤི་ཡའི་སྲིད་འཛིན་ཕུ་ཀྲིན་ལ་རྡོ་སྣུམ་དང་རང་བྱུང་སོལ་རླངས་ཉོ་ཚོང་གི་རིན་གོང་གྲོས་བསྡུར། རྒྱ་ནག་གིས་ར་ཤི་ཡར་མ་རྩ་བཙུགས་ནས་ཕྱོགས་གཉིས་ཀྱི་ཚོང་ལས་ཡར་རྒྱས་གཏོང་ཕྱོགས་བཅས་ལ་གྲོས་མོལ་བྱེད་ཀྱི་ཡོད་པ་དང་། ཞིས་ཅིན་ཕིང་ར་ཤི་ཡར་འཚམས་འདྲིར་མ་ཕེབས་གོང་དེར་གསར་འགོད་པ་ཚོར་བཤད་པ་ལྟར་ན། རྒྱ་ནག་དང་ར་ཤི་ཡ་གཉིས་མཛའ་མཐུན་གྱི་ཁྱིམ་མཚེས་དང་བླ་ན་མེད་པའི་དམག་དོན་འཐབ་ཇུས་ཀྱི་ཟླ་གྲོགས་ཡིན། ངས་རྒྱ་ནག་གི་ཏང་སྲིད་དམག་གི་འགོ་ཁྲིད་ཀྱི་ལས་འགན་ཁུར་མ་ཐག་ཏུ་ར་ཤི་ཡར་འཚམས་འདྲིར་སྐྱོད་ཀྱིན་ཡོད་པ་དེ་ནི། རྒྱ་ནག་གིས་ར་ཤི་ཡར་འབྲེལ་བ་བཟང་པོ་ཞིག་འཛིན་རྒྱུ་གནད་འགག་ཆེན་པོ་ཅི་ཙམ་ལ་རྩི་བཞིན་ཡོད་མེད་གསལ་བོར་མཚོན་ཡོད་པ་དང་། ར་ཤི་ཡ་དང་རྒྱ་ནག་གཉིས་ལ་ཐུན་མོང་གི་གོ་དོན་རྟོགས་ཐུབ་པའི་བརྡ་སྐད་ཅིག་ཡོད་ཅེས་བཤད་ཡོད་པ་མ་ཟད། ར་ཤི་ཡའི་སྲིད་འཛིན་ཕུ་ཀྲིན་གྱིས་ཀྱང་རྒྱ་ནག་དང་ར་ཤི་ཡ་གཉིས་ཅི་ཙམ་མཉམ་འབྲེལ་བྱེད་ཐུབ་ཚེ། འཛམ་གླིང་འདིར་དྲང་བདེན་གྱི་སྒྲིག་སྲོལ་ཞིག་གསར་གཏོད་བྱེད་པར་དེ་ཙམ་གྱི་དགེ་མཚན་ཡོད་ཅེས་བཤད་པ་དང་། ད་ཐེངས་ཀྱི་འཚམས་འདྲིའི་སྐབས་སུ་རྒྱ་ནག་དང་ར་ཤི་ཡ་གཉིས་ཀྱི་གྲོས་མཐུན་དོན་ཚན་༣༠་ཙམ་ལ་མིང་རྟགས་འགོད་འཆར་ཡོད་ཀྱང་། རྒྱ་ནག་གིས་ར་ཤི་ཡའི་སོལ་རླངས་ལྷམ་པ་སྟོང་ཕྲག་གཅིག་ལ་ཨ་སྒོར་༡༥༠་ལས་སྤྲོད་ཀྱི་མེད་པ་དང་། ཡུ་རོབ་རྒྱལ་ཁབ་འཇར་མན་ཎིས་ར་ཤི་ཡའི་སོལ་རླངས་ལྷམ་པ་སྟོང་ཕྲག་གཅིག་ལ་ཨ་སྒོར་༤༥༠་སྤྲོད་ཀྱི་ཡོད་པས། ཞིས་ཅིན་ཕིང་དང་སྲིད་འཛིན་ཕུང་ཀྲིན་གཉིས་ར་ཤི་ཡའི་སོལ་རླངས་ཕྱིར་ཚོང་གི་རིན་གོང་ལ་གྲོས་མཐུན་ཡོང་མི་སྲིད་པ་དང་། ཉེ་བའི་ལོ་ཤས་ཤིག་ནས་རྒྱ་ནག་གི་དཔལ་འབྱོར་དང་དམག་གི་སྟོབས་ཡར་རྒྱས་འགྲོ་བཞིན་པ་དེར་ར་ཤི་ཡ་བསམ་བློའི་གཏིང་དུ་དོགས་པ་ཡོད་པ་སེལ་ཐུབ་པའི་ངེས་པ་མེད་པ་རེད།།
XS
SM
MD
LG