ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་ནག་པ་ཚོས་ཐེམ་ཐོ་བོད་ལ་བསྒྱུར་ཆོག་པ་དང་བོད་པ་ཚོས་བློ་འཚབ།


༄༅།། དེང་སང་རྒྱ་ནག་ནས་རྒྱ་མི་རྣམས་བོད་ལ་གནས་སྤོར་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་བོད་ནང་གི་བོད་པ་ཚོར་བོད་ཡུལ་དེ་ཉིད་རྒྱ་ཡུལ་དུ་འགྱུར་རྒྱུའི་ཉེན་ཁ་ཡོད་པའི་བློ་འཚབ་འབྱུང་གི་འདུག་ཅེས་གནས་ཚུལ་ཐོན་འདུག དེ་ཡང་ཕྱི་ཟླ་༡་པའི་ཚེས་༢༧་ཉིན་མིང་དངོས་སུ་བརྗོད་འདོད་མེད་པའི་འབྲེལ་ཡོད་མི་སྣ་ཞིག་གིས་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ལྷ་སའི་ཁུལ་དུ་ཉིན་ལྟར་ལྷ་སའི་སྤྱི་བདེ་ལས་ཁུངས་སུ་ཐེམ་ཐོ་སྒྱུར་མཁན་རྒྱ་མི་མང་པོ་ཡོང་གི་འདུག དེའི་རྒྱུ་མཚན་ནི་སྔོན་ཆད་རྒྱ་ནག་གིས་ཐེམ་ཐོ་བསྒྱུར་རྒྱུ་དེར་དུས་ཚོད་རིང་པོ་འགོར་བ་དང་དཀའ་ངལ་མང་པོ་ཡོད་པས་ཐེམ་ཐོ་བསྒྱུར་རྒྱུ་ལས་སླ་པོ་ཞིག་མ་རེད་ཅེས་བཤད།།

ཁོང་གིས་ལོ་ཁ་ཤས་གོང་ནས་ཐེམ་ཐོ་བསྒྱུར་རྒྱུ་དེ་སྟབས་བདེ་རུ་བཏང་སྟེ་༢༠༢༡་གི་ལོ་མཇུག་ནས་རྒྱ་ནག་གི་ཞིང་ཆེན་ཁག་ནས་བོད་ལ་ཐེམ་ཐོ་བསྒྱུར་དགོས་ན་སོ་སོའི་ས་གནས་དང་ཐེམ་ཐོ་བསྒྱུར་ཡུལ་གཉིས་ཀྱིས་ངོས་ལེན་ཐོབ་རྗེས་ཡིག་ཆ་དང་ཡུལ་མིའི་ཐོབ་ཐང་དཔང་ཡིག་བསྟན་ན་འགྲིག་གི་འདུག ལྷ་སའི་སྣེའུ་ཁུལ་སྤྱི་བདེ་ལས་ཁུངས་ཀྱི་ཐེམ་ཐོ་བསྒྱུར་སའི་ལས་ཁུངས་ལ་ཉིན་ལྟར་ཐེམ་ཐོ་སྒྱུར་མཁན་མི་མང་པོ་བང་སྒྲིག་ནས་བསྡད་འདུག དེ་ཚོའི་གྲས་ཀྱི་མི་བརྒྱ་ཆ་༨༠་ནས་༩༠་ཙམ་རྒྱ་ནག་གི་ས་གནས་ཁག་ནས་བོད་ལ་གནས་སྤོར་བྱེད་མཁན་རྒྱ་མི་རྣམས་རེད། ཐེམ་ཐོ་བསྒྱུར་རྒྱུའི་ལས་གཞི་ནི་༢༠༢༡་གི་ཕྱི་ཟླ་༡༡་པ་ནས་འགོ་ཚུགས་སོང་། བོད་པ་ཚོའི་ལས་ཀའི་གོ་སྐབས་རྣམས་རྒྱ་མི་ལ་ཤོར་ཏེ་སློབ་གྲྭ་ཐོན་ཡང་ལས་ཀ་མ་རག་་པར་ལུས་ཡོད་པའི་བོད་པ་གཞོན་སྐྱེས་མང་པོ་འདུག ད་དུང་མུ་མཐུད་དུ་འདི་ལྟར་ཕྱིན་ན་བོད་ཡུལ་ནི་རྒྱ་ཡུལ་ལ་འགྱུར་རྒྱུའི་ཉེན་ཁ་ཆེན་པོ་འདུག་ཅེས་འགྲེལ་བརྗོད་གནང་འདུག

དེང་སྐབས་བཞུགས་སྒར་རྡ་རམ་ས་ལར་གནས་འཁོད་བོད་དོན་འཐབ་རྩོད་པ་ཚེ་རིང་ཟླ་བ་ནི་༢༠༢༠་ལོར་བོད་ནས་རྒྱ་གར་ལ་བཙན་བྱོལ་དུ་འབྱོར། ཁོང་གིས་སྔོན་ཆད་ལྷ་སར་རྒྱ་ནག་གི་ཀྲུང་གོའི་དངུལ་ཁང་དུ་ལོ་བརྒྱད་ལ་ཆེད་ལས་བསྒྲུབས། དེའི་རྗེས་སུ་ལྷ་སའི་རྒྱ་གཞུང་གི་ས་ཁང་ལས་ཁུངས་སུ་ལས་དོན་བསྒྲུབས་མྱོང་ཡོད་ཅིང་། ཁོང་གིས་ལྷ་སར་ཁང་པ་དང་ལས་ཀ་ཡོད་ན་མ་གཏོགས་ཐེམ་ཐོ་བསྒྱུར་ཐུབ་མེད་ཀྱི་མེད་ཀྱང་ད་ལྟ་ཐེམ་ཐོ་བསྒྱུར་འདོད་ཡོད་ན་ཆ་རྐྱེན་དེ་ཚོ་དགོས་ཀྱི་མི་འདུག་ཅེས་བཀྲལ།།

༢༠༢༡་གི་ཕྱི་ཟླ་༡༡་པའི་ཚེས་༡༡་ཉིན་བོད་ལྗོངས་རླུང་འཕྲིན་ཁང་གི་བོད་ལྗོངས་འཕྲིན་དྲ་བ་ཞེས་པའི་གཞུང་འབྲེལ་དྲ་ཚིགས་སུ་ཉིན་ཤས་གོང་དེར་བོད་རང་ལྗོངས་ཀྱིས་ཟི་ཁྲོན་དང་ཁྲུང་ཆིང་། ཀུད་ཀྲུའུ་བཅས་རྒྱ་ནག་གི་ཞིང་ཆེན་ཁག་ལ་ཐེམ་ཐོ་སྤོ་འགྱུར་བའི་ལས་དོན་དངོས་སུ་སྤེལ་འགོ་ཚུགས་པ་རེད་ཅེས་གནས་ཚུལ་སྤེལ། ལྷ་ས་གྲོང་ཁྱེར་གྱི་གྲྭ་བཞི་མངགས་གཏོང་ཁང་དུ་ཞིང་ཆེན་བརྒལ་ནས་ཐེམ་ཐོ་སྒྱུར་མཁན་རྒྱ་མི་ཤུས་ཟེར་བ་ཞིག་གིས་ཕྲུ་གུའི་ཐེམ་ཐོ་བསྒྱུར་ཏེ་ཐེམ་ཐོ་ལག་ཏུ་རག་རྗེས་དགའ་ཚོར་ཆེན་པོས་རྒྱ་ནག་གི་ཞིང་ཆེན་ཁག་ནས་བོད་ལ་ཐེམ་ཐོ་བསྒྱུར་རྒྱུ་སྟབས་བདེ་པོ་རེད་ཅེས་བསྔགས་བརྗོད་ཚད་མེད་ཞུས། མི་དེས་དེ་རིང་སྟབས་བདེ་པོ་བྱུང་། འགྲོ་ཐེངས་གཅིག་ལ་ལས་ཀ་ཚང་མ་གྲུབ་སོང་། ཞིང་ཆེན་བརྒལ་ནས་ལས་སྒོ་གཉེར་བ་དེས་ང་ཚོ་མང་ཚོགས་ལ་སྟབས་བདེ་ཆེན་པོ་འདུག་ཅེས་བཤད་པའི་གནས་ཚུལ་ལུང་འདྲེན་བྱས་འདུག་པ་བཅས་ཀྱི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG