ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་དྲྭ་ཇག་ཚོ་ཡུ་གུར་བའི་ངོ་དེབ་ནང་དུ་སིམ་འཛུལ། 


༄༅།། རྒྱ་ནག་གི་དྲྭ་ཇག་ཚོས་ཨ་མི་རི་ཀ་དང་ཡུ་རོབ། ཁེ་ན་ཌ་དང་ཨོ་གླིང་རྒྱལ་ཁབ། ཏུར་ཀི་དང་ཁ་ཛག་སི་ཐན། སི་རི་ཡ་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ཡུ་གུར་བའི་ལས་འགུལ་བ་དང་གསར་འགོད་པ། སྲིད་དོན་གྱི་ལྟ་བ་མི་མཐུན་པ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་སོགས་ཀྱི་ངོ་དེབ་ནང་དུ་སིམ་འཛུལ་བྱས་ནས་གཏོར་བརླག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༣་པའི་ཚེས་༢༤་ཉིན་ངོ་དེབ་བཟོ་ཚོང་ཁང་གི་བདེ་འཇགས་ཚན་པས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་དྲྭ་ཇག་ཚོས་མིང་རྫུན་མའི་ཐོག་ཏུ་ངོ་དེབ་ཀྱི་དྲྭ་བྱང་བརྒྱ་ཕྲག་མང་པོ་སྒོ་ཕྱེ། ཁོ་ཚོས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་འཁོད་ཞིན་ཅང་གི་ཡུ་གུར་བ་ཚོར་པར་རིས་དང་བརྙན་ཐུང་བསྐུར་ནས་ཕབ་ལེན་བྱེད་དུ་བཅུག པར་རིས་དང་བརྙན་ཐུང་གི་ཞོར་དུ་གསང་ཉུལ་བྱེད་ཐུབ་པའི་མཉེན་ཆས་བཏང་ནས་ཕབ་ལེན་བྱེད་དུ་བཅུག་པ། སྐབས་འགར་རྒྱ་ནག་གི་དྲྭ་ཇག་དེ་ཚོས་གསར་འགྱུར་གྱི་དྲྭ་ཚིགས་རྫུན་མ་བཟོས་ནས་ཞིན་ཅང་གི་ཡུ་གུར་བ་རྣམས་དྲྭ་ཚིགས་དེར་འཛུལ་ཞུགས་བྱེད་དུ་བཅུག་སྟེ་གློག་ཀླད་ནང་དུ་དྲྭ་དུག་གཏོང་བ། དེ་ནས་ཁོ་ཚོས་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ཡུ་གུར་བ་དེ་དག་གིས་ངོ་དེབ་ནང་དུ་རྒྱ་ནག་ལ་སྐྱོན་བརྗོད་དང་ངོ་རྒོལ། ཞིན་ཅང་ནས་འབྱོར་བའི་གནས་ཚུལ་ཅི་ཞིག་འགྲེམ་སྤེལ་བྱེད་ཀྱི་ཡོད་མེད། ཡུ་གུར་བ་ཚོས་ངོ་དེབ་སོགས་བརྒྱུད་ནས་ཞིན་ཅང་གི་གནས་ཚུལ་ཅི་ཞིག་དྲྭ་ལམ་དང་རྒྱལ་སྤྱིའི་ཐོག་ཏུ་ཁྱབ་སྤེལ་བྱེད་ཀྱི་ཡོད་མེད། ཡུ་གུར་བའི་ངོ་དེབ་ཀྱི་ཚོགས་པ་ཁག་དང་སྐྱེ་བོ་སྒེར་གྱི་འབྲེལ་བ། ངོ་དེབ་ནང་གི་གྲོགས་པོའི་འབྲེལ་བ་སོགས་སྒེར་གྱི་གནས་ཚུལ་ཡོད་དོ་ཅོག་ལྟ་ཀློག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ངོ་དེབ་བཟོ་ཚོང་ཁང་གི་ལས་སྣེ་ཚོས་བཤད་པ་ལྟར་ན། རྒྱ་ནག་གི་དྲྭ་ཇག་ཚོ་གསར་འགོད་པ་དང་སློབ་ཕྲུག འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་སོགས་ཀྱི་རྣམ་པར་བརྫུས་ནས་ངོ་དེབ་ཀྱི་དྲྭ་བྱང་རྫུན་མ་སྒོ་ཕྱེ་ནས་ཡུ་གུར་བའི་ཚོགས་སྡེ་ཁག་ལ་འཛུགས་ཞུགས། ཁོ་ཚོས་དམིགས་འབེན་དུ་བཟུང་བའི་ཡུ་གུར་བ་ཚོར་སྔོན་ལ་ཡིད་ཆེས་བསླེབ་ཐབས་ཀྱི་འབྲེལ་བ་འཛུགས་རྒྱུ། དེའི་རྗེས་སུ་དྲྭ་ལམ་དུ་གསང་ཉུལ་བྱེད་ཀྱི་འདུག་ཅེས་གནས་ཚུལ་སྤེལ་མོད། འོན་ཀྱང་ངོ་དེབ་བཟོ་ཚོང་ཁང་གིས་རྒྱ་ནག་གི་དྲྭ་ཇག་དེ་ཚོ་སྲིད་གཞུང་ལ་ཐད་ཀར་འབྲེལ་བ་འདུག་ཅེས་ཉེས་འཛུགས་མ་བྱས། རྒྱ་ནག་གི་དྲྭ་ཇག་དེ་ཚོར་འགྲོ་གྲོན་མོད་པོ་དང་མཐུན་རྐྱེན་འཇོམས་པོ་འདུག ཁོ་ཚོས་སིམ་འཛུལ་གྱི་ལས་དོན་རྒྱུན་འཁྱོངས་བྱེད་ཐུབ་ཀྱི་འདུག་ཅེས་བཀོད། དེ་སྔ་རྒྱ་ནག་གཞུང་ལ་འབྲེལ་བ་ཡོད་པའི་དྲྭ་ཇག་ཚོས་ཀུ་ཤུ་ཁ་པར་དང་ཨན་ཌི་རོ་ཡེ་ཌིའི་ཁ་པར་གྱི་བཀོལ་ཆས་བརྒྱུད་ནས་ཞིན་ཅང་གི་ཡུ་གུར་བ་ཚོར་ལྟ་རྟོག་དང་གསང་ཉུལ་བྱས་པའི་གནས་ཚུལ་བྱུང་ཞིང་། རྒྱལ་སྤྱིའི་དྲྭ་ལམ་བདེ་འཇགས་སྲུང་སྐྱོབ་ལས་ཁང་ཁག་གིས་བདུད་མིག་དང་ས་གཞིའི་བདུད་མོ་ཞེས་འབོད་པའི་དྲྭ་ཇག་ཚོགས་པ་ཁག་དྲྭ་ལམ་གྱི་གསང་ཉུལ་ལས་འགུལ་ལ་འབྲེལ་བ་ཡོད་པ་ངོས་འཛིན་བྱས་འདུག་ཅེས་ངོ་དེབ་བཟོ་ཚོང་ཁང་གིས་བསྟན། ངོ་དེབ་དྲྭ་ལམ་དུ་གསང་ཉུལ་སིམ་འཛུལ་བྱེད་ཀྱི་ཡོད་པ་ནི་རྒྱ་ནག་གཅིག་པུ་མིན་ཞིང་། ཨ་རིའི་གྲོས་ཚོགས་ཀྱིས་ངོ་དེབ་དང་ཊོས་ཊར། གྷུ་གུལ་བཟོ་ཚོང་ཁང་བཅས་ཀྱི་སྤྱི་ཁྱབ་འགན་འཛིན་རྣམས་འབོད་འགུགས་བྱས་ནས་ཕྱི་ཟླ་དང་པོའི་ཚེས་༦་ཉིན་ཨ་རིའི་གྲོས་ཚོགས་ལ་དཔུང་ཚོགས་ཤིག་གིས་དྲག་རྒོལ་བྱས་པར་ངོ་དེབ་དང་ཊོས་ཊར། གྷུ་གུལ་བཟོ་ཚོང་ཁང་གི་གླེང་སྟེགས་རྣམས་བཀོལ་སྤྱོད་ཅི་ཙམ་བྱས་ཡོད་མེད་ཞིབ་འཇུག་བྱ་འཆར་ཡོད་པར་མ་ཟད། ༢༠༡༦་ལོའི་ཨ་རིའི་སྲིད་འཛིན་འོས་འདེམས་སྐབས་དེར་ཨུ་རུ་སུའི་དྲྭ་ཇག་ཚོས་མིང་རྫུན་མའི་ཐོག་ཏུ་ངོ་དེབ་དང་དེ་མིན་གྱི་སྤྱི་ཚོགས་འབྲེལ་མཐུད་དྲྭ་རྒྱ་ཁག་ལ་དྲྭ་བྱང་སྒོ་ཕྱེ་སྟེ་ཨ་རིའི་སྲིད་འཛིན་འོས་འདེམས་ལ་ཐེ་གཏོགས། ཨུ་རུ་སུའི་ཆབ་སྲིད་ཀྱི་དགོས་མཁོ་ལྟར་ཨ་རིའི་སྤྱི་ཚོགས་སུ་སྲིད་འཛིན་འོས་འདེམས་ཀྱི་དྲིལ་བསྒྲགས་ལོག་པ་སྤེལ་ནས་ནུས་པ་ཆེན་པོ་ཐོན། ཨ་རིའི་གཞུང་གིས་ངོ་དེབ་བཟོ་ཚོང་ཁང་དང་དེ་མིན་གྱི་སྤྱི་ཚོགས་འབྲེལ་མཐུད་དྲྭ་རྒྱའི་བཟོ་ཚོང་ལས་ཁང་ཁག་ལ་ཞིབ་འཇུག་དང་གྲོས་ཚོགས་ཀྱིས་དེ་ལ་ཉན་ཞིབ་ཐེངས་འགའ་ཞིག་བྱས། དེས་ན་ངོ་དེབ་བཟོ་ཚོང་ཁང་སོགས་ཀྱིས་རྒྱ་ནག་དང་ཨུ་རུ་སུའི་དྲྭ་ཇག་ཚོས་མིང་རྫུན་མའི་ཐོག་ཏུ་དྲྭ་བྱང་ཁྲི་ཚོ་མང་པོ་སྒེ་ཕྱེ་ཡོད་པ་རྣམས་གཙང་དག་བྱ་དགོས་བྱུང་ཡོད་པ་རེད།།

ངོ་དེབ་བཟོ་ཚོང་ཁང་གི་བདེ་འཇགས་ཉམས་ཞིབ་པ་གྷེ་ལི་ཆཱེར་གྱིས་བཤད་པ་ལྟར་ན། རྒྱ་ནག་གི་དྲྭ་ཇག་དེ་ཚོས་སྐབས་འགར་ངོ་དེབ་ནང་དུ་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཡིན་ཁུལ་བྱས་ནས་ཡུ་གུར་བ་ཚོར་གྲོགས་པོ་བསྒྲིགས། ཡུ་གུར་བའི་རང་དབང་འཐབ་རྩོད་དང་འགྲོ་བ་མིའི་ཐོབ་ཐང་བཅས་ལ་གདུང་སེམས་མཉམ་སྐྱེད་ཡོད་པའི་མཆན་བྲིས་ནས་མགོ་སྐོར་གཏོང་གི་འདུག ང་ཚོས་འཛམ་གླིང་ཡོངས་སུ་ཡུ་གུར་བ་༥༠༠་ལས་ཉུང་བ་ཞིག་ལ་རྒྱ་ནག་གི་དྲྭ་ཇག་ཚོས་དྲྭ་དུག་གཏོང་ཐུབ་ཡོད་པ་རྩད་གཅོད་བྱུང་སོང་། མི་༥༠༠་ཐམ་པ་གྲངས་ཀ་ཉུང་ཉུང་ཞིག་ཡིན་རུང་མི་དེ་ཚོ་གཅིག་ནས་གཅིག་ལ་བརྒྱུད་དེ་འབྲེལ་བ་ཚུགས་ཡོད་པར་བསམ་བློ་བཏང་ན་རྒྱ་ནག་གི་གསང་ཉུལ་དང་ལྟ་རྟོག་གི་ནུས་པ་བསམ་ཡུལ་ལས་འདས་པ་ཞིག་རེད། གསང་ཉུལ་གྱི་མཉེན་ཆས་དེ་རྣམས་ངོ་དེབ་བརྒྱུད་ནས་མི་ཞིག་གི་གློག་ཀླད་དང་ཁ་པར་ནང་དུ་བསླེབ་ན་སྐད་ཆ་དང་པར་རིས། འཕྲིན་ཡིག་དང་བརྙན་ཐུང་སོགས་སྒེར་གྱི་གནས་ཚུལ་དང་བྱེད་སྒོ་མཐའ་དག་ལ་གསང་ཉུལ་བྱེད་ཐུབ། ང་ཚོས་ངོ་དེབ་ནང་དུ་བསླེབས་པའི་གསང་ཉུལ་གྱི་མཉེན་ཆས་མང་དག་ཅིག་མེད་པར་གཏོང་ཐུབ་ཡོད་ཀྱང་སྤྱི་ཚོགས་འབྲེལ་མཐུད་དྲྭ་ལམ་གཞན་གྱི་ནང་དུ་དཀའ་ངལ་གཅིག་མཚུངས་ཤིག་ཡོད་ཤས་ཆེ། ང་ཚོས་མཐོང་བ་དང་ཤེས་རྟོགས་ཐུབ་པ་ནི་དྲྭ་ལམ་དུ་གསང་ཉུལ་འབྱུང་གི་ཡོད་པ་དེའི་ཆ་ཤས་ཕྲ་མོ་ཞིག་རེད། ངོ་དེབ་བཟོ་ཚོང་ཁང་གིས་གསང་ཉུལ་གྱི་མཉེན་ཆས་ཡོད་པའི་དྲྭ་དུག་རྣམས་བརྒྱུད་བསྐུར་བྱེད་མི་ཐུབ་པ་དང་ཕབ་ལེན་བྱེད་མི་ཐུབ་པ། དྲྭ་དུག་དེ་རྣམས་ངོ་དེབ་དྲྭ་ལམ་ནས་བསུབས་ཏེ་དོ་བདག་སོ་སོར་ཉེན་བརྡ་བཏང་ཡོད་ཅེས་གསར་འགོད་གསལ་བསྒྲགས་སྤེལ། རྒྱ་ནག་གཞུང་གིས་དྲྭ་ཇག་ལ་རྒྱབ་སྐྱོར་དང་འབྲེལ་བ་འཛིན་གྱི་མེད། ཕྱི་རྒྱལ་གྱི་དྲྭ་ཇག་རྣམས་རྒྱ་ནག་གི་དྲྭ་ལམ་དུ་སིམ་འཛུལ་བྱས་ནས་གསང་བའི་གནས་ཚུལ་རྐུ་འཁྱེར་དང་གཏོར་བརླག ཁོ་ཚོས་རྒྱ་ནག་ལ་གསང་ཉུལ་བྱེད་ཀྱི་འདུག་ཅེས་ལན་འདེབས་བྱེད་ཀྱི་ཡོད་པ་རེད།།

རྒྱ་ནག་གཞུང་གིས་ངོ་དེབ་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་སྤྱི་ཚོགས་འབྲེལ་མཐུད་དྲྭ་རྒྱ་རྣམས་བཀག་འགོག་བྱེད་མི་ཐུབ་ཀྱང་ལྟ་རྟོག་བྱེད་ཐུབ་པའི་ཤུགས་སྣོན་རྒྱག་གི་ཡོད་པ་སྟེ། ཞིན་ཅང་ལ་འབྲེལ་བ་ཡོད་པའི་གནས་ཚུལ་རྣམས་དྲྭ་ལམ་དུ་རྒྱལ་སྤྱིའི་ཐོག་ཏུ་ཁྱབ་ཀྱི་ཡོད་པ་ནི་རྒྱ་ནག་གི་བདེ་འཇགས་དང་མངའ་ཁོངས་གོང་བུ་གཅིག་གྱུར་བཅས་ལ་འབྲེལ་བ་ཡོད་པ་ཞིག་ཡིན་ཞེས་བསྒྲགས། དཔེར་ན་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ས་ཡ་༢་ཡས་མས་ཤིག་བཀག་ཉར་ཁང་དུ་བཅུག་སྟེ་ཆབ་སྲིད་ཀྱི་བསམ་བློའི་སློབ་གསོ་གཏོང་བ་དང་ངལ་རྩོལ་བཙན་བཀོལ། ཡུ་གུར་བའི་བུད་མེད་ཚོར་བཀག་ཉར་ཁང་དུ་བཙན་གཡེམ་དང་སྐྱེས་སྒོ་རྩ་གཅོད་བྱེད་ཀྱི་ཡོད་པའི་གནས་ཚུལ་རྣམས་ཁ་པར་དང་སྐད་འཕྲིན་སོགས་བརྒྱུད་ནས་ངོ་དེབ་དང་ཊོས་ཊར། ཡུ་ཊུབ་སོགས་སྤྱི་ཚོགས་འབྲེལ་མཐུད་དྲྭ་རྒྱ་ཁག་ལ་ཁྱབ་ཀྱི་ཡོད་ཅིང་། དེང་སྐབས་ཨ་མི་རི་ཀས་རྒྱ་ནག་གིས་ཞིན་ཅང་ལ་མི་རིགས་གཙང་སེལ་དང་འགྲོ་བ་མི་ལ་འཚེ་རྒོལ་བྱེད་ཀྱི་འདུག་ཅེས་ཉེས་འཛུགས་བྱེད་ཀྱི་ཡོད་པ་ཕྱི་ལོགས་ཀྱི་ཡུ་གུར་བ་ཚོས་དྲྭ་ལམ་དུ་ཞིན་ཅང་གི་གནས་ཚུལ་ཁྱབ་སྤེལ། ཁོ་ཚོས་ངོ་དེབ་སོགས་སྤྱི་ཚོགས་འབྲེལ་མཐུད་དྲྭ་ལམ་དུ་རྒྱ་ནག་ལ་ངོ་རྒོལ་དང་རྒྱལ་སྤྱིའི་ཐོག་ཏུ་ཞིན་ཅང་ལ་རྒྱབ་སྐྱོར་བཙལ་ནས་སྟོབས་ཤུགས་རྒྱ་སྐྱེད། ཞིན་ཅང་གི་ལས་འགུལ་རྒྱ་ཆེན་པོ་ཞིག་དྲྭ་ལམ་དུ་སྤེལ་གྱི་ཡོད་པས་རྒྱ་ནག་གཞུང་གིས་བཀག་འགོག་བྱ་རྒྱུ་གནད་དུ་བརྩིས། ཞིན་ཅང་གི་ཡུ་གུར་བ་ཚོས་དྲྭ་ལམ་བརྒྱུད་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཤུགས་རྐྱེན་ཅི་ཙམ་ཐེབས་ན་རྒྱ་ནག་གཞུང་གིས་དེ་ཙམ་གྱིས་བློ་འཚབ་བྱས་ནས་དྲྭ་ལམ་གྱི་ལས་འགུལ་དེར་གཏོར་བརླག་བྱ་རྒྱུ་ཆོས་ཉིད་རེད་ཅེས་དྲྭ་ལམ་བདེ་འཇགས་ཉམས་ཞིབ་པ་ཚོས་བཤད་འདུག

ཞིན་ཅང་གི་ཡུ་གུར་བའི་ཚོགས་སྡེ་ཁག་གིས་ངོ་དེབ་སོགས་སྤྱི་ཚོགས་འབྲེལ་མཐུད་དྲྭ་ལམ་དུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་ཞིན་ཅང་གི་བཀག་ཉར་ཁང་དེ་དག་གི་ནང་དུ་མི་རྣམས་ལྕགས་ཐག་གིས་ཉལ་ཁྲིར་བཏགས་ནས་བཅུག་ཡོད་པ་དང་སྒོ་དང་སྒེའུ་ཁུངས་སོགས་ལ་ལྕགས་དྲྭ་བརྒྱབ། པེ་ཅིང་གི་དབང་འཛིན་པ་ཚོས་ཞིན་ཅང་གི་བཀག་ཉར་ཁང་རེད་ཟེར་བ་དེ་རྣམས་ལག་ཤེས་དང་སྐད་ཡིག རིག་གནས་གསར་པའི་སློབ་གྲྭ་ཡིན། འཇིགས་སྐུལ་རིང་ལུགས་དང་ཁ་བྲལ་རིང་ལུགས། མཐའ་ལྷུང་རིང་ལུགས་བཅས་ཀྱི་ཤན་ཞུགས་ངན་པ་ཐེབས་ནས་ལམ་ལོག་ཏུ་འཕྱན་པའི་ཡུ་གུར་བ་རྣམས་ལ་འཚོ་བའི་མདུན་ལམ་གསར་པ་ཞིག་སྐྲུན་གྱི་ཡོད་ཅེས་བཀྲལ། ཡིན་ནའང་ཡུ་གུར་བ་ཚོས་ཁ་པར་དང་སྐད་འཕྲིན། ངོ་དེབ་སོགས་ཀྱི་ནང་དུ་བཀྲམ་པའི་བཀག་ཉར་ཁང་གི་ཡུ་གུར་བ་དེ་དག་གི་གྲས་སུ་གདོང་ཁེབས་གྱོན་པའི་བུད་མེད་དང་ཁ་སྤུ་རིང་པོ་བཞག་པའི་སྐྱེས་པ། ཡུ་གུར་བའི་ཤེས་ཡོན་ཅན་དང་སྒྱུ་རྩལ་བ། སྐད་ཡིག་དང་ལག་ཤེས། རིག་གནས་གསར་པ་བསླབས་ཏེ་འཚོ་བའི་མདུན་ལམ་བསྐྲུན་མི་དགོས་པའི་མི་རྣམས་བཅུག་ཡོད་པ་ར་འཕྲོད་ཐུབ། རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བའི་རིག་གཞུང་དང་མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་བའི་སྲིད་ཇུས་སྐྱི་གཡའ་བ་ཞིག་ལག་ལེན་བསྟར་གྱི་ཡོད་པ་དེ་ལ་བལྟས་ཚེ། ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་སུ་མི་རིགས་གཙང་སེལ་གྱི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་པའི་ཉེས་འཛུགས་བྱས་པ་རྒྱུ་མཚན་ལྡན་པ་ཞིག་རེད་ཅེས་ཨ་རིའི་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་འདུག

XS
SM
MD
LG