ངོ་འཕྲད་བདེ་བའི་དྲ་འབྲེལ།

ཧོང་ཀོང་གི་ངོ་རྒོལ་ལ་དམག་གིས་དྲག་གནོན་བྱ་སྲིད་པའི་ཉེན་ཁ།


ད་ལྟ་པེ་ཅིང་དུ་འཚོགས་བཞིན་ཡོད་པའི་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་ཧོང་ཀོང་ལ་ལག་ལེན་བསྟར་རྒྱུའི་བཅའ་ཁྲིམས་གསར་པ་སྟེ། རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་གཞི་ཞེས་པ་དེར་གྲོས་སྡུར་བྱས་ནས་ཚོགས་འདུ་མཇུག་སྡོམ་སྐབས་དེར་དངོས་སུ་བཅའ་ཁྲིམས་ལ་གཏན་འབེབས་བྱ་འཆར་ཡོད་ཅིང་། ཕྱི་ཟླ་༥་པའི་ཚེས་༢༦་ཉིན་ཧོང་ཀོང་དམིགས་བསལ་ས་ཁུལ་དུ་འགྲེམ་འཇོག་བྱེད་ཡོད་པའི་རྒྱ་ནག་གི་གྲོང་སྲུང་དམག་གིཆེས་མཐོའི་བཀོད་འདོམས་པ་ཁྲེན་ཏའོ་ཤེང་གིས་གསར་འགོད་པ་ཚོར་བཤད་པ་ལྟར་ན། རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་ལ་རྒྱལ་ཁབ་ཀྱི་བདག་དབང་སྲུང་སྐྱོབ་བྱ་དགོས་པའི་ལས་འགན་ཡོད། ཧོང་ཀོང་དུ་བཅའ་སྡོད་རྒྱ་ནག་གི་གྲོང་སྲུང་མག་སྒར་གྱིཞི་དྲག་གི་ས་སྣེ་ཚོས་རྒྱལ་ཁབ་ཀྱི་བདག་དབང་སྲུང་སྐྱོབ་བྱ་རྒྱུའི་ཆོ་སེམས་བརྟན་པོ་བཙུགས་ཏེ་གདེང་ཚོད་དང་ནུས་པ་བཅས་ཡོད། ང་ཚོས་མི་དམངས་ཀྱི་ཁེ་ཕན་དང་ཡུན་རིང་གི་ཞི་བདེ་བརྟན་ལྷིང་། ཧོང་ཀོང་གི་འཕེལ་རྒྱས་བཅས་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན། ཧོང་ཀོང་གི་རྒྱལ་ཁབ་བདེ་འཇགས་ཁྲིམས་གཞི་ནི་ཁ་བྲལ་གྱི་སྟོབས་ཤུགས་དང་ཕྱིའི་ཐེ་ཇུས་ལ་འགོག་རྒོལ་བྱེད་ཐུབ་པའི་མཐུན་རྐྱེན་ཞིག་རེད་ཅེས་ཧོང་ཀོང་ལ་ངོ་རྒོལ་ལས་འགུལ་ཆེན་པོ་ཞིག་སྤེལ་འཆར་ཡོད་པ་དེའི་སྔ་རོལ་ཏུ་ཉེན་བརྡ་བཏང་འདུག ཧོང་ཀོང་དུ་བཅའ་སྡོད་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གིས་ཐེངས་འདི་གཅིག་པུ་མིན་པར་སྔོན་ཆད་ཀྱང་སྡིགས་ར་འདི་འདྲ་བསྐུལ་མྱོང་ཡོད་པ་རེད།།

རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་ཧོང་ཀོང་གི་གྲོས་ཚོགས་དང་གཞུང་འཛིན་ལྷན་ཁང་གཉིས་བརྒྱུད་མ་དགོས་པར་ཐད་ཀར་ཧོང་ཀོང་ལ་ལག་ལེན་བསྟར་རྒྱུའི་རྒྱལ་ཁབ་བདེ་འཇགས་ཁྲིམས་གཞི་ཞེས་པ་ཞིག་གཏན་འབེབས་བྱས་ནས་ལག་ལེན་བསྟར་ཚེ། ཧོང་ཀོང་མི་དམངས་ཀྱི་སྨྲ་བརྗོད་རང་དབང་དང་འདུ་འཛོམས་རང་དབང་། གསར་འགོད་རང་དབང་དང་ཆབ་སྲིད་ཀྱི་གནད་དོན་ཁག་ལ་ངོ་རྒོལ་བྱེད་ཆོག་པའི་རང་དབང་རྣམས་མེད་པར་འགྱུར་གྱི་ཡོད་ཀྱང་གཟའ་འཁོར་འདིར་ཧོང་ཀོང་གི་ཉེན་རྟོག་ལས་ཁ་ནས་མེ་གསོད་ལས་ཁུངས་བཅས་མངའ་ཁུལ་དེའི་གཞུང་འབྲེལ་ལས་ཁུངས་ཕལ་མོ་ཆེསརྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ལ་མཚམས་སྦྱོར་བྱེད་ཡོད་པའི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་དེར་རྒྱབ་སྐྱོར་ཡོད་ཅེས་གསལ་བསྒྲགས་སྤེལ། ཁྲེན་ཏའོ་ཤེང་ནི་རྒྱ་ནག་གཞུང་གིས་ཧོང་ཀོང་དམིགས་བསལ་ས་ཁུལ་དུ་འགྲེམ་འཇོག་བྱེད་ཀྱི་ཡོད་པའི་མི་དམངས་བཅིངས་འགྲོལ་དམག ཧོང་ཀོང་གྲོང་སྲུང་དམག་གི་ཆེས་མཐོའི་བཀོད་འདོམས་པ་ཡིན་པས་ཁོ་པའི་སྐད་ཆ་དེ་ཚོར་ལྗིད་ཁོག་ཆེ་ཞིང་། ཁོ་ཚོས་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་ཁག་ལ་དམག་གིས་དྲག་གནོན་བྱ་རྒྱུའི་སྔོན་བརྡ་ཞིག་བཏང་བ་ཡིན་སྲིད་པའི་ཉེན་ཁ་ཆེ། ༡༩༩༧་ལོར་རྒྱ་ནག་གིས་ཧོང་ཀོང་གི་བདག་དབང་རྩིས་བླངས་ནས་བཟུང་། རྒྱ་ནག་གཞུང་གིས་ཧོང་ཀོང་དམིགས་བསལ་ས་ཁུལ་དུ་མི་དམངས་བཅིངས་འགྲོལ་དམག་འགྲེམ་འཇོག་བྱས་ཀྱང་ད་ལྟའི་བར་དུ་རྒྱ་དམག་གིས་མངའ་ཁུལ་དེའི་ལས་དོན་ལ་ཐེ་ཇུས་བྱེད་ཀྱི་ཡོད་པའི་རྣམ་པ་དེ་ཙམ་མི་མངོན། སྔ་ལོ་ཧོང་ཀོང་ལ་དུས་ཡུན་ཟླ་བ་༦་ལྷག་གི་ངོ་རྒོལ་ལས་འགུལ་ལངས་པའི་རྗེས་སུ་རྒྱ་ནག་གི་དམག་རྣམས་ཧོང་ཀོང་དང་སྐམ་ས་ཆེན་མོའི་ས་མཚམས་སུ་བཀྲམ་པ་དང་གྲོང་ཁྱེར་གྱི་ཟིང་འཁྲུག་ལ་དྲག་གནོན་བྱེད་ཕྱོགས་ཀྱིདམག་སྦྱོང་བྱས་པ། མི་དམངས་བཅིངས་འགྲོལ་དམག་རྣམས་གཙང་སྦྲའི་ལས་དོན་ཁག་ལ་མཉམ་ཞུགས་བྱས་ནས་ཧོང་ཀོང་གི་ས་ཐོག་ཏུ་རྒྱ་ནག་གཞུང་གིས་དམག་འགྲེམ་འཇོག་བྱེད་ཡོད་པའི་རྣམ་པ་སྟོན་རྒྱུ་ཇེ་མང་དུ་སོང་འདུག

རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་གྲོས་སྡུར་བྱེད་ཀྱི་ཡོད་པའི་ཧོང་ཀོང་གི་རྒྱལ་ཁབ་བདེ་འཇགས་ཁྲིམས་གཞི་དེར་རྒྱ་ནག་གི་བདེ་འཇགས་སྲུང་སྐྱོབ་ཚན་པ་ཁག་གིས་ཧོང་ཀོང་གི་ས་ཐོག་ཏུ་ལས་དོན་སྒྲུབ་ཆོག་ཅེས་བཀོད། དེར་བརྟེན་ཧོང་ཀོང་བ་མང་པོ་ཞིག་གིས་མ་འོངས་པར་ངོ་རྒོལ་ལས་འགུལ་ཅི་ཞིག་སྤེལ་རུང་རྒྱ་ནག་གཞུང་གིས་འཕྲལ་དུ་དམག་བཏང་ནས་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་ཁག་ལ་དྲག་གནོན་བྱེད་སྲིད་པའི་བློ་འཚབ་བྱེད་ཀྱི་ཡོད་ཅིང་། རྒྱ་ནག་རྒྱལ་ཡོངས་སུ་རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས་ལག་ལེན་བསྟར་ནས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་ཁྲིམས་རྩོད་པ། གསར་འགོད་པ་དང་དམངས་གཙོ་དོན་གཉེར་བ་སོགས་ལ་དྲག་གནོན་བྱེད་ཀྱི་ཡོད་པ་རེད། དེས་ན་ཧོང་ཀོང་མི་དམངས་དང་རྒྱལ་སྤྱིའི་སྤྱི་ཚོགས་བཅས་ཀྱིས་རྒྱ་ནག་གཞུང་གིས་ཧོང་ཀོང་ལ་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་ཞེས་པ་ཞིག་གཏན་འབེབས་བྱ་དགོས་ཞེས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ལ་གྲོས་སྡུར་བྱེད་དུ་འཇུག་གི་ཡོད་པར་ངོ་རྒོལ་བྱེད་ཀྱི་ཡོད་པ་སྟེ། གཟའ་འཁོར་འདིར་ཧོང་ཀོང་གི་དམངས་གཙོའི་ཕྱོགས་གཏོགས་ཀུ་ཤུ་ཉིན་རེའི་ཚགས་པར་ལ་རྒྱ་ནག་གཞུང་གིས་ཧོང་ཀོང་ལ་རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས་ཤིག་གཏན་འབེབས་བྱེད་ཀྱི་ཡོད་པར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་བར་འགོག་བྱ་དགོས་ཞེས་ཤོག་ངོས་ཆ་ཚང་ལ་འབོད་སྐུལ་གྱི་ཚིག་འབྲུ་རྣམས་བཀོད་ཡོད་པར་མ་ཟད། ཨ་རིའི་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་ཀུ་ཤུ་ཉིན་རེའི་ཚགས་པར་འགྲེམ་སྤེལ་པ་ཇཱི་མཱི་ལེ་ལ་བཅར་འདྲི་ཞུས། ཁོང་གིས་ང་ཚོ་སྐྱོབ་ཐུབ་པའི་མི་གཅིག་ཡོད་པ་ནིཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་ཡིན་ཞེས་བཤད། རྒྱ་ནག་གཞུང་གིས་ཧོང་ཀོང་གི་གནད་དོན་ནི་རྒྱ་ནག་གི་ནང་སྲིད་ཡིན། དེ་ལ་ཕྱིའི་རྒྱལ་ཁབ་ཁག་གིས་ཐེ་གཏོགས་བྱེད་མི་ཆོག་ཅེས་དགག་པ་རྒྱག་གི་ཡོད་པ་རེད།།

ཧོང་ཀོང་མི་མང་གི་ངོ་རྒོལ། ༢༠༢༠།༥།༢༤
ཧོང་ཀོང་མི་མང་གི་ངོ་རྒོལ། ༢༠༢༠།༥།༢༤

ཁ་སྔོན་གཟའ་ཉི་མར་ཧོང་ཀོང་གི་རང་དབང་འཐབ་རྩོད་པ་སྟོང་ཕྲག་མང་པོས་ས་གནས་གཞུང་ལ་ཆོག་མཆན་མ་ཞུས་པར་ངོ་རྒོལ་ཁྲོམ་སྐོར་གྱི་ལས་འགུལ་སྤེལ། ཡིན་ནའང་ཧོང་ཀོང་གཞུང་གིས་ཉེན་རྟོག་པ་སྟོང་ཕྲག་མང་པོ་བཀྲམ་ནས་མི་ཚོགས་ལ་རྒྱུག་རྡུང་བྱས་པ་དང་མཆི་འབྱིན་དུག་རླངས་འཕངས་པ། ཆུ་མདའ་བརྒྱབ་ནས་སྐབས་དེའི་ངོ་རྒོལ་ལས་འགུལ་བ་རྣམས་ཁ་གཏོརསང་ཉིན་གཟའ་ལྷག་པའི་ཉིན་ཧོང་ཀོང་གི་གྲོས་ཚོགས་སུ་རྒྱ་ནག་གི་རྒྱལ་གླུའི་བཅའ་ཁྲིམས་ཤིག་ལ་གྲོས་སྡུར་བྱ་འཆར་ཡོད་པ་དེའི་སྐབས་སུའང་ངོ་རྒོལ་འབྱུང་སྲིད་པའི་རྟགས་མཚན་འདུག ཧོང་ཀོང་གི་གྲོས་ཚོགས་འཐུས་མི་ཚོས་གྲོས་སྡུར་བྱེད་ཀྱི་ཡོད་པའི་རྒྱལ་གླུའི་བཅའ་ཁྲིམས་དང་པེ་ཅིང་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་སྡུར་བྱེད་ཀྱི་ཡོད་པའི་ཧོང་ཀོང་གི་རྒྱལ་ཁབ་བདེ་འཇགས་ཁྲིམས་གཞི་གཉིས་ལ་འབྲེལ་བ་མེད་མོད། རྒྱ་ནག་གི་རྒྱལ་གླུའི་བཅའ་ཁྲིམས་ཀྱང་པེ་ཅིང་གི་དབང་འཛིན་པ་ཚོས་བཙན་བཀའ་བཏང་ནས་ཧོང་ཀོང་གི་གྲོས་ཚོགས་ལ་གྲོས་སྡུར་བྱེད་དུ་འཇུག་གི་ཡོད་པའི་ཁྲིམས་གཞི་ཞིག་ཡིན་ཞིང་། ཧོང་ཀོང་གི་ངོ་རྒོལ་བ་ཚོས་གཟའ་ལྷག་པའི་ཞོགས་པར་མི་རྣམས་གྲོས་ཚོགས་ཁང་གི་ཕྱི་ལོགས་སུ་ཤོག སྔ་ལོ་ལྟར་གྲོས་ཚོགས་འཐུས་མི་རྣམས་གྲོས་ཚོགས་ཁང་་ཐར་མི་ཐུབ་པ་ཞིག་བྱ་དགོས་ཞེས་བརྡ་བརྒྱབ་འདུག སྔ་ལོ་ཧོང་ཀོང་གི་ངོ་རྒོལ་བ་ཚོས་གྲོས་ཚོགས་ཁང་མཐའ་བསྐོར་ནས་འཐུས་མི་རྣམས་གྲོས་ཚོགས་ཁང་དུ་མ་ཐར། ཁོ་ཚོར་ཁྲིམས་བྱོལ་བ་རྣམས་རྩིས་སྤྲོད་བྱེད་ཆོག་པའི་བཅའ་ཁྲིམས་དེ་གཏན་འབེབས་བྱེད་དུ་བཅུག་མེད་པས་མཐའ་མཇུག་ཧོང་ཀོང་ས་གནས་གཞུང་གིས་གྲོས་ཚོགས་ལ་ཁྲིམས་བྱོལ་བ་རྩིས་སྤྲོད་ཀྱི་ྲིམས་གཞི་གཏན་འབེབས་བྱ་རྒྱུ་ཕྱིར་འཐེན་བྱེད་དུ་བཅུག་ཡོད་པ་རེད།།

ཧོང་ཀོང་གི་སྤྱི་ཁྱབ་འགན་འཛིན་གྱིས་གསར་སྤེལ་ཚོགས་འདུའི་སྟེང་གཏམ་བཤད། ༢༠༢༠།༥།༢༦་ཉིན།
ཧོང་ཀོང་གི་སྤྱི་ཁྱབ་འགན་འཛིན་གྱིས་གསར་སྤེལ་ཚོགས་འདུའི་སྟེང་གཏམ་བཤད། ༢༠༢༠།༥།༢༦་ཉིན།

ད་ལོ་ངོ་རྒོལ་བ་ཚོས་ཧོང་ཀོང་གི་གྲོས་ཚོགས་ཁང་མཐའ་བསྐོར་ནས་ངོ་རྒོལ་བྱེད་ཐུབ་རྒྱུ་ཁག་པོ་ཡིན་པ་སྟེ། ཧོང་ཀོང་ས་གནས་གཞུང་གིས་ཉེན་རྟོག་པ་སྟོང་ཕྲག་མང་པོ་བཀྲམ་ནས་གྲོས་ཚོགས་ཁང་ལ་སྲུང་སྐྱོབ་བྱ་རྒྱུའི་གྲ་སྒྲིག་བྱས་འདུག ཧོང་ཀོང་གི་སྤྱི་ཁྱབ་འགན་འཛིན་ཁེ་རི་ལམ་གྱིས་ང་ཚོས་ཁྲིམས་གཞི་འདིར་བློ་འཚབ་བྱེད་དགོས་དོན་མེད། འདས་པའི་ལོ་༢༣་གྱི་རིང་དུ་ཧོང་ཀོང་མི་དམངས་ཀྱི་སྨྲ་བརྗོད་རང་དབང་དང་ངོ་རྒོལ་གྱི་རང་དབང་རྣམས་མེད་པར་འགྱུར་སྲིད་པའི་བློ་འཚབ་བྱས་པ་རྣམས་དོན་མེད་དུ་གྱུར་ཡོད། ཧོང་ཀོང་གཞུང་གིས་ཡང་ནས་ཡང་དུ་རྩ་དོན་དེ་ཚོར་གོང་བཀུར་དང་རིན་ཐང་རྩི་བཞིན་ཡོད་པ་ར་འཕྲོད་བྱུང་ཡོད། ང་ཚོས་ཁྲིམས་གཞི་འདི་ཧོང་ཀོང་ལ་དགོས་མཁོ་ཅན་ཞིག་ཡིན་པ་དང་ཧོང་ཀོང་ལ་ཕྱོགས་ཡོངས་ནས་དགེ་མཚན་ཡོད་པ། ཧོང་ཀོང་གི་རྒྱ་ཆེའི་མང་ཚོགས་ལ་ཕན་ཐོགས་ཡོད་པ་ཞིག་ཡིན་པ་བལྟ་ཐུབ་རྒྱུ་གལ་འགངས་ཆེན་པོ་རེད། གལ་སྲིད་མི་ཧ་ཅང་ཉུང་ཤས་ཤིག་གིས་ཁྲིམས་འགལ་གྱི་མི་ཚོགས་བསྡུས་པ་དང་འཇིགས་སྐུལ་རིང་ལུགས་ཀྱི་ལས་འགུལ་ཁག་ལ་མཉམ་ཞུགས། རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་ཐབས་བྱེད་ན་དེ་ལ་འགོག་རྒོལ་གྱི་ཁྲིམས་ཤིག་དགོས་ངེས་སུ་གྱུར་ཡོད་ཅེས་ཧོང་ཀོང་མི་དམངས་ཀྱིས་དམངས་གཙོ་དང་རང་དབང་འཐབ་རྩོད། རྒྱ་ནག་གཞུང་གིས་མིང་རྟགས་བཀོད་པའི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་རྒྱུན་འཁྱོངས་བྱ་དགོས་ཞེས་ངོ་རྒོལ་བྱེད་ཀྱི་ཡོད་པའི་ལས་འགུལ་ཁག་མི་ཉུང་ཤས་ཀྱི་ཁྲིམས་འགལ་ལས་འགུལ་དང་འཇིགས་སྐུལ་རིང་ལུགས་ཀྱི་ལས་འགུལ། རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་ཐབས་ཀྱི་ལས་འགུལ་རེད་ཅེས་རྣམ་པ་གཞན་ཞིག་ལ་སྒྱུར་ཐབས་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG