ངོ་འཕྲད་བདེ་བའི་དྲ་འབྲེལ།

ཧོང་ཀོང་གི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཞེས་པ་ཅི་ཞིག་རེད་དམ།


༄༅།། ཉེ་ཆར་རྒྱ་ནག་གི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཚོགས་འདུ་ཐེངས་གསུམ་པ་པེ་ཅིང་དུ་འཚོགས་འགོ་ཚུགས་ཡོད་ཅིང་། ཚོགས་འདུའི་ཐོག་ཏུ་མ་འོངས་པར་ཧོང་ཀོང་དུ་ལག་བསྟར་བྱ་རྒྱུའི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞིའི་ཟིན་བྲིས་ལ་གྲོས་སྡུར་བྱེད་འགོ་ཚུགས། བདུན་ཕྲག་སྔོན་མའི་གཟའ་མཇུག་ནས་བཟུང་སྟེ་ཧོང་ཀོང་ལ་བསྐྱར་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ། ཧོང་ཀོང་མི་དམངས་ཀྱིས་ཁྲིམས་གཞི་དེ་ལ་ངོ་རྒོལ་བྱེད་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ། དེའི་ནང་དུ་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་ཐབས་དང་རྒྱལ་ཁབ་ཁ་བྲལ། འཇིགས་སྐུལ་རིང་ལུགས་པའི་ལས་འགུལ་སྤེལ་མཁན་རྣམས། ཕྱིའི་སྟོབས་ཤུགས་ཀྱིས་ཧོང་ཀོང་གི་ནང་སྲིད་ལ་ཐེ་ཇུས་བྱེད་པ་བཅས་ལ་སྟངས་འཛིན་བྱེད་ཐབས་ཀྱི་ནང་དོན་ཁག་འདུས། ད་ཐེངས་ཀྱི་ཁྲིམས་གཞི་འདི་ཧོང་ཀོང་གི་ཁྲིམས་བཟོ་ལྷན་ཚོགས་དང་ཧོང་ཀོང་དམིགས་ས་ཁུལ་གྱི་གཞུང་འཛིན་ལྷན་ཁང་གཉིས་བརྒྱུད་མ་དགོས་པར་ཐད་ཀར་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་ཧོང་ཀོང་གི་གཞི་རྩ་བའི་ཁྲིམས་གཞིར་སྒྱུར་བཅོས་གཏོང་ཆོག་གི་ཡོད་པས་མི་དམངས་ཀྱིས་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད།།

དབྱིན་ཇིའི་བྷི་བྷི་སི་གསར་འགྱུར་ལས་ཁང་སོགས་ཀྱིས་གནད་དོན་འདིར་དབྱེ་ཞིབ་བྱས་པ་ལྟར་ན། དེ་སྔོན་སྤྱི་ལོ་༢༠༠༣་ལོར་རྒྱ་ནག་གཞུང་གིས་སྐབས་དེའི་ཧོང་ཀོང་གི་འཛིན་སྐྱོང་འགོ་ཁྲིད་ཚོར་ད་ལྟའི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་ཞེས་པ་འདིའི་ནང་དོན་ཁག་འདུས་པའི་ཁྲིམས་ཡིག་སྟེ། ཁྲིམས་ཡིག་༢༣་པ་ཞེས་པ་ཞིག་ཧོང་ཀོང་གི་གཞི་རྩའི་བཅའ་ཁྲིམས་ལ་ཁ་སྣོན་བྱ་དགོས་ཞེས་གནོན་ཤུགས་སྤྲད། ལོ་དེའི་ཕྱི་ཟླ་༧་པའི་ཚེས་༡་ཉིན་ཧོང་ཀོང་བ་འབུམ་ལྔ་ལྷག་མཉམ་འཛོམས་ཀྱིས་ཁྲིམས་གཞི་དེར་ངོ་རྒོལ་བྱས་ནས་ལག་བསྟར་བྱེད་ཐུབ་མེད་ཅིང་། ན་ནིང་ཕྱི་ཟླ་༦་པར་རྒྱ་ནག་གཞུང་གིས་ཧོང་ཀོང་གི་འགོ་ཁྲིད་ཚོར་ཁྲིམས་བྱོལ་བ་རྩིས་སྤྲོད་ཀྱི་ཁྲིམས་གཞི་ཞིག་ཧོང་ཀོང་གི་གཞི་རྩའི་བཅའ་ཁྲིམས་ལ་ཁ་སྣོན་བྱ་དགོས་ཞེས་སྐུལ་ལྕག་བཏང་བས་དུས་ཡུན་ཟླ་བ་༦་ལྷག་ལ་ཧོང་ཀོང་བ་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ། ཧོང་ཀོང་རང་བཙན་གྱི་འབོད་སྒྲ་སྒྲོགས་མཁན་སོགས་བྱུང་བས་རྒྱ་ནག་གིས་ཧོང་ཀོང་ལ་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཞེས་པ་འདི་ལག་བསྟར་བྱས་ནས་མི་མང་གི་སྨྲ་བརྗོད་རང་དབང་དང་འདུ་འཛོམས་རང་དབང་། གསར་འགོད་རང་དབང་སོགས་ཁྲིམས་ལུགས་ལྟར་བཀག་སྡོམ་བྱ་རྒྱུ་ཧ་ཅང་གི་གལ་འགངས་ཆེན་པོར་མཐོང་གི་ཡོད་ཅིང་། ད་ལྟའི་ཧོང་ཀོང་གི་སྤྱི་ཁྱབ་ཁེ་རི་ལམ་གྱིས་ཁྲིམས་ཡིག་༢༣་གསུམ་པ་ལག་བསྟར་བྱ་རྒྱུ་ནི་ཧོང་ཀོང་གི་ཁྲིམས་ལམ་ལུགས་འགན་ལེན་བྱེད་ཐུབ་པའི་ཆ་རྐྱེན་ཡག་པོ་ཞིག་རེད་ཅེས་ཐེངས་ཁ་ཤས་བཤད་མྱོང་ཡོད་པ་རེད།།

༢༠༠༣་ལོར་ལག་བསྟར་བྱ་ཐབས་བྱས་པའི་ཧོང་ཀོང་གི་ཁྲིམས་ཡིག༢༣་པ་དང་ད་ལོ་རྒྱ་གཞུང་གིས་གྲོས་གཞིར་བཏོན་པའི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཉིས་མི་འདྲ་སའི་ཁྱད་པར་གཙོ་བོ་ནི་ཧོང་ཀོང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཆིངས་ཡིག་ལ་ངོས་ལེན་བྱེད་ཀྱི་ཡོད་པས་གཞི་རྩའི་བཅའ་ཁྲིམས་སུའང་འདུས། རྒྱ་ནག་གིས་རྒྱལ་སྤྱིའི་ཆིངས་ཡིག་དེར་ངོས་ལེན་བྱེད་ཀྱི་མེད་པས་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་དེས་རྒྱལ་སྤྱིའི་ཆིངས་ཡིག་དེར་བརྩི་མེད་ཐེབས་རྒྱུ་རེད་ཅེས་ཧོང་ཀོང་གི་ཁྲིམས་ལུགས་ཉམས་ཞིབ་པ་ཀྲང་ཏ་མཱིན་གྱིས་བཤད་འདུག

རྒྱ་ནག་གཞུང་གིས་གཏན་འབེབས་བྱེད་ཀྱི་ཡོད་པའི་ཧོང་ཀོང་གི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་འདི་མ་འོངས་པར་ཧོང་ཀོང་གི་གཞི་རྩའི་བཅའ་ཁྲིམས་ཀྱི་ཟུར་བཀོད་ཁྲིམས་ཡིག་གསུམ་པའི་ཁོངས་སུ་འཇུག་འཆར་ཡོད་ཅིང་། སྤྱིར་ཟུར་བཀོད་ཁྲིམས་ཡིག་འདིའི་ཁོངས་སུ་རྒྱ་ནག་རྒྱལ་ཡོངས་ལ་ཡོངས་ཁྱབ་ཀྱིས་ལག་བསྟར་བྱེད་བཞིན་པའི་ཁྲིམས་ཡིག་ཁག་ཅིག་འདུས་ཡོད་པ་ལས་ཧོང་ཀོང་དམིགས་བསལ་ས་ཁུལ་དུ་ལག་བསྟར་བྱ་རྒྱུའི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལྟ་བུ་འཇུག་སྲོལ་མེད་པར་མ་ཟད། ཁྲིམས་ཡིག་བྱེ་བྲག་པ་ཞིག་ཡིན་ན་ངེས་པར་དུ་ཧོང་ཀོང་གི་གྲོས་ཚོགས་ཚོགས་ཏེ། ཁྲིམས་བཟོ་ལྷན་ཁང་བརྒྱུད་ནས་གཏན་འབེབས་བྱ་དགོས། ཧོང་ཀོང་མི་དམངས་ཀྱིས་རྒྱ་ནག་གི་བྱེད་སྟངས་འདི་ཧོང་ཀོང་གི་ཁྲིམས་བཟོ་ལྷན་ཚོགས་ཀྱི་དབང་ཆ་བཙན་འཕྲོག་བྱས་པ་ཞིག་ལ་ངོས་འཛིན་བྱེད་བཞིན་འདུག ཐེངས་འདིའི་ཐག་གཅོད་ནི་ཧོང་ཀོང་ལ་ཁྲིམས་བྱོལ་བ་རྩིས་སྤྲོད་ཀྱི་ཁྲིམས་གཞི་ཞིག་གཏན་འབེབས་བྱ་དགོས་ཞེས་སྐུལ་ལྕག་བཏང་བ་ལས་ཀྱང་ཚབས་ཆེན་ཞིག་རེད་ཅེས་མང་ཚོགས་ལ་ལྟ་ཚུལ་ཡོང་གི་ཡོད་འདུག

རྒྱ་ནག་གཞུང་གིས་བཤད་སྲོལ་ལྟར་ན་ཁྲིམས་གཞི་འདི་ལག་བསྟར་བྱས་ཀྱང་ཧོང་ཀོང་ལ་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལག་ལེན་བསྟར་གྱི་ཡོད་པ་དེར་འགྱུར་བ་མེད། ཧོང་ཀོང་བ་ཚོར་སྔར་བཞིན་སྨྲ་བརྗོད་རང་དབང་སོགས་ཀྱི་ཐོབ་ཐང་ཡོད་ཅེས་བཀྲལ། འོན་ཀྱང་ཧོང་ཀོང་གི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་འདིར་འཛམ་གླིང་གི་དམངས་གཙོའི་རྒྱལ་ཁབ་མང་པོས་སྐྱོན་བརྗོད་ནན་པོ་དང་ཧོང་ཀོང་བ་ཚོས་ངོ་རྒོལ། མ་འོངས་པར་ཁྲིམས་གཞི་འདི་ལ་བརྟེན་ནས་ཧོང་ཀོང་གི་སྲིད་འབྱོར་རིག་གསུམ་གང་ཅིའི་ཐད་དུ་ཕྱི་ནང་གསང་གསུམ་གྱི་ཤུགས་རྐྱེན་ངན་པ་ཆེན་པོ་ཞིག་ཐེབས་སྲིད་པའི་ཚོད་དཔག་བྱེད་བཞིན་ཡོད་པ་རེད།།

XS
SM
MD
LG