༄༅།། ལོ་ན་༤༩་ལ་སོན་པའི་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་དབྱང་ཝེ་ཕྱི་ལོ་༢༠༠༣་ལོར་ཁེ་ན་ཌའི་གཏན་སྡོད་གཞིས་ཆགས་པར་གྱུར། ཉེ་ཆར་ཕྱི་ཟླ་༨་པའི་ཚེས་༢༨་ཉིན་ཁེ་ན་ཌའི་གཞུང་གིས་དབྱང་ཝེ་རྒྱ་ནག་ལ་ཕྱིར་སློག་བྱས་ཤིང་། དབྱང་ཝེའི་བཟའ་མི་དང་ཉེ་གཉེན་ཚོས་ཁོ་པ་རྒྱ་ནག་ལ་ཕྱིར་སློག་བྱས་ན་༡༩༨༩་ལོའི་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ལ་ཞུགས་ཡོད་པས་རྒྱ་ནག་གཞུང་གིས་དབྱང་ཝེ་ལ་བཙོན་འཇུག་གི་ཉེས་ཁྲིམས་ལྕི་མོ་གཅོད་སྲིད་ཅེས་སྲིད་པའི་བློ་འཚབ་བྱེད་ཡོད་པ་དང་། ཉེ་ཆར་རྒྱ་ནག་གི་ཆབ་སྲིད་ལྟ་བ་མི་མཐུན་པ་སྐད་གྲགས་ཅན་ལིའོ་དབྱི་ཡུས་དབྱང་ཝེ་ལ་རྒྱབ་སྐྱོར་གྱི་རྩོམ་ཡིག་ཅིག་བྲིས་ནས་ཁེ་ན་ཌའི་གཞུང་གིས་དབྱང་ཝེ་རྒྱ་ནག་ལ་ཕྱིར་སློག་བྱས་པར་སྐྱོན་བརྗོད་བྱས་འདུག ཁེ་ན་ཌའི་གཞུང་གི་བདེ་འཇགས་ཉེན་རྟོག་ལས་ཁུངས་ཀྱིས་བརྗོད་དོན་ལྟར་ན་ དབྱང་ཝེས་ཁེ་ན་ཌར་སྐྱབས་བཅོལ་ཞུས་ཏེ་གཏན་སྡོད་གཞིས་ཆགས་པར་གྱུར་པའི་རིང་སྟེ། ཕྱི་ལོ་༢༠༠༦་ནས་༢༠༡༠་བར་ཤག་རོགས་ཤིག་ལ་ཁུ་ཚུར་གཞུས་ནས་རྡུང་རྡེག་བཏང་བ་དང་ལག་ཐོགས་ཁ་པར་འཚོང་མཁན་ཞིག་ལ་གྲི་བསྟན་ནས་སྡིགས་ར་བསྐུལ་བ། རླངས་འཁོར་ཁ་ལོ་བ་ཞིག་གི་སྟེང་དུའང་གྲི་བཏོན་ནས་འཇིགས་སྐུལ་བྱས་པ་སོགས་ཁྲིམས་འགལ་དང་དྲག་སྤྲོད་སྤེལ་བའི་བྱས་ཉེས་རིམ་པ་ཞིག་བསགས་འདུག ཁེ་ན་ཌའི་བཙོན་ཁང་ཞིག་གིས་དབྱང་ཝེ་ཁྲིམས་འགལ་བ་ཉེན་ཚབས་ཅན་ཞིག་རེད། ཁོ་པས་བཙན་དྲག་གིས་གཏོར་རྒོལ་བྱས་པ་དང་ཉེན་ཚབས་ཅན་གྱི་མཚོན་ཆ་ཉར་འཛིན་བྱས་པའི་གྱོད་གཞིའི་འོག་ཏུ་ལོ་བཞི་ལྷག་ལ་བཙོན་འཇུག་གི་ཁྲིམས་ཐག་བཅད་ཅིང་། ཁེ་ན་ཌའི་ཁྲིམས་ལུགས་ལྟར་ཁྲིམས་འགལ་བ་ཉེན་ཚབས་ཅན་རྣམས་གཏན་སྡོད་གཞིས་ཆགས་པའི་དུས་དེར་རང་གི་རྒྱལ་ཁབ་ཁག་ལ་ཕྱིར་སློག་བྱེད་ཆོག་གི་ཡོད་པ་རེད། ༢༠༠༧་ལོར་ཁེ་ན་ཌའི་ཕྱི་མི་གཞིས་ཆགས་དང་སྐྱབས་བཅོལ་བ། སྤྱི་དམངས་དོ་དམ་འགན་འཛིན་ལྷན་ཁང་གིས་དབྱང་ཝེ་ནི་ཁེ་ན་ཌའི་མང་ཚོགས་ལ་ད་ལྟ་དང་མ་འོངས་གཉིས་ཀར་གནོད་འཚེ་བྱ་སྲིད་པའི་ཉེན་ཚབས་ཅན་ཞིག་ཡིན་པའི་ཁྲིམས་གཅོད་བྱས་མོད། འོན་ཀྱང་ཁེ་ན་ཌའི་ས་མཚམས་དོ་དམ་ལས་ཁང་གི་མགྲིན་ཚབ་པས་ཁེ་ན་ཌའི་གཞུང་གིས་ཕྱིར་ཕུད་གཏོང་རྒྱུའི་བཀའ་ཁྱབ་ཐོན་པ་ཚོར་ཁྲིམས་ལུགས་ལྟར་བསྐྱར་དུ་ཞུ་གཏུགས་བྱེད་ཆོག་ཐོབ་ཐང་ཡོད། སྐྱེ་བོ་ཕྱིར་ཕུད་ཀྱི་བཀའ་ཁྱབ་ཁག་ལ་འབྲེལ་ཡོད་ལས་ཁུངས་རིམ་པས་བསྐྱར་ཞིབ་དང་ཞུ་གཏུགས་བྱ་དགོས་ཞེས་བཤད་འདུག ༡༩༨༩ ལོར་རྒྱ་ནག་ལ་གནམ་བདེ་སྒོ་མོ་ཆེའི་ཐང་དུ་སློབ་ཕྲུག་ན་གཞོན་ཚོས་སྣེ་ཁྲིད་པའི་དམངས་གཙོའི་ལས་འགུལ་ལངས། རྒྱ་ནག་དམར་པོའི་སྲིད་གཞུང་གི་བཀའ་བཀོད་ལྟར་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གིས་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ལ་ཞུགས་པའི་སློབ་ཕྲུག་ཚོར་གདུག་རྩུབ་ཆེན་པོས་དྲག་གནོན་བྱས་ཏེ་མི་བརྒྱ་ཕྲག་མང་པོ་དམར་གསོད་བྱུང་ཞིང་། སྐབས་དེར་དབྱང་ཝེ་ན་གཞོན་སེམས་ཤུགས་ཅན་ཞིག་ཡིན་པར་མ་ཟད། དབྱང་ཝེའི་གྲོགས་པོ་ཧྲེང་ཤུའེ་ཡིས་བརྗོད་དོན་ལྟར་ན་རྒྱ་ནག་ལ་དམངས་གཙོའི་ལས་འགུལ་ལངས་པ་དེའི་སྐབས་སུ་དབྱང་ཝེས་རྒྱ་ནག་དམར་པོའི་སྲིད་དབང་མགོ་རྟིང་སློག་དགོས་ཞེས་ངོ་རྒོལ་གྱེན་ལངས་བྱ་དགོས་པའི་འབོད་ཚིག་འཁོད་པའི་ཡིག་ཆ་འགྲེམ་སྤེལ་བྱས་པས་རྒྱ་ནག་གཞུང་གིས་དབྱང་ཝེ་ལ་ལོ་གསུམ་གྱི་བཙོན་འཇུག་གི་ཁྲིམས་ཐག་བཅད། དབྱང་ཝེ་བཙོན་འགྲོལ་ཐོབ་པའི་རྗེས་སུ་དམངས་གཙོ་དོན་གཉེར་བའི་ཚོགས་པའི་ཁོངས་སུ་ཞུགས། དེ་ནས་ཕྱི་ལོ་༡༩༩་ལོར་རྒྱ་ནག་ནས་གསང་ཐབས་ཀྱིས་བྲོས་ཏེ་དཀའ་ངལ་རིམ་པ་ཞིག་བརྒྱུད་ནས་མཐའ་མཇུག་ཁེ་ན་ཌར་འབྱོར། ཁོ་པས་ཁེ་ན་ཌར་སྲིད་དོན་སྐྱབས་བཅོལ་ཞུས་པ་དང་གཏན་སྡོད་གཞིས་ཆགས་པའི་ཐོབ་ཐང་རག་པ་ཡོད་པ་རེད། ཁེ་ན་ཌའི་གཞུང་གིས་དབྱང་ཝེ་ཕྱིར་སློག་བྱས་པ་ནི་ལོ་འདིར་ཁེ་ན་ཌའི་གཞུང་གིས་རྒྱ་ནག་གི་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་གི་དཔལ་འབྱོར་སྤྱི་ཁྱབ་འགན་འཛིན་མེན་ཝན་ཀྲུག་འཛིན་བཟུང་བྱས་པ་དང་། རྒྱ་ནག་གིས་དེ་ལ་ལན་པ་སློག་པའི་ཆེད་དུ་ཁེ་ན་ཌའི་སྤྱི་དམངས་ཁོབ་རཱིག་དང་སི་པ་ཝྭོར་གཉིས་གཉིས་འཛིན་བཟུང་བྱས་ཤིང་། དེ་བཞིན་ཁེ་ན་ཌའི་ཟས་རིགས་ཁག་ཅིག་ཀྱང་རྒྱ་ནག་གིས་ནང་འདྲེན་བྱེད་ཀྱི་ཡོད་པ་བཀག་འགོག་བྱས་ནས་རྒྱ་ནག་དང་ཁེ་ན་ཌའི་འཁོན་འཛིན་ཆེ་རུ་འགྲོ་བཞིན་པའི་སྐབས་འདིར་དབྱང་ཝེ་རྒྱ་ནག་ལ་ཕྱིར་སློག་བྱས་པའི་གནས་ཚུལ་འདི་བྱུང་ཡོད་པ་རེད།།