ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༥/༠༥/༠༡

རྒྱ་ནག་གི་ལྐོག་ཟ་དང་མི་མང་གི་སེམས་ཁྲལ།


ཕྱི་ཟླ་༡༡་ཚེས་༨་ནས་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༡༨་པ་འཚོགས་རྒྱུ་དང་། ད་ལོའི་ཚོགས་ཆེན་ཐོག་ཏུ་རྒྱ་ནག་སྲིད་འཛིན་ཧུ་ཅིན་ཐའོ་དང་སྲིད་བློ་ཆེན་ཝུན་ཅ་པའོ། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཚོགས་གཙོ་ཝུ་པང་གོ་སོགས་གུང་ཁྲན་ཏང་གི་མི་རབས་བཞི་བའི་འགོ་ཁྲིད་བགྲེས་ཡོལ་ལ་འགྲོ་རྒྱུ་དང་། ཞིན་ཅིན་ཕིང་གིས་འགོ་ཁྲིད་པའི་རྒྱ་ནག་དམར་ཤོག་གི་མི་རབས་ལྔ་བའི་འགོ་ཁྲིད་ཚོས་སྲིད་དབང་འཛིན་གྱི་ཡོད་ཀྱང་། རྒྱ་ནག་མི་དམངས་ལ་གཞུང་གི་འགོ་ཁྲིད་ཚོ་ལྐོག་ཟ་རུལ་སུངས་སུ་གྱུར་ཏེ་ཁྲིམས་འགལ་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གི་དཔལ་འབྱོར་སྒྱུར་བཅོས་ཁྲོད་དུ་མི་མང་དབུལ་ཕྱུག་གི་ཁྱད་པར་ལོ་རེ་བཞིན་ཇེ་ཆེར་འགྲོ་བཞིན་པ་མ་ཟད། རྒྱ་ནག་གི་ཁྲོམ་རའི་ནང་དུ་ཚོང་འགྲེམ་བྱེད་བཞིན་པའི་ཟས་རིགས་ལ་དུག་རྫས་དང་སྨན་སྣ་འདྲ་ཞིག་བསྲེས་ཏེ་མི་དམངས་ལ་ཟས་དུག་ཕོག་ནས་འཆི་སྐྱོན་དང་ནད་མནར་འབྱུང་རྒྱུ་ཇེ་མང་དུ་འགྲོ་བཞིན་པ་དེར་བློ་ཚབས་བྱེད་མཁན་མང་དུ་འགྲོ་ཡི་ཡོད་པ་རེད། དེ་ཡང་ཨ་མི་རི་ཀའི་ཕིའུ་ཞིབ་འཇུག་ཁང་གིས་རྒྱ་ནག་མི་དམངས་ལ་སྐད་ཆ་དྲིས་པའི་གྲུབ་འབྲས་ཕྱིར་བསྒྲགས་བྱས་པ་ལྟར་ན། རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོར་འཕོ་འགྱུར་སོང་སྟེ་གུང་ཁྲན་ཏང་ལ་ཕྱི་ཚུལ་ཙམ་དུ་འགྱུར་བ་ཐེབས་རྒྱུ་དང་། རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཡོངས་ཀྱི་ཆ་ནས་ཡར་རྒྱས་འགྲོ་བཞིན་ཡོད་པའི་རྣམ་པ་ཞིག་ཐོན་རུང་། རྒྱ་ནག་ལ་མི་མང་དབུལ་ཕྱུག་གི་ཁྱད་པར་ཇེ་ཆེར་འགྲོ་བ་དང་ཟས་སོང་གི་རིན་གོང་འཕར་པ། བཟོ་གྲྭ་དང་འཛུགས་སྐྲུན་གྱི་ལས་གཞི་ཁག་གིས་མི་མང་གི་འཐུང་ཆུ་དང་མཁའ་རླུང་འབག་བཙོག་བྱས་པ་དང་། རྒྱ་ནག་གི་རིམ་པ་ཁག་གི་འགོ་ཁྲིད་ཚོས་ལྐོག་ཟ་དང་ཁྲིམས་འགལ་བྱེད་རྒྱུ་ཚད་ལས་བརྒལ་ཡོད་པ་དེ་ནི། གུང་ཁྲན་ཏང་གི་འགོ་ཁྲིད་གསར་པ་ཚོས་གདོང་ལེན་བྱེད་དགོས་པའི་གནད་དོན་ཚབས་ཆེན་ཞིག་ལ་འགྱུར་རྒྱུ་རེད་ཅེས་རྒྱ་ནག་གི་མི་མང་སྐད་ཆ་འདྲི་ས་དེ་དག་གིས་སོ་སོའི་བསམ་ཚུལ་བཤད་ཡོད་པ་རེད། ཨ་མི་རི་ཀའི་ཕིའུ་ཞིབ་འཇུག་ཁང་གིས་སྐད་ཆ་འདྲི་ས་མི་མང་དེ་དག་གི་བརྒྱ་ཆ་༡༡་གིས་གཞུང་གི་འགོ་ཁྲིད་ཚོ་ལྐོག་ཟ་རུལ་སུངས་ལ་གྱུར་པ་དཀའ་ངལ་ཆེན་པོ་ཞིག་རེད་ཟེར་པ་དང་། མི་མང་སྐད་ཆ་འདྲི་ས་གསུམ་ཆའི་གཅིག་གིས་རྒྱ་ནག་གི་ཚོང་པ་ཚོས་སྤྱི་ཚོགས་ཧྲིལ་བོ་རུལ་སུངས་སུ་སྒྱུར་བཞིན་འདུག་ཅེས་བཤད་ཡོད་ཅིང་། རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཚོས་རང་གི་གོ་གནས་དང་དབང་ཆ་བེད་སྤྱོད་ལོག་པ་བཏང་སྟེ་ལྐོག་ཟ་བྱས་ཏེ། ཁོ་ཚོའི་བུ་རབས་ཚ་རྒྱུད་ཀྱིས་རླངས་འཁོར་མགྱོགས་པོ་བཏང་སྟེ་མི་བསད་ནས་ཁྲིམས་འགལ་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གི་རིམ་པ་ཁག་གི་འགོ་ཁྲིད་ཚོས་རང་གི་ཡོང་འབབ་གློ་ཕོགས་ཀྱིས་ཉོ་ཐུབ་ཐབས་མེད་པའི་ཆུ་ཚོད་གོང་ཆེན་དང་རྒྱན་ཆ་རྩ་ཆེན་འདོགས་པ། ཁོ་ཚོའི་གྱོན་གོས་ཀྱང་མིང་གྲགས་ཅན་ཤ་སྟག་ཡིན་པ་དེར་རྒྱ་ནག་མི་མང་གིས་སྡང་ཟུག་ཆེན་པོ་བྱེད་ཀྱི་ཡོད་པ་དང་། མི་མང་ཁག་ཅིག་གིས་རྒྱ་ནག་གི་ཁྲོམ་རའི་ནང་དུ་ཚོང་འགྲེམ་བྱེད་པའི་ཟས་རིགས་ལ་དུག་རྫས་དང་སྨན་སྣ་འདྲ་ཞིག་བསྲེས་ཡོད་པས། མི་མང་གི་བདེ་ཐང་ལ་གནོད་ཚབས་ཆེན་པོ་འབྱུང་གི་ཡོད་པ་སེལ་ཐབས་བྱ་རྒྱུ་གནད་འགག་ཆེན་པོ་ཡིན་ཟེར་གྱི་ཡོད་པ་དང་། རྒྱ་ནག་མི་མང་ཁག་ཅིག་གིས་བོད་དོན་དང་ཐེ་ཝན་གྱི་གནད་དོན་ཐོག་ཏུ་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ་སྡུག་ཏུ་འགྲོ་སྲིད་ཅེས་བསམ་ཚུལ་བཤད་འདུག ཡང་མི་མང་སྐད་ཆ་འདྲི་ས་བརྒྱ་ཆ་༦༨་གྱིས་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ་དེ་མཉམ་འབྲེལ་དང་འབྲེལ་བ་བཟང་པོ་ཞིག་མ་རེད་ཅེས་ལྟ་ཚུལ་བརྗོད་ཀྱང་། མི་མང་སྐད་ཆ་འདྲི་ས་ཕྱེད་ཀ་ལྷག་གིས་ཨ་མི་རི་ཀའི་རང་དབང་དང་དམངས་གཙོ། ཁྲིམས་ཀྱིས་སྐྱོང་བའི་ལམ་ལུགས་དང་རང་འགོད་རང་དབང་བཅས་ལ་དགའ་མོས་ཡོད་ཅེས་ལན་འདེབས་བྱས་ཡོད་པ་དང་། ལྷག་པར་དུ་དེང་རབས་ཀྱི་ཤེས་ཡོན་སློབ་སྦྱོང་ཐོབ་པ་དང་ཁྱིམ་ཚང་འབྱོར་ལྡན་གྱི་བུ་ཕྲུག་ཚོས་ཨ་མི་རི་ཀའི་ཚན་རིག་ལག་རྩལ་དང་འཕྲུལ་རིག་ཡར་རྒྱས། ཨ་མི་རི་ཀའི་གསར་གཏོད་ཀྱི་སྙིང་སྟོབས་ལ་ཡིད་སྨོན་བྱས་ཏེ། ད་ལྟ་འཛམ་གླིང་གང་སར་ཨ་མི་རི་ཀའི་རིག་གནས་ཀྱིས་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་ཀྱི་ཡོད་པ་བཟང་ཕྱོགས་ཀྱི་གནས་ཚུལ་ཞིག་རེད་ཅེས་ལན་འདེབས་བྱས་ཡོད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG