ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

བོད་ཕྱི་ལོགས་ཀྱི་བླ་ཆེན་ཚོའི་སྐུ་པར་དཔར་བཤུ་བྱེད་མི་ཆོག་པའི་དམ་དྲག


༄༅།། རྒྱ་ནག་གཞུང་གིས་བོད་གཞི་བྱེས་གཉིས་ཀྱི་འབྲེལ་བ་གཅོད་ཐབས་ཀྱི་སྲིད་ཇུས་རབ་དང་རིམ་པ་ཞིག་མངོན་ལྐོག་གཉིས་སུ་ལག་བསྟར་བྱེད་བཞིན་པ་ལྟར་ད་ལྟ་བོད་ནང་གི་རྔ་བ་རྫོང་དུ་པར་རིས་སྒྲིག་སྦྱོར་དང་ཕབ་བཤུ་ཁང་ཞིག་ཡོད་པ་དེའི་ནང་གི་བོད་པ་མིང་བརྗོད་འདོད་མེད་མཁན་ཞིག་གིས་འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ༢༠༢༡་གི་ལོ་མཇུག་ནས་བཟུང་སྟེ་རྔ་བ་རྫོང་དང་ཁུལ་བཅས་སུ་ཡོད་པའི་པར་རིས་སྒྲིག་སྦྱོར་ཁང་དང་པར་རིས་པར་བཤུ་བྱ་ཡུལ་ཡོངས་སུ་རྒྱ་གཞུང་གི་ལས་བྱེད་པ་ཡོང་ནས་ངག་ཐོག་ཏུ་བོད་ཕྱི་ལོགས་སུ་བཞུགས་ཡོད་པའི་བོད་ཀྱི་བླ་ཆེན་ཚོའི་སྐུ་པར་ཕབ་བཤུ་རྒྱག་པ་དང་གློག་བརྙན་བཟོ་བ། པར་རིས་རྣམས་སྒྲིག་སྦྱོར་བྱེད་ཀྱི་ཡོད་པ་རྣམས་ཁྲིམས་འགལ་ཡིན། དེང་ཕྱིན་ཆད་ལས་རིགས་དེ་དག་གཏན་ནས་གཉེར་མི་ཆོག གལ་སྲིད་གཉེར་ན་ཁྲིམས་ཆད་འཕོག་རྒྱུ་ཉག་གཅིག་རེད། རྒྱ་གཞུང་གི་ལས་སྣེ་ཚོའི་བཀོད་ཁྱབ་ལྟར་ལག་བསྟར་བྱེད་དགོས་པའི་བཀའ་ཕབ་སོང་ཞེས་བཤད་འདུག

གསར་འགྱུར་མཁོ་སྤྲོད་པས་ཐབས་ཇུས་འདི་སྔར་དང་མ་འདྲ་བའི་དམ་དྲག་བྱེད་སྟངས་གསར་པ་ཞིག་རེད། གོ་ཐོས་ལ་སི་ཁྲོན་དང་རྔ་བ་ཕྱོགས་གཅིག་པུ་མིན་པར་རིམ་བཞིན་མཚོ་སྔོན་ཞིང་ཆེན་གྱི་མངའ་ཁོངས་ཡོངས་སུ་རྒྱ་གཞུང་གིས་གསང་བའི་ངང་དུ་བཀའ་ཁྱབ་འདི་བཏང་ནས་བོད་ཕྱི་ནང་གི་འབྲེལ་བ་གང་གང་ཡོད་མེད་ལ་རྟོག་ཞིབ་བྱ་རྒྱུ་དང་བྱེས་ཀྱི་གདན་ས་སེ་འབྲས་དགེ་གསུམ་གཙོས་ཆོས་རྒྱུད་ཁག་གི་བླ་ཆེན་ཚོར་བོད་ནང་གི་ལྷ་སྡེ་མི་སྡེ་ཚོས་དངོས་ཤུགས་བརྒྱུད་གསུམ་ནས་དངུལ་དངོས་འབུལ་བཞིན་པ་བཀག་འགོག་བྱ་རྒྱུ་རེད་ཟེར་གྱི་འདུག དེ་ལྟར་བྱེད་ན་བོད་ཕྱི་ལོགས་སུ་བོད་ཀྱི་སྐད་ཡིག་གི་སྲོག་རྩར་གྱུར་པའི་ཆོས་སྡེ་ཁག་གི་མཐུན་རྐྱེན་ཡར་རྒྱས་འགྲོ་བཞིན་པར་ཤུགས་རྐྱེན་ཐེབས་ཐབས་ཀྱི་དམིགས་ཡུལ་ཡིན་པ་འདྲ། རྒྱ་གཞུང་གིས་མངོན་ལྐོག་གཉིས་ནས་དམ་དྲག་གི་རྣམ་པ་ཤུགས་ཆེ་རུ་གཏོང་གི་འདུག ཉེ་དུས་ཤིག་ནས་དྲྭ་རྒྱའི་བརྒྱུད་ལམ་ཁག་ལ་དུས་ནས་དུས་སུ་མྱུལ་ཞིབ་བྱེད་བཞིན་པ་དང་བོད་ནང་ལོགས་ཀྱི་མི་ཚོས་བོད་ཕྱི་ལོགས་ཀྱི་མི་ལ་དྲྭ་ལམ་དུ་འབྲེལ་བ་འཛིན་མཁན་ཚོར་རྒྱ་གཞུང་གིས་དོགས་ཟོན་ནན་པོ་བྱེད་བཞིན་པར་མ་ཟད། ཉེན་རྟོག་ཁང་དུ་འབོད་འགུགས་དང་འདྲི་རྩད། དེ་མིན་ན་ཉེན་བརྡ་བཏང་ནས་དྲྭ་རྒྱའི་བརྒྱུད་ལམ་བེད་སྤྱོད་ཀྱི་རང་དབང་མེད་པའི་གཏོང་གི་ཡོད་པའི་གནས་ཚུལ་མང་པོ་བྱུང་དང་འབྱུང་གི་འདུག་ཅེས་བཀྲལ།།

གསར་འགྱུར་མཁོ་སྤྲོད་པས་རྒྱ་ནག་ལ་བེད་སྤྱོད་གཏོང་བཞིན་པའི་པེ་ཏུབ་ཟེར་བའི་དྲྭ་བ་དེའི་ནང་དུ་བོད་རང་བཙན་དང་བོད་རང་དབང་གི་རྒྱལ་ཁབ་སོགས་ཀྱི་ཡིག་རིགས་བྲིས་ཚེ། དོ་བདག་སོ་སོའི་ཁ་པར་ནང་དུ་ཡི་གེ་ཚོན་ལྡན་ཅན་གྱི་འཕྲིན་ཐུང་རེ་བསླེབས་ནས་ཁྱེད་ཀྱིས་འཚོལ་གཤེར་བྱེད་བཞིན་པའི་ཡི་གེའི་ནང་དོན་ལ་ཁྲིམས་འགལ་གྱི་རྣམ་པ་ལྡན་པས་ཡིད་གཟབ་བྱ་དགོས་ཞེས་ཉེན་བརྡ་གཏོང་གི་འདུག རྒྱ་གཞུང་གིས་ཕྱོགས་གང་འཐད་ནས་དམ་དྲག་དང་སྟངས་འཛིན་ནན་པོ་བྱེད་ཀྱིན་འདུག་པས་བོད་ཕྱི་ལོགས་སུ་འབྲེལ་བ་བྱ་རྒྱུ་གཏན་ནས་སྟབས་བདེ་མ་རེད་ཅེས་འགྲེལ་བརྗོད་གནང་འདུག་པའི་སྐོར། བལ་ཡུལ་ནས་འདི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG