ངོ་འཕྲད་བདེ་བའི་དྲ་འབྲེལ།

ཆུག་ཙི་མཱིང་གིས་རྒྱ་དཀར་ནག་གི་འཁྲུག་རྩོད་གླེང་ནས་བཙོན་དུ་ཚུད་པ། 


༄༅།། རྒྱ་ནག་གི་དྲྭ་ལམ་རྩོམ་པ་པོ་གྲགས་ཅན་ཆུག་ཙི་མཱིང་གིས་སྔ་ལོ་ཧིན་བོད་ས་མཚམས་སུ་རྒྱ་དཀར་ནག་གི་དམག་དཔུང་ཁག་ཅིག་ལག་འཛིང་ཐུག་སྟེ་ཕྱོགས་གཉིས་ཀར་མི་གསོད་ཁྲོག་སྦྱོར་གྱི་གནས་ཚུལ་བྱུང་བ་སོགས་ལ་རྩོམ་ཡིག་མང་དག་ཅིག་བྲིས། ལོ་ན་༣༨་ལ་སོན་པའི་དྲྭ་ལམ་རྩོམ་པ་པོ་དེས་རྒྱ་ནག་གཞུང་གིས་ན་ནིང་ཕྱི་ཟླ་༦་པར་ཧིན་བོད་ས་མཚམས་ཀྱི་གྷལ་ཝན་ལུང་གཤོང་དུ་རྒྱ་དཀར་ནག་གི་དམག་དཔུང་ཁག་ཅིག་གདོང་ཐུག་བྱུང་སྟེ་རྒྱ་དམག་བཞི་ལ་སྲོག་སྐྱོན་བྱུང་སོང་ཞེས་བསྒྲགས་ཀྱང་དོན་དངོས་སུ་རྒྱ་དམག་དེ་ལས་མང་བ་ཞིག་ལ་སྲོག་སྐྱོན་བྱུང་ཡོད་ཤས་ཆེ། ཐེངས་དེར་རྒྱ་དམག་གི་བཀོད་འདོམས་པར་སྲོག་སྐྱོན་མ་བྱུང་བ་ནི་ཁོ་པ་གོ་གནས་མཐོ་ཤོས་ཡིན་པའི་སྟབས་ཀྱིས་རེད་ཅེས་རྒྱ་ནག་གི་དམག་དཔོན་རྣམས་འཐབ་འཁྲུག་ལ་ཞུགས་ཕོད་ཀྱི་མེད་པའི་གོ་དོན་འདུས་པའི་རྩོམ་ཡིག་བྲིས། དེ་རིང་ཕྱི་ཟླ་༦་པའི་ཚེས་༡་ཉིན་རྒྱ་ནག་ཤར་ཕྱོགས་སུ་ཆགས་པའི་ནན་ཅིང་གྲོང་ཁྱེར་གྱི་ཁྲིམས་ཁང་ཞིག་གིས་སྔོན་གཤེགས་དཔའ་བོར་མཚན་སྨད་ཞུ་མི་ཆོག་པའི་ཉེས་ཁྲིམས་ལྟར་རྩོམ་པ་པོ་ཆུག་ཙི་མཱིང་ཟླ་བ་༨་ལ་བཙོན་འཇུག་བྱ་དགོས། ཁོ་པས་ཉི་མ་བཅུའི་ནང་ཚུད་དུ་ཡོངས་གྲགས་སུ་བཟོད་གསོལ་ཞུ་དགོས། ཆུག་ཙི་མཱིང་གིས་ལོ་འདིའི་ཕྱི་ཟླ་༣་པའི་ཚེས་༡་ཉིན་རྒྱ་ནག་གི་དབུས་བརྙན་འཕྲིན་ནང་དུ་ནག་ཉེས་ངོས་ལེན་བྱས་ཡོད་པ་རེད་ཅེས་བཅད་ཁྲ་བསྒྲགས་པའི་གནས་ཚུལ་རྣམས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པས་སྤེལ་འདུག གྷལ་ཝན་ལུང་གཤོང་གི་གདོང་ཐུག་སྐབས་སུ་རྒྱ་གར་བའི་དམག་གི་བཀོད་འདོམས་པ་ཞིག་ཚུད་པའི་མི་༢༠་པར་སྲོག་སྐྱོན་དང་མི་༧༠་ལྷག་ལ་རྨས་སྐྱོན་ཕོག ཨ་རི་དང་རྒྱ་གར་གྱི་གསང་བའི་ལས་ཁུངས་ཀྱིས་སྤེལ་བའི་གནས་ཚུལ་དང་། བོད་ཀྱི་སྟོད་མངའ་རིས་ཕྱོགས་སུ་རྒྱ་དམག་གི་དུར་ས་ཞིག་ཏུ་དུར་ཁུང་གསར་དུ་བརྐོས་ཡོད་པ་བཅས་ལ་གཞིགས་ཚེ། གྷལ་ཝན་ལུང་གཤོང་གི་གདོང་ཐུག་སྐབས་སུ་རྒྱ་དམག་༤༣་ལ་སྲོག་སྐྱོན་བྱུང་ཡོད་པའི་རྟགས་མཚན་འདུག་ཅེས་གནས་ཚུལ་ཐོན།།

ཧིན་བོད་ས་མཚམས་སུ/
ཧིན་བོད་ས་མཚམས་སུ/

ད་ལོའི་ཕྱི་ཟླ་༦་པའི་ཚེས་༡༥་ནི་ཧིན་བོད་ས་མཚམས་ཀྱི་གྷལ་ཝན་ལུང་གཤོང་དུ་རྒྱ་དཀར་ནག་གི་དམག་དཔུང་ཁག་ཅིག་ལག་འཛིང་ཐུག་སྟེ་ལོ་གཅིག་འཁོར་བའི་དུས་དྲན་ཡིན་ཞིང་། ཕྱི་ཟླ་༦་པའི་ཚེས་༡་ཉིན་དབྱིན་ཇིའི་བྷི་བྷི་སི་གསར་འགྱུར་ལས་ཁང་གི་གསར་འགོད་པ་ཞིག་ས་མཚམས་སུ་བསྐྱོད་ནས་ལ་དྭགས་པ་ཁག་ཅིག་ལ་བཅར་འདྲི་ཞུས་ནས་གནས་ཚུལ་སྤེལ་བ་ལྟར་ན། ད་ལྟ་ལོ་གཅིག་གི་རྗེས་སུའང་ས་མཚམས་སུ་གནས་འཁོད་ལ་དྭགས་པ་ཚོ་འཇིགས་སྣང་གི་ངང་དུ་འཚོ་གནས་བྱེད་ཀྱི་ཡོད་པའི་གནས་ཚུལ་བཀོད། དཔེར་ན་ངག་དབང་རྡོ་རྗེ་ཞེས་པའི་དམག་ཞབས་ཟུར་པ་ཞིག་རྒྱ་དཀར་ནག་གི་དམག་དཔུང་ལག་འཛིང་བྱུང་བའི་དུས་དེར་རང་གི་ཚེ་སྲོག་ལ་ཉེན་ཁ་འབྱུང་སྲིད་པའི་འཇིགས་སྣང་ཆེན་པོ་བྱུང་སོང་། ང་ཚོས་ཟླ་བ་མང་པོར་ཧིན་བོད་ས་མཚམས་ཀྱི་ལ་ནག་རྩེའི་རྒྱ་གར་གྱི་དམག་དཔུང་ལ་བཟའ་བཅའ་སོགས་སྐྱེལ་འདྲེན་བྱས་པ་ཡིན། རི་རྩེའི་རྒྱ་གར་གྱི་དམག་དཔུང་ལ་མདེའུ་སོགས་སྐྱེལ་འདྲེན་བྱས་པའི་དུས་དེར་ང་ཚོ་རྒྱ་དམག་དང་ཧ་ཅང་ཐག་ཉེ་པོ་བསླེབས་སོང་། ང་ཚོ་རྒྱ་དམག་གི་དམིགས་འབེན་དུ་གྱུར་ནས་གཏོར་རྒོལ་འཕོག་རྒྱུ་རེད་དྲན་བྱུང་ཞེས་བཤད། དུས་རྒྱུན་ལོ་ན་༦༢་ལ་སོན་པའི་དམག་ཞབས་ཟུར་པ་ངག་དབང་རྡོ་རྗེས་མེ་རག་གྲོང་གསེབ་ཏུ་ཉེར་མཁོའི་ཚོང་ཁང་ཞིག་ཕྱེ་ནས་འཚོ་བ་སྐྱེལ་བཞིན་ཡོད་ཀྱང་སྔ་ལོར་འཁྲུག་རྩོད་བྱུང་བའི་གཞུག་ཏུ་རྒྱ་གར་གཞུང་གིས་ངག་དབང་རྡོ་རྗེ་དང་ཉེ་འཁོར་གྱི་གྲོང་གསེབ་ཁག་གི་ལ་དྭགས་པ་བརྒྱ་ཕྲག་མང་པོ་གླས་ནས་རྒྱ་གར་གྱི་དམག་ལ་འཐབ་འཁྲུག་གི་མཁོ་ཆས་རྣམས་སྐྱེལ་འདྲེན་བྱེད་དུ་བཅུག་ཅིང་། ༡༩༦༢་ལོར་རྒྱ་དཀར་ནག་གཉིས་ཀྱིས་ཧིན་བོད་ས་མཚམས་སུ་དམག་འཁྲུག་བརྒྱབ་ནས་བཟུང་། ན་ནིང་བར་དུ་ཧིན་བོད་ས་མཚམས་སུ་དམག་འཁྲུག་གི་ཛ་དྲག་དེ་འདྲ་ཞིག་བྱུང་མེད་པ་རེད།།

ལ་དྭགས་ཀྱི་ཆུ་ཤུལ་ས་ཁུལ་གྱི་སྡེ་དཔོན་དཀོན་མཆོག་བསྟན་འཛིན་ཞེས་པ་ཞིག་གིས་ཀྱང་རྒྱ་གར་བའི་དམག་གིས་ང་ཚོའི་ཕྱུགས་ཟོག་རྣམས་དགུན་སར་འབབ་ཏུ་འཇུག་གི་མི་འདུག དགུན་དུས་ང་ཚོའི་ཕྱུགས་ཟོག་རྣམས་ལ་ནག་རྩེ་དང་དགུ་རོང་དེའུ་འབུར་སྒང་དུ་འཚོ་སྐྱོང་བྱེད་ཀྱི་ཡོད། འབྲོག་པ་ཚོས་གུར་ཕུབ་ནས་ཕྱུགས་ཟོག་འཚོ་སྐྱོང་བྱེད་ན་ས་དེར་མི་བསྡད་པའི་ཤུལ་འབབ། ས་མཚམས་ཀྱི་གྲོས་མོལ་སྐབས་སུ་འབྲོག་པའི་མཚེར་ཤུལ་ནི་ས་རྟགས་གལ་ཆེན་ཞིག་ཡིན་པ་དང་འབྲོག་པ་ཚོ་དགུན་སར་འབབ་ཏུ་མ་བཅུག་ན་ཕུགས་སུ་ང་ཚོའི་ས་ཆ་ཤོར་ནས་གྱོང་འཕོག་གི་རེད་ཅེས་བཤད་མྱོང་། ལོ་འདིའི་ཕྱི་ཟླ་༤་པར་རྒྱ་གར་གྱི་དམག་གིས་ཕྱོགས་གཉིས་ཀྱི་དབང་སྒྱུར་ས་ཐིག་དེར་ངོས་འཛིན་བྱེད་སྟངས་མ་འདྲ་བ་ཡོད་པས་ཐག་ཆོད་པ་ཞིག་མིན། ས་མཚམས་སུ་འཁྲུག་རྩོད་འབྱུང་ཉེན་ཆེ་བའི་དུས་སུ་འབྲོག་པའི་ཕྱུགས་ཟོག་འཚོ་སྐྱོང་བྱེད་ཕྱོགས་ལའང་གཟབ་ནན་བྱ་དགོས་པའི་བཀོད་འདོམས་བྱས་སོང་ཞེས་བཤད། རྒྱ་གར་གྱི་མདའ་དཔོན་ཟུར་པ་ཤུག་ལཱ་སོགས་ཀྱིས་སྲིད་བློན་མོ་དྷིའི་གཞུང་གིས་ན་ནིང་དཔྱིད་ཀ་ནས་རྒྱ་གར་གྱི་མངའ་ཁོངས་སུ་རྒྱ་དམག་དཔུང་འཛུལ་བྱུང་མྱོང་མེད་ཟེར་གྱིན་འདུག རྒྱ་གར་གྱི་འགོ་ཁྲིད་ཚོས་རང་གི་ས་ཆ་ཕོན་ཆེན་ཞིག་རྒྱ་ནག་ལ་ཤོར་མེད་པའི་རྣམ་འགྱུར་ཡང་སྟོན་ཆོག་གི་རེད། ཡིན་ནའང་ས་གནས་ས་ཐོག་ཏུ་རྒྱ་གར་གྱི་ས་ཆ་མང་པོ་ཞིག་རྒྱ་ནག་ལ་ཤོར་ཟིན་འདུག རྒྱ་གར་གཞུང་གིས་དེ་སྦས་གསང་བྱེད་ཀྱི་ཡོད་པ་དང་གཞུང་གི་འགོ་ཁྲིད་ཚོས་རང་གི་ས་ཆ་ཤོར་མེད་པའི་རྣམ་འགྱུར་བསྟན་ནས་ང་ཚོའི་ས་ཆ་ཤོར་ཟིན་པ་རྣམས་ཕྱིར་ལེན་ཇི་ལྟར་བྱེད་ཐུབ་ཅེས་དྲིས། རྒྱ་གར་གཞུང་གིས་རྒྱ་ནག་ལ་དམག་གི་སྟོབས་ཤུགས་ཆེ་བ་དང་རྒྱ་ནག་ཚོང་གྲགས་རྒྱལ་ཁབ་གལ་ཆེན་ཞིག་ཡིན་པ། རྒྱ་ནག་ལ་དངོས་ཟོག་ཕྱིར་ཚོང་དང་རྒྱ་ནག་གིས་མ་རྩ་བཙུགས་ནས་ཚོང་ལས་མ་གཉེར་ན་རྒྱ་གར་གྱི་བཟོ་ཚོང་ལས་ཁང་མང་དག་ཅིག་མ་རྩ་རྡིབ་ཀྱི་ཡོད་པ། ལྷག་པར་དུ་རྒྱ་གར་ལ་ཏོག་དབྱིབས་ནད་རླབས་གཉིས་པ་འཕྱུར་ཡོད་པ་བཅས་ཀྱིས་རྒྱ་ནག་ལ་ཁ་གཏད་ནན་པོ་ཞིག་གཅོག་དཀའ།།

མེ་རག་གྲོང་གསེབ་དེར་ལ་དྭགས་པ་༣༥༠་ཡས་མས་ཤིག་ཡོད་པ་དང་གྲོང་གསེབ་དེའི་མི་མང་ཕལ་མོ་ཆེ་འབྲོག་པ་ཡིན་ཞིང་། དེང་སྐབས་ཕྱི་ཚུལ་དུ་ས་གནས་དེར་ཞི་བདེ་བརྟན་ལྷིང་དང་འབྲོག་པའི་སྲོལ་རྒྱུན་གྱི་འཚོ་བར་འགྱུར་ལྡོག་མེད་པ་ལྟར་དུ་སྣང་། འོན་ཀྱང་ཞིབ་ཏུ་བལྟས་ན་རྒྱ་གར་གྱིས་གསར་དུ་འཛུགས་སྐྲུན་བྱས་པའི་རྒྱ་ལམ་ཐོག་ཏུ་དམག་གི་རླངས་འཁོར་དང་དམག་དཔུང་སྐྱེལ་འདྲེན། རྒྱ་གར་གྱི་དམག་ལ་མཁོ་ཆས་རྒྱུན་ཆད་མེད་པར་སྐྱེལ་འདྲེན། ལ་དྭགས་ཀྱི་མཐའ་མཚམས་ཁག་ལ་རྒྱ་གར་གྱི་དམག་གིས་སྲུང་སྐྱོབ་དམ་དུ་གཏོང་གི་ཡོད་པ་མངོན་གསལ་དོད་པོ་རེད་ཅེས་བྷི་བྷི་སི་གསར་འགྱུར་ལས་ཁང་གི་གསར་འགོད་པས་གནས་ཚུལ་སྤེལ། ལ་དྭགས་པ་དམག་ཞབས་ཟུར་པ་ངག་དབང་རྡོ་རྗེས་གསར་འགོད་པར་དགུན་གྱི་དུས་སུ་ང་ཚོའི་མི་མང་རྣམས་དང་ཆུ་ཤུལ་ས་ཁུལ་གྱི་འབྲོག་པ་ཚོས་རང་གི་ཟོག་ལུག་རྣམས་ཕར་ཕྱོགས་སུ་འཚོ་སྐྱོང་བྱེད་དུ་འདེད་སྲོལ་ཡོད། འདས་པའི་ལོ་མང་རིང་རྒྱ་དམག་གིས་རིམ་བཞིན་རྒྱ་གར་གྱི་ས་ཁོངས་ཧམ་འཕྲོག་བྱས་ནས་ང་ཚོའི་རྩྭ་ས་ནི་ཇེ་ཆུང་དང་ཇེ་ཉུང་རེད་ཅེས་བཀྲལ། རྒྱ་གར་གྱི་མདའ་དཔོན་ཟུར་པ་དང་དམག་དོན་ཉམས་ཞིབ་མཁས་པ་ཨ་ཇཱེ་ཤུག་ལཱ་ཞེས་པ་ཞིག་གིས་སྔ་ལོའི་འཁྲུག་རྩོད་དེས་རྒྱ་དཀར་ནག་གི་འབྲེལ་བ་ཧ་ཅང་སྡུག་ཏུ་བཏང་སོང་། རྒྱ་ནག་གིས་༡༩༥༩་ལོར་རྩོད་པ་བརྒྱབ་པའི་ཕྱོགས་གཉིས་ཀྱི་ས་མཚམས་ཀྱི་ས་ཐིག་ཅིག་བསྐྱར་དུ་གྲོས་གཞིར་འདོན་གྱི་འདུག རྒྱ་གར་གྱིས་དེ་ལ་མོས་མཐུན་བྱས་ན་ས་ཆ་མང་དག་ཅིག་འཆོར་རྒྱུ་ཡིན་པ་ཉག་ཅིག་རེད་ཅེས་ཉེན་བརྡ་བཏང་ཞིང་། ཨ་ཇཱེ་ཤུག་ལཱ་དང་རྒྱ་གར་གྱི་དམག་དོན་མཁས་པ་འགའ་ཞིག་གིས་ལ་དྭགས་ཀྱི་ཤར་ཕྱོགས་སུ་རྒྱ་དམག་རྣམས་དཔུང་འཛུལ་བྱེད་དུ་བཅུག་ན་རྒྱ་གར་གྱི་ས་ཆ་སྤྱི་ལེ་གྲུ་བཞི་མ་བརྒྱ་ཕྲག་མང་པོ་རྒྱ་ནག་ལ་འཆོར་རྒྱུ་རེད་ཅེས་བསྟན།།

རྒྱ་གར་གྱི་གསར་འགྱུར་ལས་ཁང་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། སྔ་ལོ་རྒྱ་དམག་རྣམས་རྒྱ་གར་གྱི་མངའ་ཁོངས་སུ་སྤྱི་ལེ་མང་པོ་དཔུང་འཛུལ་བྱས་ནས་ས་དོང་བྲུས་ཏེ་དམག་གུར་ཕུབ། རྒྱ་དམག་གི་ས་འདྲུ་འཕྲུལ་ཆས་ཀྱིས་རྐང་ལམ་སོགས་འཛུགས་སྐྲུན་བྱས་པས་རྒྱ་གར་གཞུང་གིས་འཕྲལ་དུ་དམག་དཔུང་ཁྲི་ཚོ་མང་པོ་བཏང་སྟེ་ལ་དྭགས་ཀྱི་ས་མཚམས་ཁག་ལ་སྲུང་སྐྱོབ་བྱས་ཤིང་། ཕྱི་ཟླ་༦་པའི་ཚེས་༡༥་དགོང་མོར་རྒྱ་དཀར་ནག་གི་དམག་དཔུང་ཁག་ཅིག་ལག་འཛིང་ཐུག་ནས་མི་གསོད་ཁྲག་སྦྱོར་བྱུང་བ་རེད་ཅེས་བསྒྲགས། འདས་པའི་ལོ་གཅིག་ཡས་མས་ཤིག་ལ་རྒྱ་དཀར་ནག་གི་དམག་དོན་མི་སྣ་ཚོས་གྲོས་མོལ་ཐེངས་༡༡་བྱས་ནས་སྤང་གོང་མཚོ་འགྲམ་དང་དེའི་གཡས་གཡོན་གྱི་རི་རྩེ་ཁག་ནས་ཕྱོགས་གཉིས་ཀྱི་དམག་དཔུང་ཕྱིར་འཐེན་བྱ་རྒྱུའི་གྲོས་མཐུན་བྱུང་། ཡིན་ནའང་རྒྱ་ནག་གི་དམག་རྣམས་ཆུ་ཚན་དང་གོག་ར། དེ་བཟང་ཐང་སོགས་ནས་ཕྱིར་འཐེན་བྱ་རྒྱུའི་རྟགས་མཚན་བྲལ། རྒྱ་ནག་གི་མདའ་དཔོན་ཟུར་པ་ཀྲུག་པའོ་ཞེས་པ་ཞིག་གིས་བྷི་བྷི་སི་གསར་འགྱུར་ལས་ཁང་ལ་ང་ཚོས་བལྟས་ན་རྒྱ་གར་གཞུང་གིས་ལ་དྭགས་ཀྱི་གྷལ་ཝན་ལུང་གཤོང་དུ་རྨང་གཞིའི་མཐུན་རྐྱེན་འཛུགས་སྐྲུན་བྱེད་ཀྱིན་འདུག གྷལ་ཝན་ལུང་གཤོང་ནི་རྒྱ་ནག་གི་མངའ་ཁོངས་སུ་གཏོགས། ང་ཚོས་རྒྱ་དཀར་ནག་གི་ས་མཚམས་དེ་སྲོལ་རྒྱུན་གྱི་ས་མཚམས་དེར་ངོས་འཛིན་བྱ་དགོས་ཞེས་ལངས་ཕྱོགས་བརྟན་པོ་འཛིན་གྱི་ཡོད། རྒྱ་གར་གྱིས་༡༩༦༢་ལོའི་སྔོན་དེར་ཕྱོགས་གཉིས་ཀྱི་དབང་སྒྱུར་ས་མཚམས་སུ་གྱུར་པའི་ས་ཐིག་དེ་རྒྱ་དཀར་ནག་གི་ས་མཚམས་ལ་ངོས་འཛིན་བྱེད་དགོས་པའི་ཨུ་ཚུགས་རྒྱག་གི་འདུག དབང་སྒྱུར་ས་ཐིག་དེ་གང་ལ་ངོས་འཛིན་བྱེད་དགོས་མིན་དེར་ལྟ་ཚུལ་མི་མཐུན་པ་ཆེན་པོ་འདུག་ཅེས་བཤད་དོ།།

XS
SM
MD
LG